འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་གི་མཁར།
ཁྲི་འདུ་རྫོང་གི་འགྲམ་ལ་མདའ་བ་ཞེས་པའི་གྲོང་སྡེ་ཞིག་ཡོད་པ་དེ་ན། གླིང་གི་དཔའ་ཐུལ་འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་གི་ཆུ་རྫོང་དང་། དེའི་ཟུར་ལ་གུ་རུའི་གྲུབ་ཆུ་དང་། རིག་འཛིན་གྱི་ཚེ་ཆུ་སོགས་མཇལ་རྒྱུ་འདུག །འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་ནི་གླིང་གི་དཔའ་ཡང་ཐུལ་དམ་པའི་མི་བདུན་ལས་ཁྲ་དར་མ་ཚ་ཞང་འདན་མ་བྱང་ཁྲ། གླག་དར་མ་སྒ་སྡེ་ཆོས་སྐྱོང་བེར་ནག །སྤྱང་དར་མ་སེང་སྟག་ཨ་དོམ་ཞེས་ཞེ་ཐུལ་ཁྲ་གླག་སྤྱང་གསུམ་གྲགས་པའི་ནང་གསེས་གཅིག་ཡིན། འབྲུ་ཞེས་པ་ནི་བོད་ཀྱི་རུས་རྒྱུད་ཅིག་གི་སྤྱི་མིང་དང་སྒ་སྡེ་ཞེས་པ་ནི་དེའི་ནང་གསེས་ཀྱི་རུས་མིང་ཞིག་ཡིན་ལ། ཆོས་སྐྱོང་ཞེས་པ་ནི་ལྷ་ཆོས་སྐྱོང་མགོན་པོའི་རྣམ་སྤྲུལ་ཡིན་པས་དེ་སྐད་ཐོགས་པ་དང་། བེར་ནག་ཅེས་པ་ནི་ཁོང་གི་དབུ་ལ་ཞྭ་ནག་པོ་དང་ལུས་ལ་རས་ནག་གི་བེར་ལྭ་གྱོན་པས་ཡིན་པ་རེད་ཟེར། ཁོང་ནི་གླིང་གི་དཔའ་ཐུལ་ནང་ལས་རྩལ་ཆེན་པོ་དང་ཤེད་ཆེན་པོ། ཐབས་མཁས་པ་ཞིག་ཡིན་པ་དང་། མེ་སྒྱོགས་འཕེན་པར་ཤིན་ཏུ་འཇོན་པས། ཧོར་གླིང་དང་སོག་གླིང་། འཇང་གླིང་། ཁྲ་གླིང་། མོན་གླིང་སོགས་གཡུལ་འགྱེད་དུ་མའི་ཁྲོད་དུ་དགྲ་སྡེ་གང་མང་འཇོམས་པའི་ལོ་རྒྱུས་གླིང་སྒྲུང་ནང་མང་པོ་བཀོད་ཡོད་དོ། ༼ཧོར་གླིང་གཡུལ་འགྱེད༽ནང་གསལ་བ་ལྟར་ན། ཁོང་གི་ཆིབས་རྟ་ལ་རྟ་ཕོ་རླུང་ནག་གདོང་གཅོད་ཟེར།
ཆུ་རྫོང་ཡོད་སའི་ཐོག་གི་རི་མགོར་འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་གི་མཆོང་མཁར་སྨུག་པོའི་ཤུལ་ཡོད་རེད་ཟེར་བས་དེ་མཇལ་དུ་སོང་། རི་གདོང་དེ་ནི་ཆུ་དྲུག་གདོང་དྲུག་འཛོམས་སའི་དཀྱིལ་དུ་ཆགས་ཡོད་པས། དེ་ནས་བལྟས་ན་ཁྲི་འདུ་རྫོང་གི་ཕྱོགས་བཞི་མཚམས་བརྒྱད་ཧ་ལམ་མཐོང་ཐུབ། མཁར་ཤུལ་ཐོག་ལ་ལྷ་ཁང་ཞིག་བཞེངས་ཡོད་པས། ཕྱོགས་བཞིར་མཁར་གྱི་རྩིག་རྨིང་གི་ཤུལ་ཙམ་ལས་ལྷག་མི་འདུག །ལོ་རྒྱུས་ཀྱི་རྗེས་ཤུལ་ནི་ཁ་ཆག་སྣ་ཧྲལ་དུ་གྱུར་ཡང་། དེ་ག་ནང་བཞིན་སྲུང་སྐྱོང་བྱས་ན་ད་གཟོད་རྗེས་དྲན་བྱ་རྒྱུའི་གནའ་ཉམས་དང་། ཞིབ་འཇུག་བྱེད་པའི་རིན་ཐང་ཡོད་པ་ལས། དེ་ལ་མི་སྒེར་གྱི་འདོད་པ་ལྟར་བཟོ་བཅོས་བྱེད་པའམ། འཛུགས་སྐྲུན་གཞན་གྱིས་གཏོར་བཤིག་བཏང་བ་ནི་ལོ་རྒྱུས་རིག་གནས་ལ་ཉེས་སྐྱོན་ཕབ་པ་ཡིན་པས། རིག་གནས་ཀྱི་ལས་ཀ་ལ་དབང་ཡོད་པ་དང་རྒྱུ་ཆེན་ཅན། རིག་གནས་པ་གསུམ་ཀ་སྒྱེད་པུ་ཐབ་ཀ་ལྟར་དུ་ལྷན་དུ་འཛོམས་ན། ད་གཟོད་རྗེས་ཤུལ་མང་པོ་ལུགས་དང་མཐུན་པར་རྒྱུན་སྐྱོང་བྱེད་ཐུབ་པ་ཞིག་རེད་འདོད་དོ། །
འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་གི་མཁར་ཤུལ།
尕德却江外乃遗址
དཔའ་ཐུལ་ཚོའི་རྨོག
达那寺存放的格萨大将盔甲

གླིང་སྒྲུང་ནི་ལྷ་སྒྲུང་ལ་བརྩིས་ཏེ་མཚར་སྣང་ཆེ་བ་ཙམ་ལས། དོ་སྣང་མི་བྱེད་པའི་བོད་མི་རྣམས་ལ་མཚོན་ན། གླིང་གི་དཔའ་ཐུལ་རྣམས་ཀྱི་འཁྲུངས་ས་འདས་ས་དང་། གདུང་རྟེན་སོགས་ལ་ཆ་རྒྱུས་མེད་པར་མ་ཟད། དེ་དག་ཡོད་མེད་ལ་དོགས་པའང་ཟ་བཞིན་ཡོད་པ་རེད། ཡུལ་ཤུལ་ཁུལ་གྱི་ནང་ཆེན་རྫོང་གི་མངའ་ཁོངས་སུ་གླིང་གི་དཔའ་ཐུལ་རྣམས་ཀྱི་གདུང་རྟེན་ཡོད་ཚུལ་སྔོན་ནས་གོ་མྱོང་བས། ཐེངས་འདིར་ཡུལ་ཤུལ་དུ་ཡོང་བའི་དམིགས་ཡུལ་གཙོ་བོའང་དེ་ཡིན། སྒ་སྐྱེ་དགུ་མདོ་ནས་ནང་ཆེན་བར་ལམ་ཐག་རིང་ཡང་གནམ་རྒན་མས་ངོ་མདོག་ཡག་པོ་བསྟན་པ་དང་། གཞུང་ལམ་གཡས་གཡོན་གྱི་རི་དང་ཆུ། མེ་ཏོག་དང་སྦྲ་ནག །རི་དྭགས་དང་ནོར་ལུག་བཅས་ནི། མིག་ནང་དྲངས་ཤིང་སེམས་ནང་བཞག་སྟེ་འགྲོ་ཆོག་པས། དཀའ་སྣང་ཅི་ཡང་མ་ཤར་བར་རྟ་ནག་དགོན་པ་ཡོད་སའི་ཕྱོགས་ལ་སླེབས།

