མགོ་ཐོག་ནམ་མཁའ་བརྡིབས་ན། །
གྱད་ཆེན་ཤེད་ཀྱིས་འདེགས་མཁན། །
ས་ཡི་དཀྱིལ་འཁོར་འཁྲུགས་ཚེ། །
བརྗིད་པོ་སྐུ་ཡིས་གནོན་མཁན། །
ནང་གི་མདུན་ས་རལ་ན། །
དཀར་བོ་དར་གྱིས་འཆིང་མཁན། །
ཕྱི་ཡི་སོ་ཁ་ཞིག་ན། །
དམར་བོ་སྲོག་གིས་སྲུང་མཁན། །
ལུས་ཟུངས་ཉམས་བཟང་ཟད་ཀྱང་། །
དཔའ་བའི་གདེངས་ནི་ལྡན་པ། །
སྐུ་ཡི་གངས་རི་འཇིག་ཀྱང་། །
ཐུགས་ཀྱི་ཉི་ཟླ་གསལ་བ། །
དགྲ་ལ་ད་རྒོལ་ལབ་ན། །
སྟག་མོ་ནགས་ནས་མཆོངས་འདྲ། །
གཉེན་ལ་ཨེ་བྱམས་ཞེས་ན། །
དུང་གི་ཚ་རུ་འདྲ་བ། །
ཚེ་ཕྱེད་ཉི་མ་གཟུར་ཀྱང་། །
དགྲ་འདུལ་གཉེན་སྐྱོང་ནུས་པ། །
དོན་ཆེན་འགགས་ལ་ཐུག་ཀྱང་། །
རང་སྣང་རིག་པ་གསལ་བ། །
འཇིག་རྟེན་སྲིད་པའི་ཆགས་འཇིག །
ཟབ་མོ་བློ་ལ་ངེས་པ། །
དཀའ་སྡུག་ཚེར་མའི་ལམ་བུ། །
ཞབས་ཐང་བརྒལ་བའི་དྲེད་པོ། །
རང་ཚུགས་ལྕགས་ཀྱི་ཀ་བ། །
ཐབས་ཤེས་འོད་ཀྱིས་ལྷན་པ། །
ཕོ་རབ་ཚིག་གི་མདུད་པ། །
མནའ་ཡི་གཟེར་མས་བཏབ་པ། །
ཚེ་ནི་ཡང་མོ་ཡང་མོ། །
རླུང་གི་གཤོག་པས་བཏེགས་འདྲ། །
དྲིན་ནི་ལྗིད་པོ་ལྗིད་པོ། །
གངས་ཀྱི་ལྷུན་པོ་འདྲ་བ། །
ཚེ་ཡི་འཕེན་པ་ཟད་དེ། །
བར་དོར་འཁྱམ་དགོས་བྱུང་ཡང་། །
ཡིག་དྲུག་སྲུང་བ་བཙན་པས། །
མི་འཇིགས་གདེངས་ནི་ཐོབ་འདུག །
༢༠༡༩/༢/༢༣ལ།
— བསམ་པ་དཀར་ལ་རང་ཚུགས་བརྟན་པའི་བགྲེས་པོ་དག་ལ།
རྒད་པོ་རྒོད་པོ།
རྩོམ་པ་པོ། འབྲོག་བུ་དཀོམ་བཀྲ། (རྨ་ཆུ་རྫོང)