སྐྱ་རེངས་འཆར་ལ་ཉེ། ནམ་མཁའི་སྐར་འོད་དལ་གྱིས་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་འདུག་ཅིང་། ཕྱི་རོལ་གྱི་མུན་པ་ཡང་རིམ་གྱིས་ཇེ་གསལ་ནས་ཇེ་གསལ་དུ་གྱུར། ཉིན་དེའི་ཞོགས་པར་ང་རང་ཕ་ཡུལ་ནས་དིང་རི་རྫོང་གི་ཕྱོགས་སུ་ལས་ཀར་འགྲོ་དགོས་པས། ང་རང་སྔ་མོ་ནས་མལ་ལས་ལངས། ཨ་ཕས་ངའི་ཨ་ཞང་བསྟན་པ་ལ་ཁ་པར་བཏང་སྟེ་ཁོང་སྐུ་ངོ་མས་ང་རང་དིང་རི་བར་སྐྱེལ་མ་བྱ་རྒྱུའི་རེ་བ་བཏོན་པ་ལྟར་ཨ་ཞང་སྔ་མོ་ནས་ངའི་ཁྱིམ་དུ་སླེབས་བྱུང་། ཨ་ཕས་མདང་ནུབ་ང་རང་གཉིད་ཞོར་དུ་ང་རང་གི་མལ་ཐུལ་དང་། འབོལ་གདན། སྔས་མགོ འབོལ་ཁྲི། ལྟོ་སྣོད། རྩམ་པ། ཚ་དེམ་སོགས་སྔ་མོ་ནས་བསྡུ་གསོག་གནང་སྟེ་རང་ཡུལ་ནས་ཐོན་ལ་ཁད་ཀྱི་བུ་ཆུང་ང་རང་ཡུལ་ནས་མགྱོགས་ཙམ་ཐོན་ཐུབ་རྒྱུར་སྟ་གོན་ཨང་གསར་གནང་འདུག
ཞོགས་པའི་ཉི་གཞོན་ཐོག་མ་དབང་ཕྱོགས་རི་རྩེ་ནས་དལ་བ་དལ་བུར་མཁའ་ལ་འཕགས་བྱུང་། འཆར་ལ་ཁད་ཀྱི་ཞོགས་པའི་ཉི་གཞོན་ནི་ཧ་ཅང་མཚར་སྡུག་ལྡན་པ་ཞིག་རེད། ཨ་ཕ་དང་། གཅེན་མོ། གཅུང་པོ། ད་དུང་དགའ་ཉེ་སྤུན་མཆེད་འགས་ལག་ཏུ་བཀྲ་ཤིས་པའི་དཀར་གཙང་གི་མཇལ་དར་རེ་བསྣམས་ཤིང་། ཝུ་ཆང་བླུགས་པའི་ཆང་ཕོར་ངའི་ལག་ཏུ་སྤྲོད་ཞོར་ང་ལ་སྐྱེལ་མ་གྱ་ནོམ་པ་ཞིག་བྱས། ཁོ་ཚོའི་གདོང་ལ་སྐྱོ་འཛུམ་གྱི་རྣམ་པས་ཕྱུག་འདུག་སྟེ། གཅིག་ནས་བཤད་ན་ང་རང་ད་ནས་བཟུང་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཏུ་གྱུར་བས་ཁོ་ཚོའི་སེམས་ལ་སྤྲོ་བས་བརྟས་ཤིང་། གཉིས་ནས་བཤད་ན། ང་ཚོ་ཕུ་ནུ་མིང་སྲིང་ཚོ་རྒྱུན་གཏན་ལྟར་ཐབ་ཀའི་འཁྲིས་སུ་རུབ་རུབ་ཀྱིས་བསྡད་དེ་ཁ་བརྡ་བྱེད་པའི་གོ་སྐབས་མེད་པས། ཁོ་ཚོ་ང་དང་ཁ་བྲལ་འདོད་མེད་པས་ཡིན། ངས་དེ་ལྟར་རང་ཡུལ་གྱི་ཡུལ་ལྷ་རྟ་དཀར་མི་དཀར་དང་། དགོན་སྡེ་ཆེན་མོ་རུ་ལག་གཡུང་དྲུང་གླིང་། དེ་མིན་ཡུལ་ལྷ་གཞི་བདག་གི་ཕྱོགས་སུ་ཁ་གཏད་དེ་གསོལ་བ་སྨོན་ལམ་བཏབ་ཅིང་། དེ་རྗེས་ཁོ་ཚོའི་མིག་ཆུ་དང་ཝུ་ཆང་གི་སྐྱེལ་མའི་ཀློང་དུ་དཀར་གཙང་གི་མགུལ་དར་སྐེ་ལ་གྱོན་ནས་དིང་རིར་འགྲོ་བའི་ལམ་ལ་ཞུགས།
ང་དང་ཨ་ཞང་གཉིས་དེ་ལྟར་རླངས་འཁོར་བསྐོར་ཏེ་ཕ་ཡུལ་དང་རྒྱང་དུ་གྱེས་པ་ཡིན། ཨ་ཕས་རང་ཡུལ་གྱི་གཡུལ་ཁའི་ཐོག་ཀྲོང་ངེར་ལངས་ཏེ་ང་རང་ཐག་རིང་བོའི་བར་དུ་མིག་ཟུང་གིས་སྐྱེལ་མ་བྱེད་བཞིན་འདུག ངས་དུས་ད་ལྟའི་བར་དུའང་ཨ་ཕའི་སྣང་བརྙན་དེ་གཏན་ནས་བརྗེད་ཐབས་མེད་པར་ཡིད་ཀྱི་ལྷ་ལམ་ཡངས་པོར་གསལ་གྱིལ་ལེར་འཆར་གྱིན་འདུག “ཨ་ཕ། བདེ་མོ་བྱོས”ངས་དེ་ལྟར་ཨ་ཕའི་ཕྱོགས་སུ་མིག་ཟུང་ཅེར་ཏེ་ཁ་ནས་དེ་སྐད་སྨྲ་བར་ཐལ། ཞོགས་པའི་མཁའ་རླུང་ཧ་ཅང་གཙང་། ང་དང་ཨ་ཞང་གཉིས་པོས་རླངས་འཁོར་རེས་མོས་ཀྱིས་བསྐོར་ཏེ་ཡངས་ཤིང་མུ་མཐའ་བྲལ་བའི་སྤང་ཐང་དང་། མི་མེད་ལུང་སྟོང་གི་མྱ་ངམ་ཐང་། མུ་ལ་མུ་ཁྱུད་ཀྱི་གངས་རིའི་ཕྲེང་བ། གྱེན་དང་ཐུར་སོགས་ཀྱི་ལམ་ཐག་མང་བོ་གཅིག་རྗེས་གཉིས་ཐུད་ཀྱིས་ཕ་མཐར་བཅད་དེ་མུ་མཐུད་ནས་མདུན་དུ་སྐྱོད། ལམ་བར་དུ་ངེད་གཉིས་པོས་བག་ཕེབས་རྩྭ་ཆུར་རོལ་བའི་རྐྱང་དང་། གནའ། རྒོ་བ(དགོ་བ)སོགས་ཀྱི་རི་སྐྱེས་སྲོག་ཆགས་མང་དག་ཅིག་ལ་ལྟད་མོར་རོལ་ཅིང་། ཡངས་པའི་རྩྭ་ཐང་གི་ཐོག་ཞིམ་མངར་རོ་བཅུད་ཅན་གྱི་རྩྭ་ཆུ་ལོངས་སུ་སྤྱོད་བཞིན་པའི་ནོར་ལུག་གི་ཁྱུ་ཚོགས། མཐོ་ཞིང་བརྗིད་ལ་རྔམས་པའི་གངས་རི་སོགས་ལ་ལྟ་ཞོར་མདུན་དུ་སྐྱོད་མཐར། ཆུ་ཚོད་བཞི་ལྷག་ཙམ་གྱི་རྗེས་སུ་ངེད་གཉིས་པོ་གཞི་ནས་ཇོ་མོ་གླང་མའི་རི་གཤམ་དུ་ཆགས་པའི་ལ་སྟོད་དིང་རི་རྫོང་གི་ས་མཚམས་སུ་འབྱོར། ཨ་ཞང་གི་སྐད་ཆར་ཉན་ན། སྔོན་ཆད་ཨ་ཞང་ལོ་སུམ་ཅུ་ཙམ་གྱི་ཡར་སྔོན་དུ་དིང་རི་ཁུལ་དུ་ལན་ཅིག་ཕེབས་མྱོང་ཚུལ་བཤད་ཅིང་། སྐབས་དེ་དུས་དིང་རི་ཁུལ་དུ་ད་ལྟའི་ཚར་དུ་དངར་བའི་ཐོག་བརྩེགས་ཁང་ཆེན་དང་། བར་མཚམས་མེད་པར་ཡར་བཞུད་མར་བཞུད་བྱེད་མཁན་གྱི་རླངས་འཁོར། འཁྲུག་ཆ་དོད་པའི་ཁྲོམ་རའི་རྣམ་པ་སོགས་མཐོང་ཡུལ་གཏན་ནས་མེད་ཚུལ་བརྗོད་ཅིང་། ལམ་ཁའང་དེང་སང་ཇི་བཞིན་སྣུམ་གནག་གཞུང་ལམ་མ་ཡིན་པར་སྒང་གཞོང་མི་སྙོམས་པའི་སྐྱ་ཐང་ཐང་གི་ཤུལ་ལམ་ཡིན་ཚུལ་བརྗོད། ད་དུང་གནས་དེའི་མང་ཚོགས་ཚོའི་སྡོད་ཁང་ད་ལྟ་ཇི་བཞིན་ཨར་འདམ་ལས་བཟོས་པའི་ཁང་བ་དེ་འདྲ་མ་ཡིན་པར་ས་རྡོ་ལས་གྲུབ་པ་གང་ཞིག་ཕལ་ཆེ་བ་རྙིང་ཞིང་ཧ་ཅང་གོག་པ་དང་། རླངས་འཁོར་མཐོང་རྒྱུ་ལྟ་ཅི། ལས་ཁུངས་ལ་ལར་ལྕགས་རྟ་རེ་ཟུང་མཐོང་རྒྱུ་ཡོད་པས་མ་གཏོགས་ཚང་མ་ལམ་ཐག་རིང་ཐུང་ལ་མ་བལྟས་པར་རྐང་ཐང་དུ་འགྲོ་དགོས་ཚུལ་དང་། དཔལ་འབྱོར་ཆ་རྐྱེན་ཅུང་ལེགས་པའི་དུད་ཚང་ལ་ལར་ད་གཟོད་ཤིང་རྟ་འཁོར་ལོ་རེ་མཐོང་རྒྱུ་ཡོད་ཚུལ་ང་ལ་བཤད།
