ད་ལོའི་དབྱར་རྩྭ་དགུན་འབུ་བརྐོས་ཚར་ཞིང་མང་ཆེ་བས་བཙོང་ཡང་ཟིན། ཞིང་ལས་ཀྱང་གང་འཚམ་ཚར་ཞིང་ཕ་ཡུལ་གྱི་སློབ་ཆུང་དག་གུང་གསེང་གཏོང་བ་དང་རྒྱ་ཡུལ་སོགས་ཚ་བ་ཆེ་སའི་སློབ་ཆེན་དག་ཀྱང་སྔ་ས་ནས་གུང་གསེང་བཏང་ཟིན་པ་དང་མཐོ་འབྲིང་སོགས་ཀྱི་སློབ་མ་དག་གཅིག་རྗེས་གཉིས་མཐུད་ཀྱིས་ཁྱིམ་དུ་འབྱོར་བཞིན་ཡོད།
ལོ་གཅིག་ལ་རེ་ཞིང་སྒུག་པའི་དབྱར་སྐྱིད་གཏོང་ཆེད་འདྲུད་འཁོར་དང་འཕྲུལ་རྟ་དག་གིས་རས་གུར་དང་ཅ་ལག་སོགས་དབོར་བ་དང་། སྤང་གཞུང་མར་ཁུ་འདྲ་བར་གུར་ཁྲ་ལམ་མེར་ཕུབ་ཅིང་དབྱར་སྐྱིད་ཉིན་བཅུ་ཁའི་རིང་ལ་གླུ་ལེན་བྲོ་འཁྲབ་དང་རྟ་རྒྱུགས་སོགས་རྩེད་མོ་སྣ་ཚོགས་བརྩེས་ནས་ཉིན་དྲུག་བདུན་སོང་མཚམས་སུ་བྱིས་པ་ཚོ་སྔ་བཞིན་རྩེད་མོར་གཡེང་བཞིན་ཡོད་ཀྱང་མི་རྒན་ཚོས་ནངས་སྔ་མོ་ནས་གུར་སྒོ་ནང་ནས་སྐེ་བསྲིངས་ཏེ་གྲོང་བའི་མི་རྣམས་ཚང་རྩིས་རྒྱག་བཞིན་ཡོད་པ་ནི་བཟང་ཡར་དགེ་ཆེ་བས་མ་ཡིན་པར་དེ་རིང་ཁྱིམ་སྲུང་སྡོད་པར་ཁ་གཡར་ཏེ་ལྐོག་ནས་ཤ་མོ་བསྡུ་སར་སུ་སོང་ཡོད་མེད་བརྟག་ཆེད་ཡིན་ཞིང་། ཉིན་སྔ་མ་དག་ལ་དགོང་མོར་མ་གཏོགས་ཉིན་མོར་ཁྱིམ་སྲུང་ཡང་སྡོད་མཁན་ཉུང་བས་སྨུག་ཆར་འཐིབས་དུས་ཁྱིམ་རྐུན་འདྲ་འཛུལ་མི་ཡོང་ངམ་བསམས་ནས་སེམས་ཁུར་བྱེད་དགོས་པའི་ཚད་དུ་སླེབས་ཡོད། ད་དུང་ཕོ་སར་ཚོས་འཕྲུལ་རྟའི་འཕོང་ལ་འགྱིག་དམ་བཀལ་ཏེ་ཆུ་ལེན་དུ་འགྲོ་མཁན་ཚོའི་ཕར་སོང་ཚད་དང་ཚུར་སླེབས་ཚད་ཀྱི་དུས་ཚོད་ལ་མཉམ་འཇོག་གི་ཡོད། དེ་ནི་ཆུ་ལེན་པར་ཁར་གཡར་ནས་ཁ་སྟོད་སྤང་ནགས་མཚམས་སུ་སྐྱེས་པའི་ཤ་མོ་ཤྭ་གྲོད་རྒོ་གྲོད་བསྡུ་སར་སོང་ཡོད་མེད་ལྟ་གཤེར་བྱེད་པ་རེད།
