༡
ངས་བོད་ལྭ་གོན་ཤེས་པ་ནས་བཟུང་ཨ་མས་ང་ལ་སྐེ་རགས་དམར་ནག སྦོམ་ཕྲ་སྙོམས་པོ། རིང་ཐུང་འདོམ་གང་དང་ཚལ་བ་ཅན་ཞིག་བཟོས། སྐེ་རགས་ཀྱིས་གལ་མོ་བསྡམས་པའི་ཉིན་དེ་ནས་བཟུང་ངས་རང་ཉིད་རྒྱ་ཡན་དུ་གཏོང་མི་ཕོད་ལ། སྒྱིད་ལུག་དང་རྣམ་གཡེང་གི་དབང་དུ་ཤོར་འགྲོ་བའི་བསམ་བློ་དེའང་ལྷོད་དུ་འཇུག་མི་ཐུབ། དེའི་རྗེས་ནས་ཨ་མས་ང་ལ་སྐེ་རགས་དང་འབྲེལ་པའི་གཏམ་དཔེ་གཏན་ཚིགས་ཅན་རེ་འགའ་ནན་གྱིས་བཤད་མྱོང་སྟེ། སྐེ་རགས་ལྷམ་སྒྲོག་བསྡམས་ཡག་བྱོས། རང་གི་རོགས་ལ་དོ་ནི་བྱོས། ཞེས་ཨ་མའི་ལ་རྒྱ་དང་ཁོག་དཔུང་དེས་ང་ལ་བློ་སྤོབས་དང་སྙིང་སྟོབས་བསྩལ། ངས་ཡང་ནས་ཡང་དུ་བསམ་བློ་བཏང་རྗེས་དེ་ནི་བོད་ལྭ་ཁོ་ན་དང་འབྲེལ་བའི་ཚུགས་ཐུབ་ཀྱི་སྐད་ཆ་ཞིག་མ་ཡིན་པར་སེམས་ཀྱི་གཏིང་ལ་མཁོ་བའི་བསླབ་བྱ་ཞིག་ཡིན་པ་གཞི་ནས་ཤེས།
༢
དུས་དེ་ནས་བཟུང་ངས་སྐེ་རགས་ནི་བོད་ལྭ་གོན་པར་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད་མིའི་ཕྱི་ནང་གཉིས་ཀ་མཚོན་བྱེད་དུ་འདོད། དེ་བཞིན་ངས་ཡང་ནས་ཡང་དུ་སྐེ་རགས་དང་འབྲེལ་བའི་གཏམ་རྒྱུད་དང་མཚོན་དོན། རིག་གནས་ལ་མཉམ་རེ་བཞག་པ་ཡིན། གོམ་པའི་ས་ཚིགས་རེ་རེ་ནས་ཡུལ་དང་ལུང་བ་མི་གཅིག་པ། ཆོས་དང་ཆ་ལུགས་མི་གཅིག་པ། ལས་དང་ལམ་མི་གཅིག་པའི་མགྲོན་པོ་རེ་རེ་ལ་འཕྲད་དུས་ཐོག་མར་སྐེ་རགས་ཀྱི་དམ་ལྷོད་ལ་བལྟས་ཤིང་མཐར་ལས་རིགས་གང་ཞིག་ཡིན་མིན་རྩད་གཅོད་བྱས་པ་ཡིན། ལས་དང་ལམ་གྱི་འཕྲད་པའི་མི་དག་ནི་ཕུགས་བསམ་འཚོལ་སྙེག་མཁན་ཏག་ཏག་ཡིན་ཞིང་། རང་གི་རེ་འདུན་དེའི་ཆེད་དུ་སྐེ་རགས་མ་ལྷོད་པར་གོམ་པ་རེ་རེ་མདུན་དུ་སྤོ་མཁན་ཡང་ཡིན་སྲིད། སྐེ་རགས་མ་ལྷོད་པའི་མི་ནི་རྒྱལ་ཁའི་འབྲས་བུ་གཟེངས་སུ་ཐོན་ཞིང་མིག་མདུན་གྱི་འོད་ཟེར་འཚོལ་མཁན་གྱི་སྐྱེས་བུ་ ཡིན་ལ། སྐེ་རགས་བཅིངས་མྱོང་མཁན་གྱི་མི་བུ་དེ་ཚོ་ནི་མེས་པོའི་རུས་རྐང་གི་འཚོ་བཅུད་སྣུམ་པོ་ལེན་མཁན་དང་དེའི་རྔུལ་ཆུའི་གྲུབ་པའི་དཀའ་སྡུག་ཡོད་ཚད་ལ་སེམས་པ་བརླན་མྱོང་མཁན་ཡང་ཡིན་སྲིད།
༣