ཨ་ཞང་གི་ངག་སྒྲོས་ལྟར་ན། དིང་རི་ཁུལ་དུ་འཛམ་གླིང་ཁྱོན་ལ་སྐད་གྲགས་སྟོང་གསུམ་ཆོད་པའི་བརྗིད་ཆགས་རི་བོ་ཇོ་མོ་གླང་མ་ཡོད་པ་ཕུད། ད་དུང་བྱིན་རླབས་ཆེ་བའི་གནས་མཆོག་རྩེབས་རིའི་རི་རྒྱུད་དང་། ཀ་མ་ཀའོ་ཡི་གྲོག་རོང་། དགོན་སྡེར་ཆ་མཚོན་ན་གནས་མཆོག་རྫ་རོང་ཕུ་དགོན་དང་། བྲག་སྟོད་དགོན་པ། ཐོས་བསམ་གླིང་དུ་ཆགས་པའི་ཆོས་སྡེ་དགོན་པ། ཤེལ་དཀར་ཆོས་སྡེ། གླ་འཁོར་དགོན་སོགས་ཀྱི་དགོན་སྡེ་གྲགས་ཅན་མང་པོ་ཆགས་ཡོད་ཚུལ་བརྗོད། དེ་མ་ཟད་ད་དུང་གནས་དེར་ཞི་བྱེད་ཀྱི་ཆོས་ལུགས་བོད་དུ་ཐོག་མར་དར་བར་མཛད་པ་བོ་ཕ་དམ་པ་སངས་རྒྱས་མཆོག་དངོས་སུ་ཡུལ་དེར་ཞབས་ཀྱིས་བཅག་ཚུལ་དང་། ཁྱད་པར་ཁོང་གིས་ལ་སྟོད་དིང་རི་བར་གདམས་པའི་ཞལ་གདམས་དིང་རི་བརྒྱད་ཅུ་(དིང་རི་བརྒྱ་རྩ་མ)ཞེས་པ་གསུངས་ཡོད་ཚུལ་བརྗོད།
བདག་གི་ཨ་ཞང་ཚང་ནི་སྡེ་བ་ཁྱོན་ལ་སྐད་གྲགས་ཆོད་པའི་དུད་ཚང་ཞིག་ཡིན། ལྷག་པར་དུ་ཟླ་བ་འགའ་ཤས་ཀྱི་སྔོན་ལ་ཨ་ཞང་ཚང་དུ་ཇོ་ནང་བའི་གྲུབ་མཐའ་ལ་མཛད་རྗེས་བླ་ན་མེད་པ་འཇོག་གནང་མཁན་ཡུ་མོ་མི་སྐྱོད་རྡོ་རྗེར་འབོད་པའི་སྐྱེས་ཆེན་དམ་པའམ་མཁས་བཙུན་བཟང་གསུམ་གྱི་བརྟུལ་ཞུགས་འཛིན་པའི་མི་བུ་ཁྱད་པར་བ་ཞིག་གི་རྒྱུད་པ་རྩད་ཞིབ་གནང་མཁན་ངུར་སྨྲིག་ན་བཟའ་མཆོད་པའི་བླ་ཆེན་འགའ་ཨ་ཞང་ཚང་དུ་བྱོན་ནས། ཁོང་རྣམ་པས་གཅིག་ནས་གནས་དེའི་བགྲེས་སོང་ཚོའི་ལོ་རྒྱུས་ཀྱི་ངག་རྒྱུན་དང་། གཉིས་ནས་འབྲེལ་ཡོད་ལོ་རྒྱུས་དེབ་ཐེར་ཁག་ཏུ་འཁོད་པའི་གནས་ཚུལ་ལ་གཞི་བྱས་ཏེ། ངེད་ཨ་ཞང་ཚང་ནི་ཡུ་མོ་མི་སྐྱོད་རྡོ་རྗེར་འབོད་པའི་སྐྱེས་ཆེན་དམ་པ་ཁོང་གི་མི་རྒྱུད་འཁྲུལ་མེད་ཡིན་ཚུལ་བརྗོད་དེ། ངེད་ཨ་ཞང་ཚང་དུ་སྤྱན་རས་གཟིགས་དབང་དང་། སྟོན་པ་ཐམས་ཅད་མཁྱེན་པ་ཇོ་བོ་ཤཱཀྱ་ཐུབ་པ། གུ་རུ་རིན་པོ་ཆེ། ད་དུང་ཡུ་མོ་མི་སྐྱོད་རྡོ་རྗེ་སོགས་ཀྱི་གསེར་ཟངས་ཀྱི་སྐུ་བརྙན་མང་དག་ཅིག་བསྩལ་ཏེ། ཁྱེད་ཚོའི་མི་རྒྱུད་ནི་སྐྱེ་ཁུངས་མཐོན་པོ་ཡིན་ཚུལ་དང་། རབ་བྱུང་ན་ཨ་ཞང་ཉིད་སྔགས་པ་ཞིག་བྱ་རྒྱུའི་སྐུལ་མ་གནང་བ་དང་། མཐའ་མ་མ་བྱུང་ཡང་ཁོང་ཚང་གི་རྒྱུད་པ་གཅིག་རབ་བྱུང་བསྒྲུབ་པར་བསྐྱལ་ན་དགེ་བ་བསམ་གྱིས་མི་ཁྱབ་ཚུལ་གསུངས། ངེད་ཨ་ཞང་ལ་ཆ་མཚོན་ཡང་ཡུལ་དེ་གར་ཀུན་གྱིས་ཡི་རངས་གུས་བཀུར་ཐོབ་པའི་མི་ཞིག་ཡིན། ཨ་མ་བུད་ནས་ད་བར་དུ་ལོ་ངོ་བཅུ་བདུན་སོང་། ལོ་ངོ་དེ་དག་གི་རིང་ངེད་ཨ་ཞང་དང་། སྲུ་མོ་སྤེན་སྒྲོན་ནས་གཙོས་པའི་ཨ་མའི་ཕུ་ནུ་མིང་སྲིང་ཚོས་བདག་ལ་སྔ་ཕྱི་བར་གསུམ་དུ་རོགས་རམ་མི་ཉུང་བ་ཞིག་གནང་མྱོང་། ངས་དུས་ནམ་ཡང་ཁོང་རྣམ་པར་བཀའ་དྲིན་གྱི་བསམ་པ་བཅངས་ཡོད་ལ། བདག་ལ་རྔོ་ཐོགས་པའི་ཉེ་དུ་སྤུན་མཆེད་དེ་འདྲ་ཡོད་པར་སེམས་གཏིང་ནས་སྤོབས་སེམས་སྐྱེ་བཞིན་ཡོད།
ང་དང་ཨ་ཞང་བདག་གི་ལས་ཀ་ལས་སའི་ལས་ཁུངས་དེར་འབྱོར་དུས། ཉི་མ་ནུབ་རིར་བྱོན་ལ་ཉེ། ཉི་མ་བཞུད་ལ་ཁད་ཀྱི་ཆུ་ལྷའི་མཚམས་སྤྲིན་ནི་ངོ་མ་ཡི་གར་འོང་བ་ཞིག་རེད། ས་སྲོད་ཀྱི་མཚམས་སྤྲིན་དམར་བོས་སྡེ་བ་འདི་དང་སྡེ་འདབས་ཀྱི་ཞིང་ཐང་ཁྱོན་དུ་དམར་སེར་གྱི་འོད་སྣང་བྱུགས་པས། ཉི་མ་བཞུད་ལ་ཁད་ཀྱི་སྡེ་བ་དེའི་ས་སྲོད་ནི་ངོ་མ་མཚར་སྡུག་ལྡན་པ་ཞིག་ཏུ་མཐོང་། དམར་གྱི་ལེར་འཚེར་གྱིན་པའི་ནུབ་ཁའི་མཚམས་སྤྲིན་ནི་འབར་གྱིན་པའི་མེ་རི་ཞིག་དང་ཆ་འདྲ་བར་གནས་དེའི་ཁོ་ར་ཁོར་ཡུག་ཀུན་ལ་མཛེས་སྡུག་གི་བཀྲག་མདངས་ཤིག་བསྣན་འདུག ང་རང་ལས་ཀ་ལས་སའི་དངུལ་ཁང་དེ་ནི་མ་གཞི་ཨར་འདམ་ལས་བཟོས་པ་ཞིག་ཡིན་ཚོད་འདུག་ཀྱང་། དེའི་ནང་ཐོག་བརྩེགས་རིམ་པ་གཅིག་ཅན་གྱི་ཁང་མིག་དྲུག་བདུན་ཙམ་ཞིག་ཡོད་པ་ཕུད། གཞན་ཚང་མ་བར་འཁྱམས་རེད་འདུག་པས། སྒོ་ནང་དུ་ས་ཆ་ཁོད་ཡངས་པོ་ཞིག་འདུག སེང་གེ་བློ་གྲོས་སུ་འབོད་པའི་དངུལ་ཁང་གི་ཀྲུའུ་རེན་དེས་ང་ཡུལ་དེར་འབྱོར་བ་ཤེས་འཕྲལ་མྱུར་དུ་གསོལ་ཇ་མངར་མོའི་ཚ་དེམ་གཅིག་དང་། ཇ་ཕོར་གཉིས་ལག་ཏུ་བཟུང་ནས་ང་ལ་འཚམས་འདྲི་དང་བསུ་མ་ཆབས་གཅིག་ཏུ་བྱས། ཁོ་ཕར་བལྟས་ཚོད་ལ་དགུང་ལོ་ལྔ་བཅུར་ལྷག་བུད་ཟིན་པ་གསལ་པོར་རྟོགས་ཤིང་། གདོང་བ་དཀར་ལ་རྒྱགས་པ་དང་། གཟུགས་པོ་དེ་ཙམ་ཆེ་རྒྱུ་མེད་ནའང་གང་སར་ཤ་ཡིས་ཡོངས་སུ་གང་བའི་ཉམས་སྣང་འབྱིན་འོང་།
