བསོད་ཐར་སྔ་མོ་ནས་མལ་ལས་ལངས་ཏེ། ལྕགས་ཐབ་ནང་གི་ཐལ་བ་ཁྱེར་ནས་ཕ་གའི་གྲམ་པའི་ནང་དུ་འཕོ་རུ་ཕྱིན། ཁོས་གྲམ་པའི་ཁ་ནས་ཐལ་འཕོ་དུས་རླུང་གི་ལྡང་ཕྱོགས་ཀྱིས་སར་བཅོལ་བའི་ཐལ་བ་དེས་བསམ་གཟས་ནས་བསོད་ཐར་ལ་ཁ་རྩེད་བ་ལྟར་ཁོའི་སྣ་ཁུང་དང་མིག་ནང་དུ་བཙངས་བྱུང་། དེའི་མུར། བསོད་ཐར་གྱིས་ལག་གི་ལྕགས་གཞོང་སར་གཡུགས་ཏེ། ལག་ཟུང་ནི་སྒོ་འགྲམ་གྱི་རྩྭ་ཕྱག་དེ་དང་འདྲ་བར་སྐད་ཅིག་ཏུ་རང་སྟེང་གི་ཐལ་བ་སྤྲུགས་སྤྲུགས་བྱས། དེ་ལྟར། ཁོས་ཁྱིམ་མཚེས་ཚང་གི་ཨ་ཡེ་ཀླུ་མོས་ཤེས་པར་དོགས་ནས་ལམ་སེང་རང་སྟེང་གཙང་མར་བྱས། ཏག་ཏག་སྐབས་འདིར། ཁོ་རང་དོགས་སྣང་ཞིག་སྐྱེས་ཏེ། གྲམ་པའི་ཁ་ནས་མར་བལྟས་པའི་མུར། སྐྱུག་མེར་བའི་རུལ་དྲི་ཞིག་ཁོའི་སྣ་ཁུང་བརྒྱུད་ནས་དབང་རྩར་ཁྱབ། ཁོས་སྣ་ཁུང་བཏུམས་ཞོར་ཅི་ཞིག་མ་རྙེད་པ་ལྟར་གྲམ་པའི་ནང་དུ་བལྟས་འདུགསྐབས་འདིར། གྲམ་པའི་ནང་གི་ཤེལ་ཆགས་དང་ལྕགས་ཀྲུམ་གྱི་ལྡོག་འོད་ཅིག་ཁོའི་མིག་ཤེས་ཀྱི་གཟུང་བྱར་གྱུར། དེའི་མུར། ཁོས་ལྡོག་འོད་དེའི་འགྱེད་ཕྱོགས་སུ་རྒྱང་མིག་འཕངས་ཙ་ན། ཕ་གའི་ཉག་ཁ་ནས་གཞུ་ལས་ཤོར་བའི་མདའ་མོ་བཞིན་ཚུར་འོངས་པའི་རླངས་འཁོར་གྱི་གློག་འོད་ཅིག་ལ་གཟོད་ནས་ཡིད་འཇོག་བྱུང་། དེ་དུས། གྲམ་པ་ལས་ལྡང་བའི་རུས་ལ་ཟུག་པའི་རླུང་བུ་དེས་བསོད་ཐར་ཕྱིར་ལོག་པར་གསལ་འདེབས་ཞུ་པ་ལྟར་ཁོས་ཐང་གི་ལྕགས་གཞོང་བླང་ནས་ཕྱིར་ལོག
ཞོགས་པའི་ཉི་མ་ནི་བསོད་ཐར་ཚང་གི་ལྕགས་ཐབ་ནང་གི་དམར་བོང་བོང་གི་རྡོ་སོལ་དེ་དང་འདྲ་བར་ཤར་ཕྱོགས་ཀྱི་གནས་རི་ཨ་མྱེས་དར་མའི་རྩེ་ནས་མར་ཤུད་ཅིང་། ད་ནི་རི་གྲོང་འདིའི་ཡོད་ཚད་ལག་མཐིལ་གྱི་རི་མོར་ལྟར་གསལ་གྱི་ལེར་སྣང་།