ཁྱིམ་སྲུང་ལ་ལོ་བཞིན་དར་མ་བསྡད་ཡོད་པ་དང་ཆུ་ལེན་མཁན་ཚོ་དུས་ཚོད་ལྟར་མ་སླེབས་ན་མི་རྒན་ཚོ་འཕོང་ལ་ཚེར་མ་ཟུག་པ་བཞིན་གུར་ནང་དུ་འཛུལ་ན་སེམས་མི་བདེ་ལ་རྩེད་མོར་བལྟས་ནའང་ཁམས་མི་དྭངས་པས་ཉིན་སྔ་མ་དག་དང་འདྲ་བར་ལྷོད་པོར་སྡོད་མི་ཚུགས། དབྱར་སྐྱིད་གྲོལ་བར་ད་དུང་ཉིན་གཅིག་ཡོད་པའི་ཉིན་གུང་དང་ཕྱི་དྲོ་ནས་ཁྱིམ་ཚང་འགྲོ་རྐྱང་སྡོད་རྐྱང་ཚོས་གུར་སྐམ་པོ་ཡིན་ཚེ་བསྡུ་ན་དགའ་ཚུལ་བཤད་ནས་སྡུད་ཀྱིན་ཡོད་པས་རྒན་བྱིས་མང་བ་དང་གྲ་སྒྲིག་མེད་མཁན་ཚོས་གུར་མི་བསྡུ་རུང་འཚུབ་ཆ་དང་ཁོང་ཁྲོ་མཉམ་དུ་ལངས་པ་དང་། དེའི་ཐད་བཟའ་མི་ཚོ་ཁ་རྩོད་ཀྱང་ཤོར་བཞིན་ཡོད། དབྱར་སྐྱིད་དུ་ཡར་ཡོང་དུས་དགའ་དགའ་སྤྲོ་སྤྲོ་དང་དལ་དལ་ལྷོད་ལྷོད་ཡིན་ཡང་མར་གྱེས་དུས་བྲེལ་བྲེལ་འཚུབ་འཚུབ་དང་སེམས་ལྷོང་ལྷོང་གིས་མར་འདེད་འགྲོ་མཁན་ནི། གནའ་སྔོན་མར་ཁྱིའི་ལྟོའང་མི་ལོ་རུང་ད་ནི་གོ་ཁའི་མིས་མི་རག་པའང་ཟ་མི་བྲ་བའི་ཤ་མོ་ཟེར་བ་དེ་རེད། དེ་བས་ཀྱང་སྙིང་ན་དགོས་པ་ནི་གྲོང་ཚོ་ལ་ལས་དབྱར་སྐྱིད་མི་གཏོང་བར་རང་ས་གཞན་ས་གཉིས་ལ་ཇག་པ་རྒྱུག་རྒྱུག་དང་རྐུན་མ་འཇབ་འཇབ་བྱས་ནས་ཤ་མོ་སྐྱེས་ཚད་བསྡུ་འགྲོ་བཞིན་ཡོད་པས་མི་དེ་ཚོས་དབྱར་སྐྱིད་ཀྱི་རྩེད་ར་མ་དགོས་གཉིད་སྐྱིད་ཀྱི་རྨི་ལམ་ཡང་དཀྲོགས་གི་ཡོད། གྲོང་བ་རང་ཉིད་ཀྱི་མི་ཚོས་ལས་མི་བྱེད་པའི་ཁར་ཤ་ཟ་མར་སྤགས་བྱས་ནས་ཉིན་རྒྱབ་ཉིན་མཐུད་དེ་སྡོད་དུས་གྲོང་བ་གཞན་གྱི་མིས་ལ་རྒྱུགས་ལུང་རྒྱུག་བྱས་ཏེ་ཤ་མོ་དང་བུད་ཚང་མ་ཁུར་ནས་མགོ་རྒན༼སྒོར་མོ༽སྤར་མོ་གང་བྱེད་དུས་སྙིང་ལོས་ན།