ང་དང་ཨ་ཞང་གཉིས་པོས་རླངས་འཁོར་ལས་ངའི་རྡོག་ཁྲེས་རྣམས་མར་ཕབ་སྟེ་ལངས་ཁུངས་ཀྱིས་ང་ལ་གནང་བའི་མལ་ཤག་དེའི་ནང་གྲལ་སྒྲིག་པོས་རེ་རེ་བཞིན་བཤམས། ད་ནི་ཉིན་གང་ཁ་ལ་ཟ་མ་ཁམ་གང་ཡང་ཟ་ཁོམ་མ་བྱུང་བས། ང་རང་གི་གྲོད་པ་ཤིན་ཏུ་ནས་ལྟོགས། ཨ་ཞང་གིས་རང་གི་ཁུག་མའི་ནང་ནས་ལུག་ཤ་རྡོག་བཙོས་དང་། ཝུ་ཆང་ཕྱིར་བཏོན་བྱུང་བས། ངེད་གཉིས་པོས་ཤ་སྤགས་ཟ་ཞོར་ཝུ་ཆང་ཡིད་ཚིམས་པ་ཞིག་བཏུང་། ཉིན་གང་གི་འགྲུལ་བཞུད་འོག ང་རང་གི་ལུས་པོ་ཡོངས་ངལ་དུབ་ཀྱིས་ཡོངས་སུ་མནར་ཅིང་། ཤིན་ཏུ་ཨ་ཐང་ཆད་པའི་ཚོར་བ་ཞིག་གིས་ཡོངས་སུ་ནོན། ཨ་ཞང་ནངས་ཁ་སྔ་མོ་ནས་ཡུལ་ལ་ཕྱིར་ལྡོག་དགོས་པས། ངེད་གཉིས་པོས་དགོང་ཟས་ཟོས་རྗེས་དལ་གྱིས་བདེ་བའི་གཉིད་ལ་རོལ་བ་ཡིན། ཞོགས་པའི་ཉི་འོད་དལ་བ་དལ་བུར་སྒེའུ་ཁུང་བརྒྱུད་ངའི་ལུས་ཐོག་ཏུ་འཕྲོས་བྱུང་། ཨ་ཞང་སྔ་མོ་ནས་མལ་ལས་ལངས་ཟིན་ཏེ་སྒོ་རའི་རྒྱབ་ཏུ་ཡོད་པའི་ཁྲོན་པའི་ནང་ནས་ཆུ་བཅུས་ཏེ་ངའི་ཕྱོགས་སུ་ཁྱེར་འོང་། དེ་རིང་ཨ་ཞང་ཕྱིར་ཡུལ་ལ་ལྡོག་དགོས་པས། ངས་ཀྱང་ཉོབ་མདངས་ཀྱི་རྣམ་འགྱུར་ཅིག་བསྟན་ཞོར་མལ་ལས་ལངས་ཏེ་ཁ་ངོ་སྟབས་བདེ་ཞིག་བཀྲུས་རྗེས། བོད་ཇ་བཟོས་ཏེ་ཨ་ཞང་ལ་སྦྱིན། ཨ་ཞང་གིས་ཇ་བཏུང་ཞིང་རྩམ་པ་ཡིད་ཚིམས་པ་ཞིག་ཟོས་རྗེས། ང་ལ་ད་ནས་བཟུང་འགོ་ཁྲིད་ཀྱི་ཁ་ལ་ཉན་པོ་བྱ་དགོས་ཚུལ་དང་། ལས་རོགས་དབར་མཐུན་སྒྲིལ་བྱ་དགོས་ཚུལ། གང་སར་འཁྱམས་ནས་མི་འགྲོ་བར་རང་ཁྲིའི་ལས་ཀ་ཁག་ནོར་འཛོལ་མེད་པར་བསྒྲུབ་དགོས་རྒྱུ་སོགས་ཁ་ཏ་བསླབ་བྱ་མང་དག་ཅིག་གནང་རྗེས། རླངས་འཁོར་ནང་ཞུགས་ཏེ་གནས་དེ་ལས་རྒྱང་དུ་གྱེས་སོང་།
ཨ་ཞང་ཕྱིར་ཡུལ་ལ་བུད་རྗེས། ད་ནི་ང་རང་ཁེར་བུར་ལུས་པས། ད་ནས་བཟུང་གཞི་རྒྱ་ཆེ་བའི་ཁང་མིག་དེའི་ནང་ང་རང་གཅིག་པུར་འདུག་དགོས་པ་ཡིད་ལ་དྲན་ན། ངའི་སེམས་ལ་སྐྱོ་གདུང་གི་ན་བུན་ཞིག་ངང་གིས་འཁོར་འོང་། གང་ལྟར་ཡང་། དུས་དེ་ནས་བཟུང་། ངས་མི་རྐྱང་གི་འཚོ་བ་ལ་གོམས་པ་བྱ་དགོས། དེ་མིན་ན་ཡུལ་མི་ཉེ་དུ་ཅི་ཡང་མེད་པའི་རྒྱང་རིང་གི་མི་ཡུལ་དེ་རུ་ང་རང་ཉི་མ་ལོ་ལས་འཁྱོལ་དཀའ་བ་ཡོང་རྒྱུ་སྨྲ་མི་དགོས། “ཏག ཏག”ངའི་ཁྱིམ་གྱི་སྒོ་བརྡུང་བྱུང་།“ཨ་ཙི། ཞོགས་པ་སྔ་མོ་དེ་འདྲ་ནས་ངའི་སྒོ་རྡུང་བཞིན་པ་དེ་སུ་རེད”དེ་ལྟར་ཆིག་ལབ་རྒྱག་ཞོར་རང་ཁྱིམ་གྱི་སྒོ་མོ་དལ་གྱིས་ཕྱེ་བར་བརྩམས་པ་ན། སྒོ་འགྲམ་དུ་མགོ་སྐྲ་ཡོངས་རྫོགས་ཁ་བའི་མདངས་ལ་འགྲན་ཅིང་། གདོང་བ་སྨུག་ཅིང་གཉེར་མའི་དྲ་བས་བཏུམས་པའི་རྒན་པོ་ཞིག་གིས་ལག་ཏུ་དངུལ་བུན་གྱི་ལག་ཁྱེར་ཟངས་བྱང་ཞིག་བཟུང་ནས་“རྒན་ལགས། སྐུ་མཁྱེན། བདག་གི་བུ་རྒན་པ་ད་ལྟ་རྒྱ་ནག་སློབ་གྲྭ་ཆེན་མོར་སློབ་གྲྭར་བསྐྱལ་ཡོད་པས། ཁྱིམ་ལ་སློབ་ཡོན་སྤྲོད་བྱེད་ཀྱི་དངུལ་སྒོར་མེད་སྟབས། བདག་ལ་དངུལ་བུན་སྒོར་ཁྲི་གཅིག་གཡར་རོགས་ཞུ”ཟེར། རྒད་པོའི་གཏམ་དེ་ཐོས་རྗེས། ངས་སེམས་གཏིང་ནས་རྒན་པོ་དེར་རོགས་རམ་བྱ་འདོད་ཀྱི་འདུན་པ་དྲག་པོ་མཚོ་ལྟར་མཁའ་ལ་འཕྱུར་བྱུང་། རྒྱུ་མཚན་ནི་ང་རང་ཡང་དབུལ་ཞིང་ཕོངས་པའི་ཁྱིམ་ཚང་ནང་ནར་སོན་པའི་སློབ་མ་ཞིག་ཡིན་པས། ངའི་ཨ་ཕས་ཀྱང་སྤོ་བོ་རྒན་གྲས་དེ་དང་འདྲ་བར་མི་གཞན་གྱི་གམ་ནས་དངུལ་སྒོར་མང་དག་ཅིག་བསྐྱིས་ཡོད་པ་རེད་ཨང་། འོན་ཀྱང་། ང་རང་ད་ལྟ་གནས་དེར་ལས་བྱེད་དུ་སླེབས་མ་ཐག་ཡིན་པས། དངུལ་བུན་སྐོར་གྱི་ལས་ཀ་མང་དག་ཅིག་ལ་ད་དུང་ཆ་རྒྱུས་དེ་ཙམ་མེད་པས། ངས་སྤོ་བོ་དེར“སྤོ་ལགས། བདག་ད་སོ་མ་ཡུལ་དེར་སླེབས་མ་ཐག་ཡིན་པས། ཁྱེད་ཀྱིས་ང་ཚོའི་ཀྲུའུ་རེན་འཚོལ་བར་རྒྱུགས་དང”ཞེས་སྨྲས་པས། སྤོ་བོ་དེས་ངའི་ཕྱོགས་སུ་མགོ་སྒུར་ལྕེ་སྣར་ལན་འགའ་བྱས་རྗེས།“རྒན་ལགས། སྐུ་མཁྱེན། ཀྲུའུ་རེན་དེའི་གམ་དུ་བདག་གིས་སྔ་ཕྱི་ཁྱོན་ཐེངས་ལྔ་དྲུག་ཙམ་སོང་ཡང་། དངུལ་བུན་སྐར་གཅིག་ལག་ཏུ་ཐོབ་རྒྱུ་ཕར་ཞོག ཐ་ན་ངོ་ནག་པོ་ཞིག་བསྟན་ནས་གཤེ་གཤེ་མང་དག་ཅིག་བཏང་བྱུང་། ད་ནི་བདག་ཀྲུའུ་རེན་གྱི་གམ་དུ་གཏན་ནས་འགྲོ་མ་ཕོད”ཟེར། རྒད་པོའི་ཚུགས་ཀར་ལྟ་ཞོར་ངས་ཁོ་ལ་སྙིང་ནས་གདུང་སེམས་དྲག་པོ་སྐྱེས་ཀྱང་། ང་ལའང་ཐབས་བཀོད་ཅི་ཡོད། རྒད་པོས་ངའི་རྣམ་འགྱུར་ཐབས་སྡུག་དེ་མཐོང་བས། འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་ཏེ་ལག་ཟུང་གི་མཐེ་བོང་མཁའ་ལ་བསྒྲེངས་ནས“སྐུ་མཁྱེན། བྱམས་དང་སྙིང་རྗེ་ཞིག་བསྒོམ་ནས་བདག་ལ་དངུལ་བུན་སྒོར་ཁྲི་གཅིག་མ་བྱུང་ཡང་ལྔ་སྟོང་གཡར་ན་ཆོག”ཟེར། ངའི་སེམས་ལ་ཅི་འདྲའི་རྒན་པོ་ཨུ་ཚུགས་ཅན་ཞིག་འདུག་ཨང་སྙམ་པའི་བསམ་པ་ཞིག་སྐྱེས་བྱུང་ཡང་། བསམ་བློ་ཏན་ཏིག་ཅིག་བཏང་ན། རྒན་པོས་རང་གི་བུ་ཕྲུག་གི་མདུན་ལམ་སླད་དུ་དཀའ་ཚེགས་དང་། གཞན་གྱི་གམ་དུ་ཉམ་དམའ་བོ་ཇི་འདྲ་བྱུང་ཡང་སྔར་བཞིན་དངུལ་སྒོར་ཐབས་ཤེས་གཏོང་བའི་ངང་ཚུལ་དེ་མཐོང་ན། ང་རང་གི་སེམས་པ་བླ་ལྷག་ཏུ་འགུལ་བར་བྱེད། ངོ་མ་རེད། ད་ཆ་མཐའ་འཁོབ་ཏུ་ཆགས་པའི་མང་ཚོགས་ཚོའི་བསམ་བློའི་གོ་རྟོགས་ཀྱང་ཇེ་མཐོར་ཕྱིན་འདུག སྔོན་ཆད་ང་རང་བྱིས་པའི་སྐབས་སུ། ཁྱིམ་བདག་ཅོལ་ཆུང་དེ་ཚོས་ཐབས་ཤེས་ཡོད་རྒུ་སྤྱད་ནས་བུ་ཕྲུག་སློབ་གྲྭར་གཏོང་བར་མ་བྱེད་ཀྱང་། ད་ལྟ་ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་ཧ་ཅང་ཞན་པའི་དུད་ཚང་དག་གིས་ཀྱང་དངུལ་སྒོར་གཏན་ནས་མེད་ཀྱང་གང་ལྟར་ཐབས་བཀོད་སྣ་ཚོགས་འཐེན་ཏེ་བུ་ཕྲུག་སློབ་གྲྭར་གཏོང་བཞིན་ཡོད་པ་མ་ཡིན་ནམ།
རྒན་པོས་རང་གི་བུ་ཕྲུག་སློབ་གྲྭར་གཏོང་སླད་དཀའ་ཚེགས་ཀྱི་རྔུལ་ཆུ་དེ་འདྲ་བཞུར་བཞིན་པ་མཐོང་དུས་ང་རང་ཡང་སེམས་འགུལ་ཚད་མེད་ཐེབས་ནས། ངས་རང་གི་ལག་ཏུ་ཡོད་པའི་སྒོར་ལྔ་སྟོང་དེ་རྒན་པོའི་ལག་ཏུ་སྤྲད་ནས། “ཁྱེད་ཀྱིས་སྔོན་ལ་དངུལ་དེ་འཁྱེར་ནས་བུ་ཡི་སློབ་ཡོན་སྤྲོད་དུ་བཅུག རྗེས་སུ་དངུལ་བུན་བྱུང་རྗེས་ང་ལ་ཕྱིར་སྐྱིན་པ་སྤྲད་ན་ཆོག”ངས་དེ་ལྟར་སྒོར་མོ་རྒན་པོར་སྤྲད་ནས་དེ་ལྟར་བཤད། རྒན་པོས་ངས་སྤྲད་པའི་དངུལ་སྒོར་མཐོང་རྗེས་ཡིད་སེམས་བླ་ལྷག་ཏུ་འགུལ་ཞིང་། མིག་ཟུང་ལས་མཆི་མ་ཁྲུམ་ཁྲུམ་དུ་བཞུར་བཞིན་ངའི་ལག་ནས་བཟུང་སྟེ། “བཀའ་དྲིན་ཆེ། བྱམས་སེམས་ཅན་གྱི་མི་ལ་དཀོན་མཆོག་གིས་གཟིགས་པར་ཤོག”ཅེས་བཤད་དེ་མགོ་སྒུར་ལྕེ་སྣར་ལན་འགའ་བྱས་རྗེས། གོམ་པ་འཁྱར་ཁྱོར་ངང་མདུན་དུ་སྤོས་ནས་གནས་དེ་ལས་རྒྱང་དུ་གྱེས་སོང་།
དྲང་མོར་བརྗོད་ན། ངས་རྒན་པོར་ཡིད་ཆེས་བྱས་ཏེ་དངུལ་སྒོར་སྤྲོད་དོན་ནི་རྒན་པོས་བཤད་པ་ལྟར་ང་ནི་བྱམས་སེམས་ཅན་གྱི་མི་ཞིག་ཡིན་པས་གཏན་ནས་མ་ཡིན་ཏེ། རྒན་པོའི་ལུས་ཐོག་ནས་ངས་རྒྱང་རིང་གི་ཨ་ཕའི་སྣང་བརྙན་མཐོང་བས་ཡིན། ངའི་ཨ་ཕས་ཀྱང་རྒན་པོ་དེ་དང་ཆ་འདྲ་བར་སྔོན་ཆད་གཞན་གྱི་གམ་དུ་ངོ་ཚ་སྤངས་ཏེ་བདག་གི་སླད་དུ་དངུལ་སྒོར་མང་དག་ཅིག་གཡར་མྱོང་བས་ཡིན།
བཅུ་གཉིས།
དུས་ཚོད་ནི་དྲག་ཏུ་འབབ་པའི་ཆུ་ཀླུང་ཆེན་པོ་ཞིག་དང་ཆ་འདྲ་བར་བར་མཚམས་མེད་པར་མདུན་དུ་སྐྱོད་བཞིན་འདུག ང་རང་ཡང་དངུལ་ཁང་དེར་ལས་ཀ་བྱས་ནས་ད་བར་དུ་ལོ་ངོ་གཉིས་ལྷག་འགྲོ་ལ་ཉེ། ལོ་ངོ་དེ་གཉིས་ཀྱི་ནང་དུ་བདག་གིས་ནམ་ཡང“ཁྱོད་ནི་ཕ་མ་གཉོམ་ཆུང་གི་བུ་ཕྲུག་ཡིན་པས། དུས་ནམ་ཡང་དམའ་ས་བཟུང་སྟེ་མང་ཚོགས་སེམས་དཀྱིལ་དུ་གཞག་དགོས”ཞེས་པའི་ཨ་ཕའི་བཀའ་སློབ་དྲོན་མོ་དེ་སྙིང་ཁར་བཅངས་ནས། དངོས་ཐོག་བདེན་འཚོལ་གྱིས་མང་ཚོགས་ཚོའི་སླད་དུ་བྱ་བ་མང་དག་ཅིག་ལས་མྱོང་ཡོད་པ་རེད་ཨང་། ས་ཆ་དེར་མཚོན་ན། མང་ཚོགས་ཚོས་དངུལ་ཁང་གི་ལས་བྱེད་མི་སྣར་བརྩི་མཐོང་ཧ་ཅང་ཆེ་བ་ཡིན་ཏེ། གནས་དེ་རུ་ཁྱིམ་ཚང་དགུ་བཅུ་ལྷག་གི་དུད་ཚང་ཚང་མས་དངུལ་བུན་ལག་ཁྱེར་ལ་བརྟེན་ནས་དངུལ་བུན་གཡར་ཏེ། ཕལ་ཆེ་བས་གཟི་དང་བྱུ་རུ་གཙོ་བྱས་པའི་རྒྱན་ཆའི་རིགས་ཀྱི་ཉོ་འཚོང་ལ་འཇུག་ཅིང་། འགའ་རེས་རླངས་འཁོར་ཆེ་གྲས་རེ་ཉོས་ནས་ཨར་ལས་དང་། གཞུང་ལམ་སོགས་ཀྱི་ལས་གྲྭའི་ནང་ས་རྡོ་དབོར་འདྲེན་བྱས་ནས་ཡོང་འབབ་གསོག་པ། འགའ་རེས་ཇ་ཁང་དང་ནང་མ་ཁང་ཆུང་ངུ་རེ་གཉེར་ཏེ་ཚོང་ཙག་ཙིག་ལ་འབད་བཞིན་ཡོད་པས། དངུལ་ཁང་གིས་གནས་དེའི་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་འགྲོ་རྒྱུར་ཕན་པ་ཤུགས་ཆེན་ཐོན་བཞིན་ཡོད། གང་ལྟར་ཁོ་ཚོས་ཚོང་གཉེར་གྱི་བྱ་བ་ཅི་ཞིག་ལས་ཀྱང་དེའི་མ་རྩ་ཕལ་ཆེ་བ་དངུལ་ཁང་གི་དངུལ་བུན་ལ་བརྟེན་དགོས་སྟབས། ཁོ་ཚོས་དངུལ་ཁང་གི་ལས་བྱེད་མི་སྣར་མཐོང་ཆེན་བྱེད་དོན་ཡང་རྒྱུ་མཚན་མེད་པ་ག་ལ་ཡིན། འོན་ཀྱང་། གནས་དེར་སྣང་ཚུལ་གཞན་ཞིག་ཡོད་པ་ནི། ཕྱུག་བདག་འགའ་རེ་ཧ་ཅང་གིས་ཕྱུག་སྟེ། ཁོ་ཚོ་ཚོང་བ་ཆེ་གྲས་ལ་ལར་ཁྲི་སྟོང་ཕྲག་གི་མ་རྩ་ཟིན་ཡོད་ལ། ཡང་དབུལ་ཕོངས་འགའ་རེ་ཧ་ཅང་དབུལ་བ་ཡིན་ཏེ། ཁྱིམ་ཚང་འགའ་རེར་དངུལ་སྒོར་ལྔ་བཅུ་ཡང་སྟོན་ཐབས་བྲལ་བས། གནས་དེའི་དབུལ་ཕྱུག་དུད་ཚང་བར་གྱི་ཁྱད་པར་ཧ་ཅང་ཆེ། མ་གཞི་དེ་འདྲའི་སྣང་ཚུལ་ཡོད་མོད། སྲིན་འབུ་མེ་ཁྱེར་ཙམ་གྱི་སྟོབས་ཤུགས་ལས་མེད་པའི་ང་རང་ཉིད་ཀྱི་ངོས་ནས་བརྗོད་ན། དེ་འདྲའི་སྣང་ཚུལ་ལ་འགྱུར་བ་གཏོང་ཐབས་ཤིག་ག་ལ་ཡོད། དེ་བས་ང་རང་ཁོང་ཁྲོ་ལངས་དགོས་པ་ཞིག་ལ། གནས་དེའི་འབྱོར་ལྡན་དུད་ཚང་འགས་རང་གི་སྒོར་མོ་ཁྲི་དང་ཁྲི་བྱས་ཏེ་དབུལ་བོའི་དུད་ཚང་དག་ལ་སྐྱེད་ཀ་མཐོ་བའི་དངུལ་བུན་བཏང་སྟེ་ཁེ་སྤོགས་ཆེན་པོ་ལག་ཏུ་ཐོབ་ཀྱི་ཡོད་སྟབས། ཕྱུག་པོ་དེ་དག་སྔར་བས་ཇེ་ཕྱུག་ནས་ཇེ་ཕྱུག་དང་། དབུལ་བོ་རྣམས་ནི་སྔར་བས་ཇེ་སྐྱོ་ཇེ་དབུལ་དུ་འགྲོ་བཞིན་ཡོད་པ་དེ་རེད།
