ཡུལ་ཤུལ་ས་ཁུལ་ནི་གནའ་ནས་བཟུང་ཀྲུང་ཡོན་ནས་བོད་དུ་བསྐྱོད་པའི་བགྲོད་ལམ་ཞིག་ཡིན་ཞིང་། ཐང་བྷོད་གནའ་ལམ་འདིས་ཤར་ནུབ་གཉིས་ཀྱི་ས་ཁོངས་ཡོངས་སུ་མཐུད་ཅིང་སྦྲེལ་ཡོད།
ཡུལ་ཤུལ་ནི་མཚོ་སྔོན་ཞིང་ཆེན་དང་སི་ཁྲོན་ཞིང་ཆེན། བོད་ལྗོངས་བཅས་ཀྱི་འགྲིམ་འགྲུལ་ས་ཚིགས་སུ་གནས་ཤིང་། ཁྱད་ཆོས་ལྡན་པའི་རང་བྱུང་ཁོར་ཡུག་ཅིག་གིས་ཡུལ་ཤུལ་ཞིང་ཆེན་གཉིས་དང་ལྗོངས་གཅིག་བར་གྱི་གལ་ཆེའི་ཚོང་གཉེར་ས་ཚིགས་ཤིག་དང་ཚོང་ཟོག་སྐྱེལ་འདྲེན་གྱི་ས་ཆ་ཞིག་ཏུ་གྱུར་ཡོད།
ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ད་ལྟ་ཡུལ་ཤུལ་གྲོང་ཁྱེར་དང་ཁྲི་འདུ་རྫོང་། ནང་ཆེན་རྫོང་དང་རྫ་སྟོད་རྫོང་། འབྲི་སྟོད་རྫོང་དང་ཆུ་དམར་ལེབ་རྫོང་བཅས་གྲོང་ཁྱེར་གཅིག་དང་རྫོང་ཁག་ལྔ། གྲོང་རྡལ་བཅུ། ཡུལ་ཚོ་སོ་ལྔ། སྡེ་དམངས་ཨུ་ཡོན་ལྷན་ཁང་ཉིས་བརྒྱ་ང་བདུན་བཅས་ཡོད།
རྒྱུན་པར་མི་རྣམས་ཀྱིས་ཡུལ་ཤུལ་ནི་ཀྲུང་ཧྭ་ཆུའི་བང་མཛོད། བྲེ་སེར་འབྲོང་གི་ཕ་ས། གླུ་གར་རྩེད་མོའི་ཞིང་ཁམས། གནས་རི་ངོ་མཚར་གྱི་བཞུགས་གནས་ཞེས་ཐུན་མིན་གྱི་ཁྱད་ཆོས་དུ་མས་མངོན་པར་བསྟོད། དོན་ངོ་མར་ཚུལ་བཞིན་བརྗོད་ན་ཡུལ་ཤུལ་ས་ཁུལ་ལ་ལོ་རྒྱུས་གྱི་རང་བཞིན་ལྡན་པའི་རིག་དངོས་རྗེས་ཤུལ་དཔལ་གྱིས་ཕྱུག་པ་འདི་དག་ལ་རང་ཕྱོགས་ནས་སུས་ཀྱང་སོར་རྩེ་རུ་མ་ཐོན་པ་ནི་ལོ་རྒྱུས་ཀྱི་རིན་ཐང་དང་གནའ་ཤུལ་གྱི་རིན་ཐང་ལྟ་བ་དབུལ་བས་ལན། འདིར་གོང་གི་བཤད་རྒྱུན་ལ་ཁ་བསྣོན་གྱི་ཚུལ་དུ་གནའ་ཤུལ་རིག་དངོས་ཀྱི་འབྱུང་ཁུངས་ཞེས་བཤད་སྤོབས་ཏེ། ཡུལ་ཤུལ་ས་ཁུལ་ལ་དུས་རབས་མི་འདྲ་བའི་ནང་བྱུང་བའི་མིང་དུ་གྲགས་པའི་གནའ་བོའི་བྲག་བརྐོས་རི་མོ་སྒྱུ་རྩལ་དང་ལྡེབས་རིས། གེ་སར་རིག་གནས་དང་ཆོས་ལུགས་རིག་གནས། དམངས་ཁྲོད་རིག་གནས་དང་གླུ་གར་སྒྱུ་རྩལ་སོགས་སྣ་མང་ཕུན་སུམ་ཚོགས་པ་ཡོད། དེ་དག་སོ་སོ་ནི་ད་ལྟའི་ཡུལ་ཤུལ་གྲོང་ཁྱེར་དང་ཁྲི་འདུ་རྫོང་། ནང་ཆེན་རྫོང་དང་རྫ་སྟོད་རྫོང་། འབྲི་སྟོད་རྫོང་དང་ཆུ་དམར་ལེབ་རྫོང་སོགས་སུ་ཡོངས་ཁྱབ་ཏུ་གནས་ཡོད་པས། དུས་དེབ་ཀྱི་ཤོག་གྲངས་དང་ཡིག་ཚོགས་མང་ཉུང་སོགས་ཀྱི་སྒོས་དབང་གིས་ཧ་ཅང་བསྡུས་པའི་སྒོ་ནས་ཀློག་པ་པོ་རྣམ་པར་ངོ་སྤྲོད་རགས་ཙམ་བྱས་ཡོད། ཆད་ལྷག་ཤོར་ཡོད་ས་དང་ཆ་ཡ་མི་འགྲིག་ས་ཡོད་ན་དགོངས་དག་ཞུ། །