ད་ནི། སྡེ་བའི་སྲང་བར་ཚང་མ་ཝང་སྒྲ་ཞིག་གིས་ཁེངས་ཤིང་། བསོད་ཐར་ཚང་གི་མཆོད་སྟེགས་སྟེང་གི་གློག་འཁོར་མ་ནི་ལས་གྲགས་པའི་གདུགས་དཀར་དེའང་རེ་མོག་ཏུ་གྱུར། དེ་དུས། བསོད་ཐར་གྱིས་གྱང་ཁ་ནས་སྐེ་སོ་བྱས་ཏེ། སྲང་ལམ་དུ་བལྟས་བལྟས་ཀྱང་། ཁོས་དེ་ནི་ཀ་ཇུ་ནས་སླེབས་པའི་ཁ་ཆེའི་ཚོང་པ་དེ་རིགས་ཨེ་ཡིན་བསམ་གྱིན། གློ་ཁུག་ནང་གི་སྒོར་མོ་དམར་ལྟིག་མ་དེ་དྲན་པར་བྱས། དེ་ལྟར། ཁོས་ད་དུང་གྱང་ཁ་ན་རིག་རིག་ཏུ་སྐེ་སོ་ནས་བྱས་ནས་བལྟས་འདུག
སྲང་བར་གྱི་ཝང་སྒྲ་དེས་སྡེ་བའི་ནང་གི་མི་ཚང་མ་གཞོགས་གཅིག་ཏུ་འདུ་བར་ཟ་ཕྲུག་སློང་བ་བཞིན་སྡོད་མི་ཚུགས་པར་གྱུར། དེ་བས་ཀྱང་། གྱང་ཁ་ན་རིག་རིག་ཏུ་སྐེ་སོ་བྱས་ནས་གསར་འགྱུར་ཅི་ཞིག་ལ་རེ་ཞིང་བསྒུགས་པའི་བསོད་ཐར་ཀྱང་གྱང་དེས་མ་ཁོགས་པར་སྲང་བར་དེར་འདུ་བར་བྱས།
དེ་ལྟར། ཚང་མས་སྲང་བར་གྱི་རླངས་འཁོར་ནག་ལྟིག་དེའི་སྒམ་བྱང་ནང་གི་སྒྲ་སྒམ་ལས་གྲགས་པའི་ཝང་སྒྲ་དེར་ཉན་གྱིན། ནངས་ཇ་འཐུང་རྒྱུ་དེའང་བརྗེད་ཡོད་པ་འདྲ་སྟེ། བསོད་ཐར་གྱིས་མི་ཚོགས་ཀྱི་གསེང་ནས་སྐེ་བསྲིངས་ཏེ་ཉན་འདུག་པར་བལྟས་ན། ཁོ་ནི་ཅི་འདྲའི་མི་ནན་ཏན་ཅིག་ཡིན་སྣང་སྐྱེས། དོན་དུ། ཁོ་ནི་མི་ནན་ཏན་ཅིག་ཡིན་མིན་སྡེ་བའི་རྒན་གཞོན་ཙང་མའི་སེམས་ངོ་ན་གསལ་པོ་ཡིན།
ཨ་ཡེ་ཀླུ་མོས་རུམ་དུ་ལག་སྙོབ་བྱས་ཏེ་འགྱིག་གི་འོ་ནུ་དེ་བཙལ་ཏེ་ལག་གི་ཁྱེའུ་དེའི་ཁར་གཏུག་ནས་ངུ་སྐད་མར་མནོན་ཐབས་བྱས། དེ་མུར། མི་ཚོགས་ཀྱི་གསེང་ནས་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ཨ་ཁུ་གཅོད་པ་བོས་ཏེ།
“ཝེ། སྒྲ་སྒམ་ལས་ཅི་ཞིག་སྒྲོག་གིན་འདུག”
ཨ་ཁུ་གཅོད་པས་ལག་གི་དུ་རྐང་དེ་སར་གཡུགས་ཏེ་འཇུར་རྟ་ནག་པོ་དེའི་མཐིལ་གྱིས་ཡང་བསྒྲེས་མཐར་དུ་རྐང་དེ་ས་དང་ངོ་བོ་ཡར་མེད་དུ་བྱས་ཏེ། ཨ་ཡེ་ཀླུ་མོའི་ཕྱོགས་སུ་འཁོར།