ནང་ཆེན་རྫོང་གི་ལྕི་ཆུ་ཡུལ་ཚོའི་ནུབ་ཕྱོགས་དང་། ཀ་གཞུང་ཡུལ་ཚོའི་ཤར་ཕྱོགས། ལྕི་ཡིན་སྲིབ་ཡུལ་ཚོ་གསུམ་གྱི་འདྲེས་མཚམས་སུ། རྟ་ཡི་རྣ་ཅོག་གི་དབྱིབས་དང་ཧ་ཅང་འདྲ་བའི་བྲག་རི་ཞིག་ཡོད་པ་དེ་ལ་རྟ་རྣ་རི་ཞེས་འབོད་ལ། དེའི་སྐེད་ལ་དགོན་པ་ཞིག་ཆགས་ཡོད་པ་དེར་རྟ་རྣ་དགོན་པ་ཞེས་མིང་ཐོགས། དགོན་པ་དེའི་ཕྱོགས་ལ་གླིང་གི་དཔའ་ཐུལ་སུམ་ཅུའི་སྐུ་གདུང་མཆོད་རྟེན་དང་། གླིང་གི་དངོས་རྫས་མང་པོ་ཡོད་པས་གླིང་གེ་སར་རྒྱལ་པོའི་དགོན་པའང་ཟེར་ལ། རྒྱ་གར་གྱི་རྟ་རྣ་དགོན་པ་དང་དབྱེ་བ་འབྱེད་ཆེད་དུ་བྱང་རྟ་རྣ་དགོན་པའང་ཟེར་རོ། །
གླིང་གི་ཕུ་ནུའི་སྐུ་གདུང་མཆོད་རྟེན།
岭·格萨尔大将灵塔
དེ་ཡང་རྟ་རྣ་དགོན་པ་ནི་ཐོག་མར་བོན་པོའི་དགོན་པ་ཞིག་ཡིན་ལ། སྤྱི་ལོ་1188ལོར་ཕག་མོ་གྲུ་པའི་ཐུགས་སྲས་ཡེལ་པ་གྲུབ་ཐོབ་སངས་རྒྱས་ཡེ་ཤེས་བརྩེགས་པ་དགོན་པ་དེར་བྱོན་ཏེ། ཡེལ་པ་བཀའ་བརྒྱུད་ཀྱི་གྲུབ་མཐར་བསྒྱུར་བར་གྲགས། བཤད་སྲོལ་དུ་ཁོང་གིས་གླིང་གེ་སར་རྒྱལ་པོ་དང་དཔའ་ཐུལ་སུམ་ཅུ་རྣམས་ཀྱི་མཛད་འཕྲིན་རྗེས་སུ་དྲན་པའི་ཆེད་དུ་བསྐྱར་བཞེངས་བྱས་པ་རེད་ཟེར།
གླིང་གི་དཔའ་ཐུལ་ཚོའི་གདུང་རྟེན།
格萨尔三十大将英雄灵塔
ཨ་ཁུ་ཁྲོ་ཐུང་གི་གྲི །
晁同军刀
གདུང་རྟེན་ཡོད་སའི་རྫ་རིའི་ཞབས་ལ་སླེབས་དུས། རི་དྭགས་དགོ་བ་བརྒྱད་དགུ་ཙམ་གྱིས་རྩྭ་ཟ་བཞིན་ཡོད་པ་དང་འཕྲད། མི་འོང་བཞིན་ཡོད་པ་གོ་ཡང་འཇིགས་སྐྲག་དེ་ཙམ་མེད་པར་ག་ལེར་རི་གདོང་གི་རྒྱབ་ལ་བུད་སོང་། ནོར་བུ་གདོང་ཅན་དང་འདྲ་བའི་རྫ་རི་དེ་ལ་ཁ་གཏད་ནས་འགྲོ་དུས། གཡའ་རྡོའི་བར་ལས་སྐྱེས་པའི་གངས་ལྷ་མེ་ཏོག་མང་པོ་འདུག །རྡོ་ཕ་བོང་ཞིག་གི་ཐོག་ལ་མ་ཎི་འབྲུ་དྲུག་བརྐོས་པ་ཞིག་ཀྱང་མཇལ་བྱུང་། རྡོ་བྱེ་ནང་ལ་ཡར་གོམ་པ་གང་སྤོས་རྗེས་མར་ཕྱེད་ཀ་བཞུར་ཡང་། འབད་པ་ཆེན་པོས་འཛེགས་རྗེས་སྐུ་གདུང་མཆོད་རྟེན་ཡོད་སའི་རྫ་ཕུག་གི་འགྲམ་ལ་སླེབས་སོང་ལ་རྫ་ཕུག་དེའི་ཕྱི་ལ་ལྕགས་དྲས་བསྐོར་བས་ནང་ལ་མ་ཐར་ཡང་། དྲ་མིག་ནས་བལྟས་ན་མཆོད་རྟེན་དགུ་ཙམ་གསལ་པོར་མཐོང་བྱུང་།
