ལྷག་སེམས་མེ་ཏོག་སྙིང་ལ་འཛུམ་པ་ཡི།།
ཕ་མའི་སྙིང་ནོར་ཡུལ་གྱི་རེ་བའི་རྒྱན།།
ལང་ཚོའི་དཔལ་རྫོགས་སྟག་ཤར་གཞོན་ནུ་ཟུང་།།
དེ་རིང་སྐར་མདའ་བཞིན་དུ་མཁའ་ནས་ཡལ།།
ཆ་མེད་མི་ཡི་ཚེ་སྲོག་སྐྱོབ་སླད་དུ།།
རང་སྲོག་དམར་པོར་འདང་ཙམ་མ་བརྒྱབ་པར།
རྨ་ཆུ་སྔོན་མོའི་གཡང་དུ་རབ་མཆོངས་ནས།།
ལང་ཚོའི་མེ་ཏོག་ཆུ་བོའི་གཞུང་ལ་བཏབ།།
ཨ་མའི་སྙིང་གི་ཉི་གཞོན་གཏན་དུ་ནུབ།།
ཨ་ཕའི་སེམས་ཀྱི་རེ་སྨོན་འཇའ་བཞིན་ཡལ།།
ཁྱིམ་གྱི་གདུང་འདེགས་ཀ་བ་ས་ལ་འགྱེལ།།
མྱ་ངན་འོ་དོད་དྲག་པོས་ཀུན་ཏུ་མནར།།
སྤུན་ཆུང་རྒོད་ཕྲུག་གཤོག་ཆད་ལྟ་བུར་གྱུར།།
སྲིང་ཆུང་སྙིང་གཏམ་སྨྲ་བའི་ཡུལ་དང་བྲལ།།
མི་རྟག་སྲིད་པའི་སྐྱོ་གར་མགོ་ལ་བབས།།
འདུ་བྲལ་སྙིང་བོ་མེད་པ་འཁོར་བའི་ཆོས།།
སྲིད་པ་གངས་རིའི་སྒལ་ཚིགས་མ་ལྷོད་ཅིང་།།
འབྲོང་གཡག་རྒོད་པོའི་སྙིང་དམར་མ་འགྱུར་བའི།།
དཔའ་གདེང་སྤོབས་པ་ཅན་གྱི་ཕོ་གཞོན་གཉིས།།
ཅོ་ནེའི་ང་རྒྱལ་ཆས་པའི་གཤིས་ཀྱི་རྒྱན།།
བདག་པས་གཞན་གཅེས་བྱང་སེམས་དགེ་བའི་ལས།།
བདེན་པའི་གཏན་ཚིགས་མ་བོ་དཔའ་པོའི་གཏམ།།
མི་རིགས་མཐུན་སྒྲིལ་གཡས་འཁྱིལ་དུང་གི་སྒྲས།།
ཡངས་པའི་ས་ཆེན་ནམ་མཁའ་འགེངས་པར་བྱེད།།
དཔའ་རྒན་རི་བོ་གཟི་ཉམས་མ་འགྱུར་བའི།།
ཡུལ་འདིར་ཁྱོད་གཉིས་རྣམ་དཀར་འོད་ཀྱིས་ཁྱབ།།
ཕྱོགས་བཅུའི་འགྲོན་བཟང་དྲི་མེད་འཚམ་འདྲིར་ཕེབས།།
གུས་ཤིང་བསྟོད་པའི་ཁ་བཏགས་ཕུལ་ཏེ་འགྲོ།།
ཉེ་འབྲེལ་ཡིད་གདུང་མཆི་མའི་ཐིགས་ཕྲེང་དང་།།
འབྲེལ་བའི་འཇིག་རྟེན་ཆོས་ཀྱི་གདུང་དབྱངས་ཁྲོད།།
ཁྱོད་གཉིས་རྣམ་ཤེས་ཞིང་འདིའི་དབྱིངས་སུ་གཤེགས།།
ཕྱི་མར་དགེ་བཅུའི་གནས་འདིར་སྐྱེས་པར་སྨོན།།
ཏང་སྲིད་ཉི་ཟླའི་གུར་ཁྱིམ་དྲོན་མོ་ནས།།
ཐུགས་རྗེའི་འོད་དཀར་རིས་མེད་མགོན་དུ་ཤར།།
དབུལ་ཐར་ཕྱུག་འགྱུར་རྒྱལ་ཁའི་མདུན་སྐྱོད་ཁྲོད།།
གྲལ་ནས་མི་ལྷུང་དམ་བཅའ་བརྟན་པོ་ཡོད།།
དམ་ཆོས་བདུད་རྩིའི་ཆར་གྱིས་བྲན་པ་ཡི།།
ཁྱོད་གཉིས་སྐྱེས་ཤིང་འཚར་བའི་སྤང་ཐང་ནས།།
རབ་མཛེས་མེ་ཏོག་རྐང་གཉིས་ལག་ཏུ་བཏུས།།
སྙན་ཚིག་མེ་ཏོག་ཕྲེང་བའི་གཏམ་བརྒྱུས་ནས།།
གངས་ཕྲུག་དཔའ་བོ་རྣམ་གཉིས་གུས་ཤིང་བསྟོད།།
གངས་རིའི་རྒོད་ཕྲུག་རྣམ་གཉིས་གུས་པས་བསྟོད།
རྩོམ་པ་པོ། དྲོས་དམར་ཚེ་རིང་རྡོ་རྗེ།(ཀླུ་ཆུ་རྫོང)