འཚོ་བ་ཞེས་པ་དེ་ངོ་མ་དགོད་བྲོ་བ་ཞིག་རེད། མི་བུ་འགའ་རེས་འཇོན་ནུས་དང་བློ་རིག ཡང་ན་སྒྱུ་དང་ཕྲ་མའི་ཁེ་སྤོགས་ལ་བརྟེན་ནས་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་ལག་ཏུ་ཡོང་འབབ་ཁྲི་ཆག་མང་པོ་རེག་ཅིང་། མི་བུ་འགའ་རེས་དབྱར་དགུན་སྟོན་དཔྱིད་མཐའ་དག་དཔུང་ས་འོག་ཏུ་བཅུག་ནས་དཀའ་ལས་རྔུལ་ཆུ་ཁྲོམ་ཁྲོམ་མ་བཞུར་བར་དུ་བརྒྱབ་ཀྱང་ད་དུང་འཚོ་བའི་འཁོས་ཀ་ཇེ་ལེགས་སུ་འགྲོ་ཐབས་བྲལ། སྤྱིར་ང་རང་དངུལ་ཁང་གི་ལས་ཀར་ཞུགས་ནས་ད་རེག་བར་དུ་དབུལ་ཕྱུག་དུད་ཚང་གི་ཁྱད་པར་མེད་པར་དངུལ་བུན་ལག་ཁྱེར་གྱི་ཐོབ་ཐང་ལ་གཞིགས་ནས་མང་ཚོགས་ཚང་མ་བཏང་སྙོམས་ཀྱིས་རང་ཁྲིའི་ལས་ལ་འཇུག་ཀྱང་། སྐབས་རེ་རང་ཉིད་ཀྱི་འཇོན་ནུས་ལ་ཚད་བཀག་ཡོད་པས། ཐེངས་དུ་མར་ང་དང་ཀྲུའུ་རེན་བར་དང་། ང་དང་ལས་རོགས་གཞན་བར་ཁ་རྩོད་ཀྱང་ཤོར་བ་ཐེངས་གཅིག་གཉིས་ག་ལ་ཡིན། ལྷག་པར་དུ་དེང་སང་གི་སྤྱི་ཚོགས་འདིའི་ཡུལ་གྲུ་མང་པོར་སྤྱི་འགྲོས་འདི་འདྲ་ཞིག་ཆགས་ཡོད་དེ། ལས་ཀ་སྐྱག་པ་ཤོར་ཤོར་ཇི་ཙམ་བྱས་ཀྱང་གལ་སྲིད་དབུ་ཁྲིད་ཀྱི་ཞལ་ལ་ཉན་པོ་མི་བྱེད་པ་དང་། འགོ་ཁྲིད་ཀྱི་མདུན་དུ་ཁ་ཡག་ངོ་དགའི་ཚིག་འཇམ། མགོ་སྒུར་ལྕེ་སྣར་གྱི་གུས་བཀུར་སོགས་མ་བྱས་ཚེ། རང་ཉིད་ལ་མདུན་ལམ་ཆེན་པོ་མེད་ཁོ་ཐག་ཡིན་ཞིང་། གལ་ཏེ་ལས་ཀ་དེ་ཙམ་མི་ལས་ཀྱང་འགོ་ཁྲིད་ལ་ཁ་སྙན་པོ་ཁོ་ན་བཤད་དེ་ཁོ་ཚོའི་ནང་སེམས་དགའ་རུ་བཅུག་ན། ཁྱེད་ཀྱི་མདུན་ལམ་འོད་ཟེར་སྟོང་གིས་ཕྱུག་པ་སྨོས་མི་དགོས། མ་གཞི་ད་ལྟ་སྤྱི་ཚོགས་གསར་བར་སླེབས་པས། ཏང་དང་རྒྱལ་ཁབ་ཀྱིས་ལས་ཀའི་འཇོན་ནུས་དང་། མིའི་སྤུས་ཚད། ལས་ཀའི་འབྲས་བུ་སོགས་ལ་གཞིགས་ཏེ་ལས་གནས་བསྐོ་གཞག་བྱ་རྒྱུའི་བླང་བྱ་བཏོན་ཡོད་ཀྱང་། མཐའ་འཁོབ་ཀྱི་རི་གྲོང་དེ་འདྲར་དེ་འདྲའི་སྣང་ཚུལ་ངན་པ་སྔར་བཞིན་ཐོན་དང་ཐོན་མུས་ཡིན།
ང་རང་ཡོད་སའི་སྡེ་བ་དེ་རུ་མང་ཚོགས་རྣམས་དུས་རྒྱུན་གཟི་དང་བྱུ་རུའི་རྒྱན་ཆའི་སྐོར་ལ་འགྲན་རྩོད་ཧ་ཅང་ཆེ་ཞིང་། ལྷག་པར་གནས་དེའི་ས་ཆ་ལ་ལར་གཟི་དང་བྱུ་རུའི་མང་ཉུང་ལ་བལྟས་ཏེ་དབུལ་ཕྱུག་གི་ཁྱད་པར་ཆེ་བའི་སྲོལ་ཡང་འདུག དེ་བས་གཟི་དང་བྱུ་རུའི་གོང་ཚད་ནི་གསེར་དང་དངུལ་ལས་ལྡབ་འགྱུར་གྱིས་མཐོ་བས། དབུལ་བོའི་དུད་ཚང་མང་དག་ཅིག་ཀྱང་མ་འདོད་བཞིན་དུ་དངུལ་བུན་གཡར་ཏེ་གཟི་དང་བྱུ་རུའི་རྒྱན་ཆ་ཉོ་བཞིན་ཡོད། དཔེར་ན་ཡུལ་དེའི་དབུལ་ཕོངས་བཀྲ་ཤིས་ཚང་ལ་ཆ་མཚོན་ན། མ་གཞི་ཁོའི་ཁང་བ་ད་ལྟ་གྱང་གོག་ལྟ་བུར་གྱུར་ནས་ནམ་ཞིག་རྡིབ་མིན་ཆ་མི་འཚལ་ཅིང་། ཁྱིམ་ཚང་ནང་གི་འབྲུ་རིགས་ཟད་ལ་ཉེ་མོད། ཁོས་མི་གཞན་གྱི་གམ་དུ་ཉམ་དམའ་བོ་མི་ཡོང་ཆེད། ལོ་ལྟར་གཞན་ཡུལ་དུ་ཞོར་ལས་བྱེད་པར་བུད་དེ་འབད་འབད་དུང་དུང་གིས་བསགས་ནས་བྱུང་བའི་དངུལ་སྒོར་དག་ཕྱིར་ཡུལ་དུ་ཁྱེར་ནས་གནས་དེའི་ཚོང་བ་ཚོའི་གམ་དུ་བྱུ་རུ་དང་བརྗེ་བཞིན་ཡོད་པ་རེད། སྤྱིར་ཁོ་རང་གཟི་དང་བྱུ་རུའི་རྒྱན་ཆ་དག་ལ་སེམས་གཏིང་ནས་དགའ་བོ་ཡོད་པས་མ་ཡིན་ཏེ། གལ་ཏེ་ཁོ་དང་ཁོའི་ཆུང་མའི་མགུལ་དང་རྣ་ལ་གཟི་དང་བྱུ་རུའི་རྒྱན་ཆ་མཐོང་རྒྱུ་མེད་ཚེ། དུས་རྒྱུན་ལོ་གསར་དང་འོང་སྐོར་ནས་གཙོས་པའི་ཡུལ་དེའི་དུས་ཆེན་ཁག་ལ་ཁོ་རང་ཞི་མི་བཞིན་ནང་དུ་ཞུགས་ནས་འདུག་རྒྱུ་ལས་མི་ཚོགས་སྟུག་པོའི་ས་ཆར་འགྲོ་སྐལ་བྲལ་བས་ཡིན། གང་ལྟར་ཡུལ་དེར་མཚོན་ན། མཐོ་དཔོན་པོ་ནས་བར་མང་ཚོགས། དམའ་སྤྲང་བོའི་ཚོགས་ལ་མང་ཉུང་ངམ་བདེན་རྫུན་གང་ཡིན་ཆ་མི་འཚལ་བའི་གཟིའམ་ཡང་ན་བྱུ་རུའི་རྒྱན་ཆ་མི་མཐོང་རྒྱུ་ཕལ་ཆེར་མེད། དེ་ནི་གནས་དེར་ཡོད་པའི་དམིགས་གསལ་གྱི་“ཁྱད་ཆོས”ཡིན་པས། ངས་དེ་ལྟར་ཉམ་ང་བའི་མང་ཚོགས་མང་པོའི་རྒྱུན་གཏན་གྱི་འཚོ་བའི་རྣམ་པ་དང་། ཉམ་ང་བའི་སྣང་ཚུལ་དག་ལ་མིག་ཟུང་ཅེར་ནས་སྨྲ་བ་མེད་པར་ཁུ་སིམ་མེར་ཉི་མ་ཕར་ལ་སྐྱེལ་བཞིན་ཡོད་པ་རེད་ཨང་།