བྱད་དང་དམོད་མོས་འཁོར་ལོ་སྐོར་གྱིན་ཡོད་ཀྱང་ཕ་རོལ་པོར་གནོད་མིན་སུས་ཤེས། དབྱར་སྐྱིད་གྲོལ་ཉིན་པའམ་དེའི་ཕྱི་ཉིན་ནངས་མ་གསལ་གོང་ནས་བུད་མེད་ཚོ་སྨད་ནས་བེ་ཏོའི་གསེང་ལ་སྦྲུལ་འཛུལ་འཛུལ་གྱིས་བེ་ཤ་བསྡུ་རུ་རྒྱུག་གིན་ཡོད་ལ། སྐྱེས་པ་ཚོས་འཕྲུལ་རྟ་བཞོན་ནས་ལ་ཁའི་སྤང་ནགས་མཚམས་སུ་སྟག་མཆོང་མཆོང་བྱས་ནས་ཤྭ་གྲོད་རྒོ་གྲོད་བསྡུ་སར་བརྒྱུགས་པ་དང་། གཞན་སྐྱེས་པ་ཚོས་བུ་ཕྲུག་སྔུན་དུ་པང་རྒན་མོ་སོགས་འཕྲུལ་རྟའི་འཕོང་རྒྱབ་ཏུ་བཙུགས་ནས་ལ་ལུང་རི་ཐང་མེད་པར་སྤྱང་ལྟོགས་འདུར་འདུར་དང་གྲི་ཤི་རྒྱུག་རྒྱུག་བྱས་ནས་ཤ་མོ་བསྡུ་བའི་ལས་ལ་བྲེལ། དུས་རྒྱུན་འཆམ་ཞིང་མཐུན་པའི་རུ་སྐོར་ཁྱིམ་མཚེས་ཡིན་རུང་ཤ་མོ་སྡུད་དུས་འབོད་ཁོམ་སྒུག་ཁོམ་མེད་པའམ་ཡོད་རུང་འབོད་འདོད་སྒུག་འདོད་མེད་པར་འཕྲུལ་རྟ་མེད་ན་རྐང་ཐང་དུ་མི་རེ་ལམ་རེ་ནས་བརྒྱུགས་པ་དང་། ཡང་སྐྱེས་ཕོ་མོ་རྒན་གཞོན་དག་ཐོག་མའི་ཆར་མཉམ་དུ་འགྲོ་ནའང་ཤ་མོ་བསྡུ་སར་སླེབས་དུས་སུ་རང་རང་སར་བརྒྱུགས་པ་དང་། ས་རྒྱུས་ཡོད་མཁན་ཚོས་ས་རྒྱུས་མེད་མཁན་ཚོར་གཞའ་དང་གཡོལ་ཅི་ཐུབ་ཀྱིས་འབོད་ཀྱང་ཨ་ལན་སྟེར་མཁན་མེད། ཁྱད་པར་དུ་གཞན་གྱིས་མི་ཤེས་པའི་ཤ་ཚང་ཡོད་པ་དག་ནི་རྐུན་ཤ་སྐུང་སྐུང་བྱེད་པ་མ་ཟད། ཨ་ཕྱི་ཨ་མྱེས་མགོ་མཁྲེག་ཚོས་བུ་དང་བུ་མོ་ཚོ་བཟུང་མཁན་ཚོར་མ་གཏོགས་གནས་ལ་སོང་ཚར་བ་ཚོ་ལའང་སྟོན་རོགས་མི་བྱེད་མཁན་ཡོད། ཤ་ཚང་དང་འབུ་ཞིང་མི་གཞན་ལ་བསྟན་པ་ནི་དངུལ་ཁུག་ནང་དུ་ལག་པ་བརྒྱབ་བཅུག་པར་བརྩི་བཞིན་ཡོད་པས་ཤ་ཉེ་བུ་སྤུན་དང་མིང་སྲིང་ཚང་རོགས་ཡིན་རུང་གསང་ཐབས་སྐུང་བློ་ཅི་ཐུབ་བྱེད་ཀྱི་ཡོད། མཚམས་ལན་རེར་གྲོང་བའི་ཕོ་སར་རེ་གཉིས་ལག་དོར་བྱས་ཏེ་ཤ་མོ་མཉམ་བསྡུ་བྱེད་ཀྱི་ཡོད་ཀྱང་། ཤ་མོ་དེ་ཙམ་མི་ལོན་མཁན་དེ་ཚོ་མཐུད་རོགས་མི་བྱེད་པས་འགལ་བ་མེད་སར་འགལ་བ་བྱུང་གི་ཡོད་ཅིང་། ཡང་ཤ་བསྡུ་རྩེ་གྲ་རེ་འགས་ཀྱང་ལག་དོར་བྱེད་རོགས་མི་བྱེད་པས་རྒྱབ་བཤད་དང་ཁོང་ཁྲོ་བྱེད་མཁན་ཡང་ཡོད། བེ་ཤ་བསྡུ་སར་འཇམ་ཐིང་ཐིང་དང་ཁུ་སིམ་སིམ་གྱིས་འགྲོ་མཁན་ཚོས་དོམ་ཐུག་ནས་ལ་བྲོས་ལུང་བྲོས་བྱེད་དགོས་མཁན་ཡང་རེ་གཉིས་ཡོད། ཤ་བསྡུ་བ་ཚོས་ཕན་ཚུན་ཤ་མོ་ག་ཚོད་ལོན་ཡོད་མེད་དྲིས་རུང་ཡིད་ཆེས་ཆེན་པོ་བྱེད་རྒྱུ་མེད་དེ། མང་ཙམ་རག་ན་ཉུང་ཉུང་ལས་རག་མ་སོང་ཟེར་བ་དང་ཅུང་ཙམ་ལས་ལོན་མེད་ན་ཡག་ཐག་ཆོད་ལོན་སོང་མདོག་མདོག་བྱེད་ཀྱིན་ཡོད། ཤ་མོ་ག་ཚོད་རག་ཡོད་མེད་གཙོ་བོ་རྒྱབ་ཁུག་གི་ཁ་བོངས་དང་ལྗིད་ཚད་ལ་བརྟག་དགོས།
ཤིང་བེ་ཏོའི་གསེང་ན་སྐྱག་པ་བཏང་ཡོད་པ་རིག་ན་ལམ་སང་གཡོལ་ནས་འགྲོ་མི་རུང་། སྣ་ལག་པས་བཀབ་སྟེ་གཡས་གཡོན་ལྟག་འོག་ཚང་མར་ཞིབ་ཏུ་ཉུག་ན་ས་དེ་ནི་ཤ་ཚང་མིན་པའི་ངེས་པ་མེད། ས་རྒྱུས་མེད་མཁན་ཚོས་ཕོ་ཚོད་ཀྱིས་ལ་ཕྱགས་ལུང་ཕྱགས་བྱས་ནས་འགྲོ་གི་ཡོད་པས་ཤ་རྒྱུས་ཡོད་མཁན་ཚོའི་ཤ་ཚང་སློག་ཚར་འདུག་ཅེས་སྡུག་སྨེ་འདོན་མཁན་ཡང་ཡོད་ལ་ད་དུང་བུད་ཤིང་གཅོད་དུས་མི་ལ་ལའི་ཤ་ཚང་ལ་ཁེལ་ནས་སྨེ་ངག་འདོན་མི་ཡང་ཡོད། ལོ་ན་དྲུག་ཅུ་བདུན་ཅུར་སོན་པའི་བགྲེས་སོང་འགའ་རེས་ཤ་ཚང་མི་ལ་སྟོན་མི་བྲ་བར་ལག་ཏུ་འཁར་བ་བཟུང་ནས་ནགས་སུ་འཛུལ་མཁན་ཡང་མཚམས་དང་མཚམས་སུ་མཐོང་དུ་ཡོད། ནགས་སུ་སྤང་ཆུང་རྟ་སྟན་འདྲ་བ་དག་ཏུ་གད་སྙིགས་མང་བོ་ཡོད་པ་ནི་སིལ་ཁུ་དམ་བེ་དང་། བྱ་རྐང་། ཕག་སུགཕག་ལྤགས་སོགས་མངར་མོ་དང་ཁ་ཚའི་རིགས་ཀྱི་ཤུན་པ་འགྱིག་ཤོག་གིས་བཀང་ཡོད་པ་ནི། ང་ཚོའི་ཚ་འབོག་ལ་འདི་འདྲ་ཡོད་ཅེས་ངོམ་སོ་བྱེད་ཆེད་དུ་རྐང་བཙུགས་ནས་གཅལ་དུ་བཀྲམ་པ་ཡིན།