སྐུ་གདུང་མཆོད་རྟེན་དེ་དག་ནི་རྡོ་དང་འདམ་བག་ལས་བརྩིགས་ཡོད་པ་ཞིག་རེད། ཞིབ་འཇུག་པ་ཚོས་ཚན་རིག་ལ་བརྟེན་ནས་ཞིབ་འཇུག་བྱས་པ་ལྟར་ན། མཆོད་རྟེན་དེ་དག་དང་འབྲེལ་ཡོད་ཀྱི་རྟེན་རྫས་རྣམས་ནི་སྤྱི་ལོ1115ལོ་ཡས་མས་སུ་བཞེངས་ལ། བོད་སིལ་བུའི་དུས་ཀྱི་བཟོ་བཀོད་ཀྱི་ཁྱད་ཆོས་ལྡན་པར་བཤད།
ནོར་བུ་འདྲ་བའི་རྫ་རིའི་ཞབས་ལ་ཡོད་པའི་སྐུ་གདུང་མཆོད་རྟེན་དེ་དག་མཇལ་ཚར་རྗེས། རི་གདོང་ཞིག་དེད་ནས་ཐད་ཀར་ཐུར་དུ་བབས་ཏེ་རི་སྐེད་ཙམ་ལ་སླེབས་དུས། གློ་བུར་དུ་དཔའ་ཐུལ་སུམ་ཆུའི་སྐུ་གདུང་མཆོད་རྟེན་དེ་ཙམ་གྱིས་མི་ཚད་པར། ད་དུང་གཞན་ཞིག་ནའང་ཡོད་ངེས་རེད་དྲན་མོད། ཡར་གྱེན་ལ་ཆུ་ཚོད་གཉིས་ཙམ་འགྲོ་དགོས་པའི་ལམ་ཐག་དེའི་ཕྱེད་ཀ་ཙམ་ལ་མར་བབས་ཟིན་པས། སླར་ཡང་ཡར་འཛེགས་ཏེ་མཇལ་དུ་འགྲོ་ཁོམ་མ་བྱུང་། རྗེས་སུ་གོ་བ་ལྟར་ན་མཇལ་ཟིན་པ་དེ་རྣམས་མ་ཚད་པར། གཞན་པ་ཞིག་ནའང་ད་དུང་སྐུ་གདུང་མཆོད་རྟེན་ཡོད་པ་ཤེས་པས་ཅུང་འགྱོད་པ་སྐྱེས་ཀྱང་། དེ་ནི་གླིང་སྒྲུང་ནང་གི་དཔའ་ཐུལ་རྣམས་ཀྱི་འཁྲུངས་ས་དང་མཛད་འཕྲིན་རྣམས་ལ་ད་དུང་ཆ་རྒྱུས་མེད་པས་མཇལ་སྐལ་གྱི་རྒྱུ་དང་རྐྱེན་མ་ཚང་བ་ཡིན་རྒྱུ་རེད་བསམས་ཏེ། མུ་མཐུད་ནས་རང་ཡུལ་བསྐོར་ཏེ་ལོ་རྒྱུས་རིག་གནས་ཀྱི་རྗེས་ཤུལ་འཚོལ་རྒྱུར་དམ་བཅའ་བཞག་ཡོད། མུན་རུབ་སོང་། ལུས་དཀའ་སོང་། རེད་དེ། གེ་སར་འཁྲུངས་ཡུལ་ནས་ལ་ལུང་བརྒལ་ཏེ་ས་ཐག་རིང་པོ་ན་དཔའ་ཐུལ་རྣམས་ཀྱི་སྐུ་གདུང་མཆོད་རྟེན་དང་། རིག་རྫས་རྣམས་དངོས་སུ་མཇལ་ཐུབ་པས། སེམས་པ་སྤྲོ་བས་བཀྱགས་ཏེ་མཚན་འགྲིམ་གྱིས་དགུང་མོ་ཆུ་ཚོད་གཉིས་ཙམ་ལ་སྒ་སྐྱེ་རྒུ་མདོ་རུ་སླེབས་སོང་། སྒ་སྐྱེ་རྒུ་མདོ་རུ་གེ་སར་རིག་གནས་བཤམས་སྟོན་ཁང་དང་། ཡུལ་ཤུལ་བོད་ཀྱི་རིག་གནས་དམངས་སྲོལ་བཤམས་སྟོན་ཁང་། གདོང་ཚང་གསུང་རབ་རྟེན་མཛོད་ཁང་བཅས་ཡུལ་ཤུལ་ས་ཁུལ་གྱི་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་བྱེད་ས་ཡག་མོ་འགའ་འདུག་པ་ལས། གདོང་ཚང་གི་གསུང་རབ་ཅེས་པ་གོ་མྱོང་ཡང་མཇལ་མ་མྱོང་བས་རྟེན་མཛོད་ཁང་གི་བདག་པོ་ཡིས་སྣེ་ཁྲིད་དེ་མཇལ་དུ་སོང་བ་ཡིན། རྟེན་མཛོད་ཁང་ནང་ངོ་སྤྲོད་ཡི་གེ་འདི་འདྲ་ཞིག་སྦྱར་ཡོད་དེ། གདོང་ཚང་རྒྱལ་བའི་གསུང་རབ་རིག་མཛོད་ནི་དམངས་ཁྲོད་དུ་གནས་པའི་ལག་བྲིས་ཤུལ་བཞག་བྱས་པའི་གླེགས་བམ་གྱི་རིག་གཏེར་ཞིག་ཡིན་ལ། གདོང་ཚང་ཁྱིམ་རྒྱུད་ཀྱིས་མི་རབས་དུ་མར་གསར་བཞེངས་དང་རྒྱུད་འཛིན་བྱས་ནས་གྲུབ་པའི་རྒྱལ་བའི་གསུང་རབ་རིག་མཛོད་ཅིག་ཀྱང་ཡིན། དེ་སྤྱི་ལོ་དུས་རབས་བཅུ་པ་ནས་ཆིང་རྒྱལ་རབས་ལོ་མགོའི་བར་ལ་གྲུབ་པས། གཙོ་ཆེར་གསུང་རབ་ཀྱི་སྐོར་པོད་དྲུག་བརྒྱ་ལྷག་ཙམ་ཡོད་ལ། གདོང་ཚང་རྒྱལ་བའི་གསུང་རབ་རིག་མཛོད་འདིའི་ནང་དོན་ལ། རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར། རྒྱུད་འབུམ། འབུམ་རྒྱས་འབྲིང་བསྡུས་གསུམ་ཆ་ཁ་ཤས་བཅས་ཀྱིས་གཙོ་ཆེར་གྲུབ་ཡོད་ལ། ཤོག་ནག་དང་མཐིང་ཤོག་དང་ཤིང་ཤུན། པགས་རིགས་སོགས་ཀྱི་ཐོག་ཏུ་གསེར་དངུལ་གཡུ། བྱུ་རུ་མཚལ་དང་སྣག་ཚ་བཅས་ཀྱིས་ལག་བྲིས་བྱས་ནས་བཞེངས་པའི་རྩ་ཆེན་གྱི་རིག་མཛོད་ཅིག་ཡིན། གདོང་ཚང་གི་རྒྱལ་བའི་གསུང་རབ་རིག་མཛོད་དེ་ད་ཡོད་ཀྱི་གསུང་རབ་པར་ཡིག་ལས་ལོ་བཞི་བརྒྱ་ལྷག་སྔ་བས། དེ་ལས་རྒྱལ་བའི་གསུང་རབ་བོད་དུ་སྔ་མོར་ནས་དར་བའི་རྣམ་པ་མངོན་འདུག །རང་རྒྱལ་ལས་དམངས་ཁྲོད་དུ་གནས་པའི་ཁྱིམ་རྒྱུད་ཀྱིས་བསྡུ་ཉར་དང་ལག་བྲིས་བྱས་པའི་རྒྱལ་བའི་གསུང་རབ་ཆེས་སྔ་མོ་ཞིག་ཡིན། ཡིག་འབྲུ་རེ་རེའི་གཟུགས་རིས་ལས་སྒྱུ་རྩལ་གྱི་ཉམས་འགྱུར་རྨད་དུ་བྱུང་བ་བཅས་ལས་སྐབས་དེ་དུས་ཀྱི་བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་གི་གནས་སྟངས་གསལ་པོར་མཐོང་ཐུབ། གདོང་ཚང་གི་རྒྱལ་བའི་གསུང་རབ་རིག་མཛོད་བཀའ་འགྱུར་གྱི་པོད་དེ་དག་ལོ་ངོ་ཆིག་སྟོང་བརྒྱུད་ཀྱང་བརླག་མ་ཤོར་བ་ནི་ཁྱིམ་རྒྱུད་ཅིག་གིས་མི་རིགས་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱས་པའི་སྤོབས་པ་མཚོན།
འོ་ན། སྨུག་པོ་གདོང་ཚང་ཞེས་པ་ནི་ཇི་འདྲ་རེད་ཅེ་ན། སྨུག་པོ་གདོང་ཚང་ལ་མིང་གཞན་གདོང་གསེར་འཕྲུ་ཚང་ཡང་ཟེར། སྨུག་པོ་གདོང་ཚང་ནི་བོད་ཀྱི་རུས་ཆེན་བཞིའི་ནང་ཚན་ལྡོང་ལས་ཆད་པ་ཡིན་ཞིང་། ཁྱིམ་ཚང་དེ་རི་གདོང་སྨུག་པོ་ལ་ཡི་གེ་ཨ་དཀར་པོ་རང་བྱོན་ཡོད་པ་ཞིག་གི་འདབས་སུ་གཞིས་བཟུང་ནས་བསྡད་པས་སྨུག་པོ་གདོང་ཚང་དུ་གྲགས། སྔོན་བོད་ཀྱི་ལོ་རྒྱུས་ནང་གི་སུམ་པ་རྒྱལ་ཕྲན་སྐབས་ནས་དར་རྒྱས་ཆེ་བའི་ཁྱིམ་ཚང་ཞིག་ཡིན་ལ། ཕྱིས་སུ་བོད་རྒྱལ་སྲོང་བཙན་གྱིས་སུམ་པ་དབང་དུ་བསྡུས། ཐང་གོང་མ་དང་གཉེན་གྱི་འབྲེལ་བ་བཙུགས། རྒྱ་བཟའ་ཀོང་ཇོ་ཐང་གི་རྒྱལ་ས་ཁྲང་ཨན་ནས་དབུས་ལ་ཕེབས་སྐབས། བཙན་པོའི་བཀའ་བཞིན་སྨུག་པོ་གདོང་ཚང་གིས་མི་རྟ་བརྒྱ་ཕྲག་ཁ་ཤས་བཏང་སྟེ་མཚོ་སྐྱ་རེངས་སྔོ་རེངས་ནས་བསུ་མ་ཞུས། རྒྱ་བཟའ་ཀོང་ཇོས་ཀྱང་སྨུག་པོ་གདོང་ཚང་ལ་ཆོས་འཁོར་རྒྱ་ནག་མ་ཆ་གཅིག་དང་། པདྨ་ར་གའི་མཆོད་རྟེན་ལ་ཞི་བདེ་ཞེས་པའི་རྒྱ་ཡིག་ཡོད་པ་བཅས་གནང་བ་ད་ལྟའང་སྨུག་པོ་གདོང་ཚང་གི་ནང་རྟེན་དུ་བཞུགས། དེ་མིན་སྐབས་དེ་དུས་སུ་སྐུ་མགོན་བླ་དཔོན་སོགས་ཕེབས་སྐབས་མདུན་ཅོག་སྟེང་འདིང་རྒྱུ་རེད་ཅེས་རྒྱ་བྱ་དང་མེ་ཏོག །རྒྱ་ནག་ལྕགས་རི་བཅས་ཀྱི་རི་མོ་ཡོད་པའི་གདན་དམར་པོ་ཞིག་ཀྱང་ཉར་ཚགས་བྱས་འདུག ་པ་དང་འཛམ་གླིང་ཡོངས་སུ་གྲགས་པའི་གླིང་གེ་སར་གྱི་སྐབས་གདོང་བེ་རུ་ཉི་མ་རྒྱལ་མཚན་གྱིས་གླིང་གི་ཕ་ཟོག་ནོར་བུ་ཆ་བདུན་ལས་ཕ་འབུམ་པོ་ཏི་བཅུ་གཉིས་ཀྱིས་གཙོས་པའི་སྨུག་པོ་གདོང་ཚང་གི་རིག་མཛོད་ཀྱི་རྨང་གཞི་བཙུགས། ཕྱིས་སུ་སྨུག་པོ་གདོང་ཚང་གི་མི་རབས་རྣམས་ཀྱིས་ཡོད་ཚད་ཆོས་དང་རིག་གཞུང་ལ་གཏོང་བའི་སྙིང་སྟོབས་དང་ཆོད་སེམས་ཆེན་པོས་ཁ་སྐོང་བྱས་ཏེ། ཤོག་ནག་དང་མཐིང་ཤོག་སོགས་ལ་གསེར་དངུལ་ལ་སོགས་པའི་རིན་པོ་ཆེས་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་གྱིས་གཙོས་པའི་གསུང་རབ་རྒྱ་ཆེན་པོ་བཞེངས། ས་སྐྱ་པ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་སྨུག་པོ་གདོང་ཚང་ནི་ནང་ཆེན་རྒྱལ་པོའི་མངའ་སྡེར་ཡིན་པས། ནང་ཆེན་རྒྱལ་པོས་གདོང་ཚང་ལ་གསེར་འཕྲུའི་ཐོབ་ཐང་གནང་བས་གདོང་གསེར་འཕྲུ་ཅན་ཚང་ཞེས་གྲགས་ཤིང་། ད་ལྟའང་ཡུལ་མི་རྣམས་ཀྱིས་དེ་ལྟར་འབོད།
ཡུལ་ཤུལ་ཁུལ་མི་དམངས་སྲིད་གཞུང་གིས་རོགས་སྐྱོར་འོག་སྤྱི་ལོ་1995ལོར་མི་རབས་ནས་མི་རབས་ལ་གཞིས་ཆགས་པའི་གདོང་རུ་སྒར་ནས་ཡུལ་ཤུལ་གྲོང་ཁྱེར་དུ་གནས་སྤོ་བྱས། 2008ལོར་རྒྱལ་ཁབ་ཀྱིས་མ་དངུལ་བཏང་སྟེ་གདོང་ཚང་རྒྱལ་བའི་གསུང་རབ་གཅེས་སྐྱོང་ཁང་བཞེངས་པའི་འགོ་བཙུགས་ཤིང་། 2010ལོར་ཡུལ་ཤུལ་ས་ཡོམ་གྱི་རྗེས་གསུང་རབ་གཅེས་སྐྱོང་ཁང་དེའི་ནང་དུ་སྤོས་ཤིང་སྲུང་སྐྱོང་བྱས། སྤྱི་ལོ་2015ལོར་ཁུལ་མི་དམངས་སྲིད་གཞུང་གིས་གདོང་ཚང་རྒྱལ་བའི་གསུང་རབ་རྟེན་མཛོད་ཁང་བཞེངས་རྒྱུའི་འཆར་གཞི་བཞག་པ་ལྟར་སྤྱི་ལོ་2017ལོར་ལེགས་པར་གྲུབ་བོ། །
ཁྱིམ་རྒྱུད་དེ་ནི་སྨུག་པོ་གདོང་གི་རྒྱུད་པ་ཡིན་ལ། གླིང་ཕུ་ནུ་སུམ་ཅུ་ལས་བེ་རུ་ཉི་མ་རྒྱལ་མཚན་ནས་ཆད་དེ་ད་ལྟའི་བར་མི་རབས་ཉེར་བཞི་ཙམ་སོང་བར་བཤད། གསུང་རབ་རྟེན་མཛོད་ཁང་ནང་གི་བཀའ་འགྱུར་དང་བསྟན་འགྱུར་ལག་བྲིས་མའི་ཁྱད་ཆོས་ནི་བམ་པོའི་གྲངས་ཀ་མང་བ་དང་། པོ་ཏིའི་ཁ་བྱང་དུ་མཚམས་མཚམས་སུ་ཡི་གེ་ཆེ་བའི་ཐོག་ལ་ཆུང་བ་འདོན་ཐུབ་པ་ཙམ་བྲིས་ཡོད་པ། གླེགས་ཐག་གི་ཐོག་ལའང་མ་ཎི་སོགས་སྔགས་བརྐོས་ཡོད་པ། གསེར་ཆུ་དང་དངུལ་ཆུ། སྣག་ཚ་ནག་པོ་དང་དམར་པོ་ཡིས་ཤོག་གུ་ནག་པོ་དང་དཀར་པོ་ཐོག་ལ་བྲིས་པའི་ཡིག་གཟུགས་མི་འདྲ་བ་བཅས་ཁྱད་ཆོས་འབུར་དུ་ཐོན་པ་མང་པོ་ཡོད་དོ། །