ད་ནི་སྟོན་ཁ་ཤར་སོང་། རི་འདབས་ཀྱི་རྩི་ཤིང་གི་ལོ་མ་མཐའ་དག་སེར་བོར་གྱུར་ཞིང་། ཉེ་འགྲམ་དུ་སྐྱེས་པའི་ལྗོན་ཤིང་གི་ལོ་མ་རྣམས་རླུང་གི་འགྲོས་དང་བསྟུན་ནས་གང་སར་དམིགས་ཡུལ་མེད་པར་ཕར་མྱུལ་ཚུར་མྱུལ་བྱེད་བཞིན་འདུག གནས་དེའི་སོ་ནམ་པ་ཚོས་གདོང་ནས་དགའ་བའི་འཛུམ་མདངས་སྟོན་ཞོར་འདྲུད་འཐེན་འཕྲུལ་འཁོར་དང་། གཡུལ་ཐོན་འཕྲུལ་ཆས་སོགས་ཞིང་ནང་དང་གཡུལ་ཁའི་ནང་དབོར་ནས་བཙས་མ་རྔ་བཞིན་འདུག་ལ། བཙས་མ་བརྔས་ཟིན་རྗེས་དེའི་རྗེས་སུ་གཡུལ་ལས་ཀྱི་ལས་ལ་བྲེལ་འདུག སྤྱིར་དེང་གི་སོ་ནམ་པ་ཚོ་ལ་ཆ་མཚོན་ན་སྔོན་ཆད་ཇི་བཞིན་བཙས་མ་བརྔ་རྒྱུ་དང་གཡུལ་འདོན་བྱ་རྒྱུའི་ལས་མཐའ་དག་ལག་ཟུང་ཁོ་ནའི་ངལ་བར་བརྟེན་དགོས་མེད་པར་དེང་རབས་ཀྱི་སྔོན་ཐོན་འཕྲུལ་ཆས་ལ་བརྟེན་ནས་སོ་ནམ་གྱི་ལས་རྣམས་འཕྱུགས་པ་མེད་པའི་ངང་སྒྲུབ་ཆོག་པས། དེས་གཅིག་ནས་ཁོ་ཚོའི་ལས་ཀའི་ལས་ཡུན་ཇེ་ཐུང་དུ་གཏོང་བཞིན་ཡོད་ལ། དེ་བས་སྟབས་བདེ་ཅན་དུ་གྱུར་ཡོད་སྟབས། ཉིན་ལྔ་དྲུག་ཙམ་ལ་ཁོ་ཚོས་བཙས་མ་བརྔ་རྒྱུ་དང་། གཡུལ་འདོན་རྒྱུ་སོགས་ཀྱི་སྟོན་ལས་རྣམས་གྲུབ་ཟིན་འདུག
མང་ཚོགས་ཚོས་ད་ཆ་སྔོན་ཆད་དང་མི་འདྲ་བར་སྟོན་ལས་དེའང་དཀའ་ཚེགས་ཅན་གྱི་ལས་ཀ་ཞིག་ཏུ་མཐོང་མ་སོང་ཟེར་བཞིན། ཞིང་ཐང་ངོས་ཀྱི་འབྲུ་རིགས་རྣམས་སྒྱེ་མོ་སྒྱེ་མོ་བྱས་ནས་ཁྱིམ་དུ་དབོར་བཞིན་འདུག ང་རང་ལ་ཆ་མཚོན་ན་ཡོད་ཚད་སྔར་བཞིན་རྒྱུན་གཏན་རེད། ང་དང་ལྷན་དུ་ལས་ཁུངས་སུ་འབྱོར་བའི་ལས་རོགས་དོན་གྲུབ་སྔ་མོ་ནས་རྒྱང་རིང་གི་ཤང་གྲོང་དེ་ལས་ཁ་བྲལ་ཏེ་རྫོང་དངུལ་ཁང་དུ་ལས་གནས་བསྐོ་བཞག་བྱས་འདུག མང་ཚོགས་ཚོའི་ཤོད་སྲོལ་ལྟར་ན་ཁོའི་ཨ་ཕ་ནི་རྫོང་ཆེ་གེ་མོར་སྐད་གྲགས་ཆེ་བའི་སྦྱིན་བདག་ཆེན་མོ་བ་ཞིག་ཡིན་ཚུལ་གླེང་། ང་རང་ལ་ཆ་མཚོན་ན། གནས་དེར་གོ་ཆོད་དབང་ཐང་ལྡན་པའི་ངོ་ཤེས་དཔོན་པོ་མེད་ལ། དུས་རྒྱུན་གཞན་གྱི་གམ་དུ་ཁ་མཁས་ཚིག་འཇམ་གྱི་གཏམ་སྙན་ཡང་སྨྲ་མི་ཤེས་པས། མུ་མཐུད་དེ་གནས་དེར་འདུག་དགོས་རྒྱུ་ནི་ངའི་ལས་དབང་རང་རེད། མཚམས་རེ་ངའི་ཆུང་མས་ཀྱང་ང་ནི་ཁ་ལྐུགས་པའི་མི་ཞིག་རེད་ཅེས་བརྗོད་དེ་སྡིགས་མོ་བྱས་མྱོང་། ཆུང་མས་ཟེར་ན།“ཁྱོད་ཀྱིས་རྟག་ཏུ་མི་གཞན་ལ་བསམ་བློ་ཁོ་ན་བཏང་སྟེ་ལས་ཀ་མང་དག་ཅིག་ལས་ཀྱང་སྟོང་བ་རེད། ལྟོས་དང་། མི་གཞན་པ་རང་དང་མཉམ་དུ་ལས་ཁུངས་སུ་ཞུགས་ཀྱང་། ད་ལྟ་རྫོང་གྲོང་དུ་ལས་གནས་སྤར་བྱས་ཡོད་པ་མ་ཡིན་ནམ”ཟེར།
ཆུང་མས་དུས་རྒྱུན་ང་ལ་སྐད་ཆ་དེ་འདྲ་བཤད་པ་ཐེངས་གཅིག་གཉིས་མིན་པས། ངས་ཀྱང་ཆུང་མའི་སྐད་ཆ་རྣ་བའི་རྒྱབ་ཀྱི་རླུང་བུར་བསྐུར་ནས་ཁ་ཡ་དེ་ཙམ་མ་བྱས། དོན་དངོས་ཐོག ད་རེག་བར་དུ་ངས་ལས་ཀ་མང་དག་ཅིག་དཀའ་བས་ལས་དགོས་དོན་ནི་གོ་གནས་དང་མིང་གྲགས་ཀྱི་སླད་དུ་ཡིན་ནམ། ངས་དེ་ལྟར་རང་ཉིད་ལ་ལྡོག་འདྲི་ཞིག་བྱ་ཞོར་རང་ཉིད་ཀྱིས་ལས་པའི་ལས་ཀར་འགྱོད་པ་སྤུ་ཙམ་ཡང་སྐྱེ་མ་མྱོང་། རྒྱུ་དང་ནོམ་པ། གོ་གནས་དང་མིང་གྲགས་ཀྱི་སླད་དུ་འདུར་རྒྱུགས་བྱེད་པའི་མི་བུ་དག་རིག་ན། ངས་སེམས་གཏིང་ནས་ཁོ་ཚོར་སྐྱོ་བ་སྐྱེས་ཡོང་།
གང་ལྟར་ངས་ནམ་ཡང་གོ་གནས་དང་མིང་གྲགས་ཀྱི་སླད་དུ་རང་ལུས་ལ་ཁབ་གཙག་འབིག་གཙག་མི་བྱ་རྒྱུ་རང་གི་མི་ཚེའི་རྩ་དོན་ཡིན་པས། ངས་དོན་སྙིང་མེད་པའི་གོ་གནས་ཀྱི་སླད་དུ་དབུགས་དབྱུང་མི་བྱེད་ཁོ་ཐག་ཡིན། ངོ་མ་བྱས་ན་ད་ལྟའི་ལས་བྱེད་གཞོན་གཞོན་དག་ཅི་འདྲའི་དཀའ་ཚེགས་ཆེ་ཨང་། སློབ་གྲྭ་ཐོན་ནས་ལས་ཁུངས་སུ་ཞུགས་མ་ཐག མི་བུ་མང་པོ་ཞིག་རླངས་འཁོར་དང་ཁང་བ་ཉོ་བར་བྲེལ་དགོས། ལྷག་པར་དུ་ད་ལྟའི་ལས་བྱེད་དག་ལ་ཆ་མཚོན་ན། མི་མང་པོས་ཁོའི་འཇོན་ནུས་བཟང་མིན་ལ་མི་བལྟ་བར་རླངས་འཁོར་དང་ཁང་བ་ཡོད་མེད་ལ་ལྟ་བར་བྱེད་པས། ལས་བྱེད་དེ་དག་ཀྱང་རླངས་འཁོར་དང་ཁང་བ་ཉོ་བར་བྲེལ་དོན་ཡང་རྒྱུ་མཚན་མེད་པ་ག་ལ་ཡིན།
ཁོ་ཚོས་དེ་ལྟར་ལྗིད་ཏིག་ཏིག་གི་དངུལ་བུན་གྱི་ཁུར་བོ་ལྕི་མོ་ཞིག་རྒྱབ་ཏུ་འཁུར་ནས། སྔོན་ཆད་ཀྱི་ལས་བྱེད་རྒན་གྲས་ཇི་བཞིན་སོས་དལ་བག་ཕེབས་ཀྱིས་མི་ཚེ་ཕུད་པའི་སྐལ་བ་ཧ་ཅང་ཕྲ། ཉིན་ལྟར་དངངས་སྐྲག་དང་བྲེལ་འཚུབ་ཁོ་ནའི་ཀློང་དུ་འདུར་རྒྱུགས་བྱེད་པ་མཐོང་ན། ངས་ངོ་མ་མི་ཚེ་ཞེས་པ་དེ་ཡང་དེ་འདྲའི་བདེ་སྐྱིད་ཅིག་ཏུ་མཐོང་མ་སོང་། ཆུང་མས་ཟེར་ན་ཁོ་མོའི་སློབ་གྲོགས་ག་གེ་མོ་ཞིག་ལས་ཁུངས་སུ་ཞུགས་མ་ཐག་སྒོར་ཁྲི་སུམ་ཅུ་ཅན་གྱི་རླངས་འཁོར་གྲགས་ཅན་ཅིག་ཉོས་ཚུལ་དང་། གྲོང་ཁྱེར་ནང་དུ་སྒོར་ཁྲི་བརྒྱ་ལྷག་སྤྲད་པའི་ཁང་བ་ཉོས་ཡོད་ཚུལ་སོགས་ང་ལ་བཤད། མ་གཞི་བྱས་ན་ཆུང་མའི་སློབ་གྲོགས་དེ་ཡང་ང་དང་ངོ་ཤེས་ཀྱི་ཡོད་པས། ཁོས་ལས་ཁུངས་སུ་ཞུགས་མ་ཐག་རླངས་འཁོར་དང་ཁང་བ་ཉོ་བྱེད་ཡང་ཁོའི་ཕ་མ་ཟུང་གི་བཀའ་དྲིན་ལས་མ་འདས། གལ་ཏེ་ཁོའི་ཕ་མ་འབྱོར་ལྡན་ཅིག་མིན་ན་ཁོས་ཁང་བ་དང་རླངས་འཁོར་ཉོ་ག་ལ་ཐུབ། ངེད་གཉིས་ལ་ཆ་མཚོན་ན། ང་དང་ཆུང་མ་གཉིས་ཀྱི་ཕ་མ་ས་སྐྱེས་རྡོ་སྐྱེས་ཀྱི་ཞིང་བ་དཀྱུས་མ་ཞིག་ཡིན་པས། ངེད་གཉིས་ཀྱིས་ཁོང་རྣམ་པར་སྲི་ཞུ་ཞབས་ཏོག་བསྒྲུབ་ཆེད་ཡུལ་ལ་དངུལ་སྒོར་ཡང་ཡང་བསྐུར་དགོས་པས། ཁོང་རྣམ་པས་ངེད་གཉིས་ལ་རླངས་འཁོར་དང་ཁང་བ་ཉོ་བྱེད་ཀྱི་དངུལ་སྒོར་སྦྱིན་འདོད་ཀྱང་དེ་འདྲའི་ནུས་པ་ཞིག་མེད་པ་ངེད་གཉིས་པོས་གསལ་བོར་རྟོགས་ཡོད།