“ཕལ་ཆེར་ཡིག་ཆ་ཞིག་གི་ནང་དོན་སྒྲོག་ཀྱིན་འདུག”
མི་ཚོགས་ཀྱི་ཕྱི་ན་འཕྲུལ་རྟའི་ཕང་ན་གསེག་འདུག་བྱས་ཤིང་། སྐྲ་འཇིལ་ལིར་འཁྱིལ་ཞིང་ཕྲག་གོང་སླེབས་པ། རྣ་གཡུ་བཏག་ཅིང་མདུན་སོ་གསེར་སོས་རྒྱན་ཡོད་པ་ཅན་ཞིག་གིས་མི་ཚོགས་ཀྱི་ཕྱོགས་སུ་འཁོར་ཏེ།“ཨ་ཁུ་གཅོད་པ། ཁྱེད་རྣམ་རྒྱུན་གསར་འགྱུར་ལ་ཉན་རྒྱུ་དགའ་བོ་ཡོད་པས། ནམ་ཀུན་ཨ་རི་དང་ལྷོ་ཁོ་རེ་ཡ། པར་ཙིལ། ཉི་ཧོང་སོགས་རྒྱལ་ཁབ་ཀྱི་གནས་ཚུལ་དང་། འཛམ་གླིང་གི་གསར་འགྱུར་གལ་ཆེན་ལ་དང་དོད་བྱེད་རྒྱུ་དགའ་བོ་ཡོད་པས། ཁྱེད་ནི་སྡེ་བའི་ནང་གི་འཛམ་གླིང་གི་གསར་འགྱུར་ལ་དང་དོད་བྱེད་མཁན་གཅིག་པུ་ཡིན་ལ། ལན་རེར། ཁྱེད་ནི་འཛམ་གླིང་གི་རྒྱལ་པོ་ཨེ་ཡིན་ནམ་སྙམ།”
ཏག་ཏག་སྐབས་འདིར་ཚང་མ་ཧབ་ཆ་དི་རི་རི་བརྒྱབ་སྟེ། ལ་ལས་ཕ་བ་སྐྱོར་ཞོར་བགད་ཅིང་ནང་ཁྲོལ་དག་ཕྱི་ལ་དེད་ཨེ་ཡོང་སྙམ། དེ་མིན། ལ་ལའི་ཁ་ནང་གི་སོ་ཕྲེང་དེ་འཐོར་ཨེ་འགྲོ་སྙམ། དྲང་མོར་བཤད་ན། ལ་ལའི་ཧབ་བགོད་ཀྱི་རྣམ་པ་དེར་ཆ་འཇོག་ཅི་ཡང་མ་རྙེད།
ཨ་ཁུ་གཅོད་པས་གསར་བུ་དེར་ཁ་བརྩད་རྒྱུ་མེད་པ་ཤེས་ཏེ་མ་གོ་ཁུལ་གྱིས་མི་ཚོགས་ཀྱི་གསེང་ནས་ཅི་ཞིག་མ་གོ་བ་ལྟར་ཝང་སྒྲ་དེར་ཉན་འདུག
ཏག་ཏག་སྐབས་འདིར། སྡེ་དཔོན་འབུམ་སྐྱབས་ཚང་ནས་ཀོ་ཁུག་འཛིན་མཁན་གྱི་སྐྱེས་པ་གཅིག་སྒོར་བུར་བྱུང་།
སྡེ་དཔོན་འབུམ་སྐྱབས་ནི་མི་དེའི་གྲིབ་མ་བཞིན་རྗེས་དེད་ནས་ལག་གི་མགོ་དཀྲིས་དམར་པོའི་རྒྱ་བོད་གཤན་སྦྱར་མའི་ཡིག་ཆ་དེ་དག་གོ་རིམ་བཞིན་ཁོ་ཚང་གི་གྱང་ར་དཀར་པའི་སྟེང་དུ་སྦྱར།
དེ་ལྟར། ཀོ་ཁུག་འཛིན་གྱི་མི་དེས་རླངས་འཁོར་ནག་ལྟིག་དེ་བསྐོར་ནས་ཡུལ་སྡེ་དང་རིང་དུ་གྱེས་སོང་།