དེ་ནས་སྐྱེ་རྒུ་གྲོང་རྡལ་ན་སྤྱི་ལོ་1700ལོར་རྒྱ་ནག་པ་སྟོབས་ལྡན་སངས་རྒྱས་ཕན་ཡོན་ནམ་རྒྱ་ནག་བླ་མས་བཞེངས་པའི་རྒྱ་ནག་མ་ཎི་དང་། ལྷོ་ཕྱོགས་སུ་སྤྱི་ལེ་20ཙམ་ན་ཡོད་ཅིང་། ཐང་རྒྱལ་རབས་དུས་སུ་བཞེངས་པའི་རྣམ་པར་སྣང་མཛད་དམ་རྒྱལ་བ་བྱམས་པའི་ལྷ་ཁང་མཇལ་རྗེས་ཕྱིར་ལོག་སྟེ། འབྲི་གུང་སྐྱུ་ར་རིན་ཆེན་དཔལ་གྱི་སྐུ་འཁྲུངས་ས་དང་དཔལ་ཐང་མཆོད་རྟེན་དཀར་པོའི་དུར་ས་མཇལ་དུ་སོང་ཡང་། གླིང་སྒྲུང་དང་འབྲེལ་བ་ཆེན་པོ་མེད་པས་ཞིབ་འབྲི་མ་བྱས།
ཇོ་རུ་འཁྲུངས་ཡུལ་ནས་འགོ་ཚུགས་ཏེ། ལས་འབྲེལ་ཡོད་པའི་གླིང་གི་དཔའ་ཐུལ་རྣམས་ཀྱི་རྗེས་ཤུལ་དང་། སྐུ་གདུང་མཆོད་རྟེན་དང་བཅས་པ་དངོས་སུ་མཇལ་བ་ནི། སྐྱེས་བུ་དམ་པ་ཞིག་གི་འཁྲུངས་འདས་བར་ལ་འགྲོ་སྐྱོད་བྱས་པ་དང་འདྲ་ལ། འགྲོ་སྐྱོད་དེའི་རིང་ལ་འདས་ཟིན་པའི་ཐལ་རྡུལ་བསླངས་ཏེ། དེ་ལས་གསང་བ་ཞིག་ཨེ་རྙེད་དང་། ད་ལྟ་ཡི་མི་རབས་ཚོའི་འཛིན་སྐྱོང་བྱེད་ཐབས་ལས། ཡིད་ཆེས་ཤིག་ཨེ་སྐྱེས་བལྟས་པ་ན། ཐང་ལས་ནོར་བུ་ཞིག་རྙེད་པ་ལྟ་བུའི་དགའ་སྤྲོ་འདུག་ལ། རུམ་ནང་གི་བྲོ་བོར་སོང་བ་ནང་བཞིན་གྱི་སྡུག་བསྔལ་ཡང་སྐྱེས་བྱུང་། ཞིབ་ཀྱིས་བསམས་ན། དཔའ་བོ་འཁྲུངས་མྱངས་བའི་མི་རིགས་ཤིག་གི་མི་རབས་ལ། དཔའ་བོ་དེའི་སྙིང་སྟོབས་ལུས་དང་གྲིབ་མ་འགྲོགས་པ་ལྟར་ཡོད་སྲིད་མོད། ང་ཚོའི་རིག་གནས་ལོ་རྒྱུས་ནི་ཕྱི་ཡི་པགས་པས་བཏུམས་ཡོད་པའི་སྟར་ཀའི་འབྲས་བུ་དང་འདྲ་བ་ཞིག་རེད། གལ་སྲིད་ཕྱི་ཤུན་བཤུས་ནས་ནང་གི་རུས་སྙིང་དེ་བསྟན་མ་ཤེས་ན། གཞན་གྱིས་ཡིད་ཆེས་མི་བྱེད་ལ་རང་ལ་ཕན་མི་ཐོགས་པ་ཞིག་རེད་ཨང་སྙམ་མོ། །