མ་གཞི་ཁོང་རྣམ་པས་ངེད་གཉིས་ཀྱི་ཁང་བ་དང་རླངས་འཁོར་ཉོ་བྱེད་ཐད་རོགས་པ་ཅི་ཡང་བྱ་མི་ཐུབ་ཀྱང་ཁོང་རྣམ་པས་ཆུང་སྤར་མོ་གང་ནས་ངེད་གཉིས་དཀའ་བས་གསོས་ཚུལ་དང་། ཟ་མཁས་འཐུང་མཁས་ཀྱིས་ངེད་སློབ་གྲྭར་གཏོང་ཚུལ་རྣམས་དྲན་ན། ངེད་གཉིས་པོས་སྙིང་ཁོང་རུས་པའི་གཏིང་ནས་ཁོང་རྣམ་པར་བཀའ་དྲིན་གྱི་བསམ་པ་བཅངས་ཡོད། ཆུང་མའི་ཕ་མ་གཉིས་ལ་ཆ་མཚོན་ཡང་། མ་གཞི་ཁོང་རྣམ་པ་ངའི་སྐྱེས་པའི་ཕ་མ་མིན་ཡང་ལས་ཀྱིས་བསྐོས་པའི་ཕ་མ་ཡིན་པས། ངེད་གཉིས་པོས་ཁོང་རྣམ་པར་སྙེན་བཀུར་དང་། ཁ་ལེན་ཚིག་བརྩི་བྱ་རྒྱུ་ནི་ང་ཚོའི་དོར་དུ་མེད་པའི་འགན་ཁྲི་ཉག་གཅིག་ཡིན་པ་གདོན་མི་ཟ།
དེ་ནས་ཟླ་ཤས་འདས་རྗེས། ལས་ཁུངས་ཀྱི་གོང་རིམ་དབུ་ཁྲིད་ཀྱི་བཀའ་བཀོད་ལྟར། ང་རང་ད་ལྟ་འདུག་སའི་ལས་ཁུངས་དེ་ནས་གྱེས་ཏེ་དེ་བས་རྒྱང་ཐག་རིང་བའི་ས་ཆ་ཞིག་ཏུ་ལས་ཀ་བྱེད་པར་འགྲོ་རྒྱུའི་བརྡ་ཐོ་བཀྲམ་འདུག དབུ་ཁྲིད་ཚོའི་སྐད་ཆར་ཉན་ན། ང་རང་འགྲོ་དགོས་སའི་ལས་ཁུངས་དེར་རྒན་ཡོལ་ཞུ་ལ་ཉེ་བའི་ལས་བྱེད་པ་རྒན་གྲས་གཉིས་ལས་མེད་པས། གནས་དེར་ཀློག་ཀླད་ཀྱི་ལས་ལ་བྱང་ཆ་ལྡན་མཁན་ཅིག་དང་། རྒྱ་ཡིག་ཤེས་མཁན་ཅིག་ཧ་ཅང་མཁོ་བས། ངེད་གོང་རིམ་དབུ་ཁྲིད་ཚོས་གྲོས་བསྡུར་བྱས་མཐར་ང་རང་གནས་དེར་བགོ་བཤའ་བྱས་ཚུལ་གླེང་། འགོ་ཁྲིད་དེའི་སྐད་ཆར་ཉན་རྗེས། ང་རང་གི་སེམས་གཏིང་ལ་སྨྲ་མི་ཤེས་པའི་ན་ཟུག་དྲག་པོ་ཞིག་ལྡང་བྱུང་ཡང་། དེ་ནི་ཁོ་ཚོའི་བཀའ་ཡིན་པས། ངས་མ་འདོད་བཞིན་དང་ལེན་བྱ་རྒྱུ་ལས་ཐབས་གཞན་ཅི།
སྤྱིར་གནས་དེའི་ལམ་ཐག་རིང་ཞིང་། འགྲིམ་འགྲུལ་གྱི་ཆ་རྐྱེན་ཡང་མི་བཟང་ལ། མང་ཚོགས་ཚོའི་འཚོ་བའི་ཆུ་ཚད་ཀྱང་ས་ཆ་གཞན་ལས་ཅུང་ཟད་ཞན་པ་ཡོད་ཀྱང་། ངས་གནད་དོན་དེ་འདྲར་གཞིགས་ནས་གནས་དེར་འགྲོ་འདོད་མི་བྱེད་པ་མ་ཡིན་ཏེ། གཙོ་བོ་ང་རང་ད་རེག་བར་དུ་ཆུང་མ་དང་ལྷན་འདུག་ལྷན་གཤིབ་བྱེད་པའི་འཚོ་བ་ལ་གོམས་པས། ང་རང་ཆུང་མ་དང་ཁ་བྲལ་འདོད་མེད་པས་ཡིན། འོན་ཀྱང་། བོད་ཀྱི་གཏམ་དཔེར།“རྒྱལ་པོའི་བཀའ་ནི་རི་གཟར་རྦབ་རྡོ་ཡིན”ཞེས་པ་ལྟར། གང་ལྟར་ང་རང་ལ་མོས་པ་ཡོད་མེད་གང་ཡིན་ཡང་། གནས་དེར་འགྲོ་རྒྱུ་ནི་ད་ཆ་གཏན་འཁེལ་བྱས་ཟིན་པས། ང་རང་ལ་ཐབས་བཀོད་ཅི་ཡང་མེད། ལས་གྲོགས་གཞན་རྣམས་ནི་ངོ་ཤེས་བརྒྱུད་གོ་གནས་རིམ་གྱིས་འཕར་འགྲོ་བ་དང་། ངོ་ཤེས་མེད་མཁན་གྱི་ཉམ་ཆུང་ང་དང་ང་ལྟ་བུའི་མི་བུ་ཕལ་བ་རྣམས་ད་གཟོད་རྒྱང་ཐག་རིང་བོར་ལས་ཀ་བཀོད་སྒྲིག་བྱེད་བཞིན་ཡོད་པ་མ་ཡིན་ནམ།
ང་རང་འགྲོ་སའི་ཤང་གྲོང་དེ་ནི་ངོ་མ་དབུལ་ཞིང་འཕོངས་པའི་མཐའ་འཁོབ་ཀྱི་སྡེ་བ་ཞིག་སྟེ། མི་ཚོས་ཟེར་ན་ས་ཆ་དེ་ནི་ལྟག་སྒོ་དང་རྒྱབ་རྟེན་མེད་མཁན་ཚོའི་ལས་ཀ་ལས་ཡུལ་རེད་ཟེར། སྤྱིར་ང་རང་ད་ཆ་ལོ་ན་ཕྲ་བས། བོད་ཡུལ་གྱི་ས་ཆ་གང་འདྲ་ཞིག་ཏུ་ལས་བགོ་བྱས་ཀྱང་གཟུགས་ཁམས་མི་བདེ་བའི་སྣང་ཚུལ་ཐོན་མི་སྲིད་པ་ང་ལ་ཡིད་ཆེས་ཡོད། འོན་ཀྱང་། ང་རང་ཆེས་སེམས་ཚེགས་བྱ་ཡུལ་ནི་གནས་དེའི་ལས་ཁུངས་སུ་ཟ་ཁང་བཀོད་སྒྲིག་བྱས་མེད་པས། རྒྱུན་པར་ཕྱི་ལོགས་ཀྱི་ཇ་ཁང་ནང་ཞུགས་ཏེ་འཚོ་བཅུད་དང་རོ་བཅུད་གཏན་ནས་མེད་པའི་ཟ་མ་ཟ་དགོས་པ་དེ་རེད། ཡང་གཅིག་བཤད་ན། གནས་དེར་སྟབས་བདེའི་ཟ་ཁང་གཅིག་གཉིས་ཙམ་ཞིག་འདུག་ཀྱང་། དེའི་ནང་གི་ཚལ་རིགས་རྣམས་གཅིག་ནས་གསོས་པ་མེད་པ་དང་། གཉིས་ནས་འཐུང་ཆ་མང་དག་ཅིག་དུས་ཚོད་སྔ་མོ་ནས་ཡོལ་ཏེ་འཐུང་མི་ཉན་པར་གྱུར་པས། གནས་དེ་རུ་ལོ་འགའ་ཤས་བསྡད་ན། ང་རང་གི་ལུས་པོའི་ཁྱོན་ལ་ན་ཚ་མང་དག་ཅིག་འབྱུང་ངེས་པ་ཁོ་ཐག་ཡིན། འོན་ཀྱང་། དེ་འདྲའི་དཀའ་ཚེགས་ཀྱི་འོག་ཏུ་ངས་སྔར་བཞིན་རིག་པ་ལྕགས་སྐུད་ལྟར་བསྒྲིམས་ནས་ལོ་ངོ་གཅིག་ལྷག་ལས་ཀ་ལས་ནས་བསྡད།