ཞོགས་པར་ཆུ་ཚོད་བཞི་བ་ལྔ་བ་ཙམ་ནས་ནགས་སུ་རྒྱུག་གིན་ཡོད་པས་བྱིས་པ་ཚོ་གཉིད་ལྕོག་བརྒྱག་ནས་ལམ་འོག་ཏུ་ལྷུང་གྲབས་བྱེད་པའང་ཡོད་པས་མི་ཆེན་ཚོས་གཤེ་གཤེ་གཏོང་བ་ནི་སྨོས་ཅི་དགོས། ཤ་མོ་མང་བོ་རག་མཁན་རེ་གཉིས་ལ་འདི་ཚོ་གསོན་འདྲེ་ཡིན་པས་ལུང་པ་གཅིག་ལ་སོང་ན་གཉིས་ལ་དང་ཤ་མོ་གཅིག་རྙེད་ན་གཉིས་རྙེད་གི་ཡོད་ཚུལ་བཤད་མཁན་ཡང་ཡོད།
ཉིན་གཉིས་རེའི་མཚམས་སུ་ཤ་མོ་འཚོང་དུ་འགྲོ་བཞིན་ཡོད་ལ་ནམ་རྒྱུན་གྱི་ཚོང་ཁང་ཆ་ཆུང་འཛུགས་མཁན་ཕལ་ཆེ་བ་ཤ་མོ་ཉོ་མཁན་ཡིན་ལ། དེ་མིན་ལོ་ཆུང་ཤ་མོ་དེ་འདྲ་མི་རག་མཁན་དང་། རྫོང་མཁར་དུ་གནས་སྤོས་ཟིན་པའི་ཕོ་སར་རེ་འགའ་དང་། གླ་འཁོར་ཁ་ལོ་བ་སོགས་འདྲ་མིན་བཅོ་བརྒྱད་ཡོད། དུས་རྒྱུན་སྒྱིད་པ་ཞུམ་ཞུམ་དང་མགོ་འཕང་དམའ་དམའ་བྱས་ནས་འགྲོ་བའི་མི་སེར་ཚོ་ཤ་མོ་བསྡུ་བའི་རིང་ལ་ཁྲོམ་སྲང་དུ་མགོ་བོ་མཐོ་མཐོ་དང་གདོང་པ་གཡས་གཅུས་གཡོན་གཅུས་བྱེད་ནས་འགྲོ་བཞིན་ཡོད་ལ་ལོ་གཅིག་གི་རིང་ལ་ཁོ་ཚོ་སྤོབས་པ་རྒྱས་ཤིང་སོ་ངོ་མཐོ་བའི་དུས་བཟང་དེའང་ཡིན། ཚོང་བ་སུས་འབོད་རུང་མ་གོ་ཁུལ་དང་སུ་རིག་ནའང་མ་མཐོང་ཚུལ་བྱས་ནས་འགྲོ། གྲྭ་པ་རེ་འགས་ལམ་འགག་ལུང་མདོ་རུ་བསྒུགས་ནས་ཤ་མོ་ང་ལ་མ་བཙོང་ན་རྗེས་མར་ཤི་ཆོས་གསོན་དགེ་ཅི་འདོན་དགོས་རུང་དྲིལ་སྐེ་ལ་མི་འཇུ་ཟེར་ནས་མནའ་སྐྱེལ་མིའང་ཡོད། ཤ་མོའི་དྲིན་གྱིས་མི་སེར་དཀྱུས་མ་རྣམས་ཁྲོམ་སྲང་དུ་ཞག་ལ་ལུས་རུང་ཡར་བཙུད་པ་དང་ལྟོགས་སྐོམ་གྱིས་མནར་ཡང་ཇ་ཚོན་ཕོར་བ་གང་མི་བླུད་པའི་ཚོང་བ་དག་གིས་དེ་རིང་ཐོག་མར་གཉིད་ལས་སད་པ་བཞིན། ཤ་འཚོང་བ་ཚོའི་མདུན་བཀག་སྟེ་མི་རབས་དགུའི་ལོ་རྒྱུས་བཤད་ནས་ཉེ་རིང་བརྩི་བཞིན་ཡོད་ལ་ཤི་བོ་དགུའི་མིང་ནས་བགྲང་སྟེ་ཤག་པོ་སྒྲིག་གི་ཡོད། དེང་སང་མི་སེར་ཚོ་ཡང་མགོ་སྐོར་སླ་བོ་ག་ལ་ཡོད། ནམ་ཕྱེད་རྒྱལ་བའི་དཀྱིལ་འཁོར་བར་སྒུག་དགོས་རུང་གོང་གར་མཐོར་བལྟས་ནས་བཙོང་པ་ལས་རང་དགར་ལག་ཚ་གཡུག་བྱེད་རོགས་ག་ལ་བྱེད། ད་དུང་ཤ་མོ་ཕག་བཀྱག༼ཕག་ཕྲུག་ཉོ་དུས་ཤ་རུས་པགས་པ་བཅས་རྒྱ་མར་བཅལ་དགོས་པ་དེ་དཔེར་བྱས་ཏེ་ཤ་མོ་འཚོང་དུས་ཀྱང་བཟང་ངན་དང་ཆེ་ཆུང་མི་བསལ་བར་ཁྱོན་ཉོ་བྱས་པ་ལ་ཕག་བཀྱག་ཟེར༽མ་བྱེད་ན་བཙོང་ཁ་མི་ཉན། ཤ་འཚོང་ཕོ་སར་རྣམས་སྐོར་དང་ཚོ་བྱེད་ནས་ཟ་ཁང་དུ་ཟ་མ་ཟ་བྲ་བཞིན་ཡོད་མེད་ཐད་ལའང་བཤད་པ་ལུང་བ་གང་ཡོད། ཁོ་ཚོ་འཛོམས་ན་དེ་རིང་གང་དུ་སོང་བ་དང་ཤ་མོ་ཅི་ཙམ་རག་མིན། སང་ཉིན་གང་དུ་འགྲོ་མིན་སོགས་འདྲི་རྒྱུ་དང་བཤད་རྒྱུ་མང་རུང་ཡིད་ཆེས་འཕེར་བའི་བདེན་གཏམ་མི་ཤོད་པའམ་བཤད་རུང་ཆ་འཇོག་དེ་ཙམ་མི་བྱེད། ད་ལོར་ཁྱིམ་ཚང་སོ་སོས་སྒོར་ཅི་ཙམ་རག་མིན་ནི་བཤད་དཀའ་མོ་ཡིན་ཏེ། ཁྱོད་ཚང་གིས་ད་ལོ་ཐུ་མོ་རག་མེད་ཟེར་ན་ཡོད་མདོག་མདོག་དང་རག་ཡོད་ཟེར་ན་མེད་ཁ་ཁ་བྱེད་ངེས་པས་ནམ་རྒྱུན་ཤ་མོ་བཙོང་དུས་ག་ཚོད་རག་གིན་ཡོད་མིན་ལ་གཞིགས་ནས་ཚོད་དཔག་བྱ་རྒྱུ་ལས་ཐབས་མེད་དོ།།
ཤ་མོ་བསྡུ་བ།
རྩོམ་པ་པོ། སྐུ་རྒོད་བློ་བཟང་མཐུ་སྟོབས། (དཀར་མཛེས།)སྤེལ་དུས། 2019年1月3日བཀླགས་གྲངས། 36319གངས་དཀར་རི་བོ།
རྩོམ་པ་པོ། སྐུ་རྒོད་བློ་བཟང་མཐུ་སྟོབས། (དཀར་མཛེས།)