བདེན་ཏེ། སྡེ་དཔོན་འབུམ་སྐྱབས་ཀྱིས་མི་ཚོགས་ཀྱི་གསེང་ནས་ཡིག་ཆའི་དགོངས་དོན་དེ་སྟབས་བདེ་ངང་འཆད་མོད། ད་ལྟ་ཚང་མའི་སེམས་ངོ་ན་ཡོད་པ་ནི། སྤྱོད་ཁང་གསར་བཅོས་དང་གྱང་ངོར་ལྕི་བ་སྦྱར་མི་ཆོག་ཅིང་། ཁྱིམ་ན་གསོས་པའི་བ་གླང་དང་ཕག་སོགས་གང་འདོད་དུ་སྒོར་ཕུད་ན་ཆད་པ་གཅོད་པའི་ནང་དོན་འབའ་ཞིག་ཡིན།
རེད་དེ། ལ་ཤས་ཀྱིས་བཤད་པ་ལྟར་ན། རླངས་འཁོར་དེའི་སྒམ་བྱང་ལས་བསྒྲགས་པའི་གསར་འགྱུར་དང་སྡེ་དཔོན་འབུམ་སྐྱབས་ཚང་གི་གྱང་ར་དཀར་པོའི་སྟེང་གི་ཡིག་ཆ་དེ་དག་གི་ནང་དོན་གྱི་བྱེ་བྲག་ཅིག་ཡིན་ཟེར།
དེ་ནི་ལོ་དེའི་ལོ་སར་རྗེས་ཀྱི་གསར་འགྱུར་ཨང་དང་པོ་ཡིན་པས་ཟད། ཡུལ་ཚོའི་ཧྲུའུ་ཅི་གསར་བ་སྡེ་བ་འདིར་སླེབས་ཐེངས་དང་པོ་ཡིན་ཟེར། དེ་དུས། ཨ་ཡེ་ཀླུ་མོར་སྔོན་མའི་ཀོ་ཁུག་འཛིན་མཁན་གྱི་ཁ་ལོ་པ་དེས་ཡིད་ཀྱི་དྲིན་པ་གསོས་ཤིང་། ཧྲུའུ་ཅི་ཞེས་པ་ཐོག་དང་པོར་མཐོང་ལ། སྔ་མའི་ཧྲུའུ་ཅི་འདྲིའི་མང་པོ་ཞིག་གི་མིང་ཙམ་ཡང་གོ་ཐོས་བྱུང་མེད་པས། ལོ་འདིའི་གསར་འགྱུར་འདི་དང་བསྟུན་ནས་མོས་དངོས་སུ་ཧྲུའུ་ཅི་ཞེས་པ་ཐེངས་དང་པོར་མཐོང་བ་ཡིན་ཟེར།
དེ་ལྟར། སྲང་མདོའི་མི་ཚོགས་གསེང་དུ་གསར་འགྱུར་དེ་ནི་འགད་རྫས་བཞིན་འཕངས་པས། ཚང་མ་ཕྱོགས་སོ་སོར་གྱེས་སོང་།
བསོད་ཐར་གྱིས་གསར་འགྱུར་དེ་ཐོས་ཕྲལ། ཞིག་རལ་ཏུ་གྱུར་ཞིང་ཐོག་ཁེབས་མེད་པའི་སྤྱོད་ཁང་དེ་ཡིད་དྲན་པའི་མུར་། སྤྱོད་ཁང་གསར་བཅོས་ཀྱི་སྒོར་མོ་མེད་ཅིང་། གློ་ཁུག་ནང་གི་སྒོ་མོར་དམར་ལྟིག་མ་དེས་ཨར་འདམ་ཁུག་མ་གཅིག་ཀྱང་མི་ཁུག་པས། དེ་མུར། སྒོ་རའི་ནང་གི་བ་གླང་དེ་ཡིད་ལ་འཁོར་ཞིང་། དེས་ཁོའི་རེ་ཆད་དང་སེམས་ཚགས་བསྐུངས་ཅི་ཐབས་བྱས།
དུས་དེ་ནས་བཟུང་། བསོད་ཐར་ནི“གསར་འགྱུར”ཞེས་པའི་མིང་ཙམ་གོ་ན་སྙིང་རླུང་སྟོད་འཚངས་མཁན་ཅིག་ཏུ་གྱུར་སོང་།
སྤྱི་ལོ2021ལོའི་ཟླ1པོའི་ཚེས15ཉིན་ཁྲིན་ཏུའུ་ནས་གྲུབ།