དགའ་འོས་པ་ཞིག་ལ། ལོ་གཅིག་ལྷག་ཙམ་གྱི་རྗེས་སུ་རང་ལྗོངས་ནས་གཞི་རིམ་ཁུལ་དུ་ལས་ཀ་དུས་ཡུན་ལོ་གཉིས་ཡན་ལས་མྱོང་བའི་སྲིད་གཞུང་གི་གཞུང་ཞབས་པ་དང་། བྱ་བཞག་ཚན་པ། རྒྱལ་གཉེར་ཁེ་ལས་སོགས་ཀྱི་ལས་བྱེད་མི་སྣ་ལྗོངས་རིམ་པའི་ལས་ཁུངས་ཁག་ཏུ་ལས་ཀར་ཞུགས་རྒྱུའི་ཡིག་རྒྱུགས་སྤྲད་ཆོག་པའི་བརྡ་ཐོ་སྤེལ་འདུག་པས། ངས་མྱུར་དུ་ཡིག་རྒྱུགས་དེའི་ནང་ཞུགས་རྒྱུའི་སྟ་གོན་བྱས་པ་ཡིན། འོན་ཀྱང་། ཡིག་རྒྱུགས་ཐོ་འགོད་བྱེད་དུས་ངེས་པར་དུ་སློབ་མ་སོ་སོའི་སློབ་ཐོན་ལག་ཁྱེར་དང་། དེ་མིན་གྱི་ཡིག་ཚགས་ཁག་དགོས་པ་ཕུད། ད་དུང་ད་ལྟ་ལས་ཀ་ལས་སའི་ལས་ཁུངས་ཀྱི་ཡིག་རྒྱུགས་ནང་ཞུགས་ཆོག་པའི་ངོ་སྤྲོད་ཡི་གེ་དགོས་སྟབས། བདག་གིས་དེ་འཕྲལ་དགོངས་ཞུ་ཉི་མ་འགའ་ཤས་བྱས་ཏེ་གཞིས་རྩེ་ཡན་ལག་དངུལ་ཁང་དུ་བསྐྱོད་དེ་འབྲེལ་ཡོད་དབུ་ཁྲིད་བཙལ་ནས་ངོ་སྤྲོད་ཡི་གེ་དེ་འབྲི་རྒྱུའི་རེ་བ་བཏོན་པར། གོང་རིམ་དབུ་ཁྲིད་ཀྱིས་གསུངས་ན་ངོ་སྤྲོད་ཡི་གེ་དེ་འདྲ་ང་ཚོས་གང་བྱུང་དུ་འབྲི་མི་ཆོག་ཚུལ་དང་། གལ་ཏེ་ངོ་སྤྲོད་ཡི་གེ་འབྲི་དགོས་ན་ད་ལྟའི་ལས་ཀ་དེ་ལས་ཕྱིར་ཐོན་བྱ་དགོས་རྒྱུ། དངུལ་ཁང་ནས་རང་འགུལ་ངང་ཕྱིར་ཐོན་བྱས་ན། ཉེས་པ་སྒོར་ཁྲི་ལྔ་སྤྲོད་དགོས་ཚུལ་སོགས་མང་དག་ཅིག་བཤད་བྱུང་བས། འགོ་ཁྲིད་དེའི་སྐད་ཆར་ཉན་རྗེས། ངའི་ལུས་སེམས་ཧྲིལ་བོར་ཆུ་འཁྱག་ཟོམ་གང་བཤོས་པ་ལྟར་གྲང་ཅང་ཅང་དུ་གྱུར་སོང་། ངའི་སེམས་པ་ཡུད་ཙམ་ཞིག་རིང་སོམ་ཉིའི་དྲ་བར་ཚུད།
ང་རང་གིས་ཐོ་འགོད་བྱས་པའི་ལས་ཁུངས་དེ་ནི་ས་ཁུལ་ག་གེ་མོའི་ཚགས་པར་ལས་ཁུངས་ཀྱི་བོད་ཡིག་རྩོམ་སྒྲིག་ཁང་དུ་ཡིན་ཞིང་། དྲང་མོར་བརྗོད་ན། ང་རང་བོད་ཡིག་གཙོ་གནད་དུ་འཛིན་པའི་ལས་ཁུངས་དེ་འདྲར་ལས་ཀ་ལས་འདོད་ཧ་ཅང་ཆེ། དེ་ནི་གཅིག་ནས་ང་རང་གི་ཆེད་ལས་དང་ཁ་མཐུན་པ་དང་། གཉིས་ནས་ང་རང་གི་དགའ་ཁ་འཁྱེར་ཕྱོགས་ཀྱང་ལས་ཀ་དེ་འདྲའི་ཐོག་ཏུ་ཡོད་པས་ཡིན། མ་གཞི་ང་རང་ཆུང་ངུའི་དུས་ཀྱི་ཕུགས་བསམ་ནི་རྗེས་མ་བོད་ཡིག་དགེ་རྒན་ཞིག་བྱ་འདོད་པ་དེ་ཡིན། འོན་ཀྱང་ང་རང་གི་ཆེད་ལས་བོད་ཡིག་ཡིན་ཡང་ང་རང་ནི་དགེ་འོས་ཚན་ཁག་ནས་སློབ་མཐར་ཕྱིན་པའི་སློབ་མ་ཞིག་མ་ཡིན་སྟབས། དགེ་རྒན་གྱི་ལས་གནས་དེ་ལ་ང་རང་དགའ་ཞེན་ཧ་ཅང་ཆེ་ཡང་ཡིག་རྒྱུགས་དེའི་ནང་ཞུགས་ཐབས་བྲལ་སོང་། དེ་ནི་ང་རང་ཉིད་ལ་མཚོན་ན། ད་བར་གྱི་མི་ཚེ་འདིའི་གནོང་འགྱོད་ཆེ་ཤོས་ཤིག་ཡིན། ངས་མཚན་མོ་རང་གི་མལ་ཁྲིའི་ཐོག་གན་རྐྱལ་དུ་ཉལ་ཏེ་འགྲེ་ལོག་ཡང་ཡང་རྒྱག་ཞོར་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་མཐར། ད་གཟོད་ངས་ད་ལྟའི་དངུལ་ཁང་གི་ལས་ཀ་དེ་ལས་ཕྱིར་ཐོན་བྱ་རྒྱུར་ཐག་བཅད་པ་ཡིན། ཕྱི་ཉིན་ནམ་གསལ་མ་ཐག་ངས་སྔ་མོ་ནས་མལ་ལས་ལངས་ཏེ་ལས་ཀ་ལས་ཕྱིར་ཐོན་བྱ་རྒྱུའི་ཞུ་ཡིག་དེ་ལག་ཏུ་འཁྱེར་ནས་དངུལ་ཁང་གི་འབྲེལ་ཡོད་དབུ་ཁྲིད་ཚོར་ཕུལ། དངུལ་ཁང་གི་དབུ་ཁྲིད་ཚོས་ཟེར་ན་ལས་ཀ་ནས་ཕྱིར་འཐེན་བྱེད་པར་དེ་འདྲའི་ལས་སླ་བོ་ག་ལ་ཡོད། དངུལ་ཁང་གིས་འགྲོ་སོང་མང་དག་ཅིག་བཏང་སྟེ་ཁྱོད་ད་བར་གསོ་སྐྱོང་བྱས་པས། གལ་ཏེ་ཁྱོད་དངུལ་ཁང་ནས་ཐོན་ངོ་མ་ཡིན་ན། མྱུར་དུ་སྒོར་མོ་ཁྲི་ལྔ་འཁྱེར་ཤོག ངས་ལམ་སེང་ངོ་སྤྲོད་ཡི་གེ་འབྲི་ངེས་ལ། ཁྱོད་རང་དངུལ་ཁང་ནས་ཕྱིར་ཐོན་བྱས་པའི་གན་རྒྱ་ཡང་བྲིས་ཆོག་ཟེར། ངའི་སེམས་པ་སླར་ཡང་སྨག་རུམ་མུན་པས་བསྒྲིབས་སོང་།
དྲང་མོར་བརྗོད་ན། ད་ཆ་ངའི་ཁང་ཁྱིམ་དེའི་ནང་དུ་ང་ལ་དཔེ་ཆ་རྙིང་བ་སྒྲོམ་སྟེགས་གང་ལས་གཞན་ཅི་ཡོད། སྔོན་ཆད་གསག་གསག་གྲུང་གྲུང་བྱས་ནས་བྱུང་བའི་དངུལ་སྒོར་རྣམས་ཆུང་མར་བྱུ་རུའི་རྒྱན་ཆ་ཉོ་ཆེད་གཞན་གྱི་ལག་ཏུ་སྤྲད་ཟིན་ལ། ད་དུང་མི་གཞན་ལ་སྤྲད་རྒྱུའི་དངུལ་བུན་ཡང་མི་ཉུང་བ་ཞིག་ཡོད་སྟབས། ངས་ཇི་ལྟར་བྱས་ནས་དངུལ་སྒོར་ཁྲི་ལྔ་དེ་ལག་ཏུ་ལོན་ཐབས་བྱེད་དམ། ང་དང་ཆུང་མའི་ཕ་མ་གཉིས་ནི་ཞིང་གྲོང་ནས་ཡིན་སྟབས་ཁོ་ཚོར་གྲངས་ཀ་མང་བའི་དངུལ་སྒོར་དེ་འདྲ་གང་ནས་རྙེད། ངས་དེ་ལྟར་སེམས་བཞིན་ཉིན་ཤས་རིང་ངའི་སེམས་པ་ལྷོད་ལ་གཏན་ནས་འབབ་ཐབས་བྲལ། ཟས་ཟ་བའི་དང་ཁ་མེད་ལ། གཉིད་ཉལ་འདོད་ཀྱང་གཏན་ནས་མི་འདུག ཡིག་རྒྱུགས་གཏོང་བའི་དུས་ཚོད་ནི་ང་དང་བར་ཐག་ཇེ་ཉེ་ནས་ཇེ་ཉེར་འགྲོ་བཞིན་འདུག་པས། ང་རང་གི་སེམས་པ་ནི་རྡོ་ལེབ་ཚ་མོའི་སྟེང་གི་གྲོག་མ་ཇི་བཞིན་ཅི་བྱ་གཏོལ་བྲལ་དུ་གྱུར་སོང་། མཐར་ཆུང་མས་རང་གི་ལས་གྲོགས་ཀྱི་གམ་ནས་དངུལ་སྒོར་ཁྲི་གཉིས་གཡར་འདུག ངོ་མ་ཡིན། སྔོན་ཆད་ཡིན་ན་སྒོར་ཁྲི་གཉིས་གསུམ་ངའི་ངོས་ནས་བརྗོད་ན་གྲངས་ཀ་ཉུང་ཉུང་ཡིན། འོན་ཀྱང་། ད་ཆ་ཁྲི་གཉིས་དེ་ནི་ངའི་སྲོག་སྐྱོབ་ཆེད་ཀྱི་རིན་ཆེན་སྨན་བཟང་ཞིག་དང་འདྲ་བར་ངའི་ངོས་ནས་བརྗོད་ན་ཧ་ཅང་རྩ་ཆེན་ཡིན། ཧ་ཅང་རྩ་ཆེན་ཡིན། (མུ་འགོད)
ཨ་ལེ་ཡིས་བརྩམས། ཆོས་སྒྲོན་དང་དཔོན་ཁོ་གཉིས་ཀྱིས་བསྒྱུར། (འབར་ཁམས)