མི་རེ་རེའི་སྐེ་རགས་བཅིངས་སྟངས་མི་འདྲ་ལ། མི་རེ་རེའི་སྐེ་རགས་ཀྱི་ཁ་དོག་དང་སྦོམ་ཕྲ་ཡང་འདྲ་བོ་མི་འདུག མི་རེ་རེའི་སྐེ་རགས་མཐོ་དམའ་དང་དམ་ལྷོད་ཀྱང་མ་འདྲ་བས་མིའི་དར་རྒུད་དང་རྒྱལ་ཕམ་ཡང་གཅིག་པ་མིན། ས་ཆ་ལ་ལར་སྐྱེས་པ་ཕོས་བོད་ལྭ་ནག་པོ་དང་སྐྱ་བོ། ཁམ་པ་དང་སྨུག་པོ་བཅས་ཀྱི་སྟེང་ལ་སྐེ་རགས་ཅུང་ཙམ་སྦོམ་པོ། ཁ་དོག་དམར་པོ་དང་ལི་ཁྲི། སྔོན་པོ་བཅས་བཅིངས། ཡང་ས་ཆ་ལ་ལར་སྐྱེས་པ་ཕོས་གོས་ཆེན་ཁ་དོག་ཁྲ་ཁྲའི་སྟེང་ལ་སྐེ་རགས་ལྗང་གུ་དང་གློ་ཁ། གོས་ཀྱིས་བཟོས་པ་དེ་འདྲ་ཕྲ་བོ་ཞིག་བཅིངས་སྲིད། མི་ལ་ལས་སྐེ་རགས་ཚལ་བཅིངས་བྱེད་པས་སྐེད་པར་འདང་མི་འདང་བྱས། མི་ལ་ལའི་སྐེ་རགས་ཕྲ་ཞིང་ཕྲ་བས་ཡོད་མེད་ཀྱང་མི་ཤེས་པའི་ཚུལ་དུ་སྣང་། མི་ལ་ལའི་སྐེ་རགས་ཧ་ཅང་སྦོམ་པས་མདུད་པ་ཡང་མདུད་དཀའ་བའི་ཚུལ་དུ་གནས། མི་ལ་ལས་སྐེ་རགས་ཡུག་བཅིངས་བྱས་པས་ཚད་དང་རན་པར་འཁེལ་འགྲོ། དེ་ལྟར་སྐེ་རགས་ཀྱིས་ས་ཆ་རེ་རེའི་ཆ་ལུགས་མཚོན་ཞིང་། མི་རེ་རེའི་སེམས་ཀྱི་ཁ་དོག་ཀྱང་མངོན་ཐུབ། སྐེ་རགས་ཀྱི་དབྱིབས་དང་ཆེ་ཆུང་། བཟོ་ལྟ་དང་རྣམ་པས་མི་དེ་ལུང་པ་གང་གི་ཡིན་པའང་ཚོར་ཐུབ།
༤
ས་ཆ་ལ་ལར་བུད་མེད་ཀྱིས་ཆང་ས་མ་བརྒྱབ་ན་སྐེ་རགས་“ལན་མཐུད”བཅིངས། ཡང་ས་ཆ་ལ་ལར་བུད་མེད་ཀྱིས་སྐེ་རགས་རིང་བ་དཔྱངས་ཤིང་སྐྱེས་པས་སྐེ་རགས་ཐུང་བ་དཔྱངས། དེ་བཞིན་ས་ཆ་ལ་ལར་སྐྱེས་པ་དང་བུད་མེད་གཉིས་ཀས་སྐེ་རགས་མར་དཔྱངས་མེད་ན་ཁྱིམ་དང་གཉེན་ཉེ་ཞིག་མ་འཚམ་པའི་རྟགས་སུ་གྱུར་ཡོད། ས་ཆ་ལ་ལར་སྐྱེས་པ་དང་བུད་མེད་ཀྱིས་སྐེ་རགས་ཐུང་བ་ཞིག་སྔུན་ལ་དཔྱངས་ཡོད་ན་གཉེན་ཉེ་མ་འཚམ་པ་མཚོན། ཡང་བཤད་རྒྱུན་ལ་སྐེ་རགས་རིང་བ་དཔྱངས་ན་ཚེ་ཐག་རིང་ཞིང་སྐེ་རགས་ཐུང་ན་ཚེ་ཐག་ཐུང་བའི་རྟགས་སོགས་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བ་དང་ཡིད་ཀྱི་དད་པ་མ་འདྲ་བ། ཡུལ་གྱི་སྲོལ་མ་འདྲ་བས་སྐེ་རགས་ཀྱི་མཚོན་དོན་མི་འདྲ་ལ། དུས་ཀྱི་འགྱུར་ལྡོག་དང་བསམ་བློའི་གོ་རྟོག་མ་འདྲ་བས་སྐེ་རགས་ཀྱི་གླེང་གཞི་མི་འདྲ་བ་བྱུང་། སྐེ་རགས་ནི་ལུས་ལ་བོད་ལྭ་ཐེག་པ་ནས་བཅིངས་དགོས་པ་ཞིག་ཡིན་ལ། ཚེ་ཡི་འཕེན་པ་མ་རྫོགས་བར་དུ་ལྷོད་མི་རུང་བ་ཞིག་ཀྱང་ཡིན་ངེས། སྐེ་རགས་ནི་ལུས་ཀྱི་མདུད་པ་དང་སེམས་ཀྱི་དམ་ཚིག་ལ་བསྒོམ་ཆོག སྐེ་རགས་ནི་ཡིད་ཀྱི་འདུ་ཤེས་དང་ལུས་ཀྱི་ཆ་བྱད་ཅིག་ལ་ངེས་བཟུང་ཆོག་ཆོག་དུ་སྣང་། དེ་བས་སྐེ་རགས་ནི་ཁྱེད་རང་མཚོན་བྱེད་ཡིན་ལ་ཁྱེད་ཀྱི་མཛེས་སྡུག་དང་དགའ་སྐྱོ་མཚོན་བྱེད་ཀྱང་བྱས་ཆོག སྐེ་རགས་ཀྱིས་མེས་པོ་ཚོའི་བག་ཆགས་ཤིག་མཚོན་ཐུབ་ཞིང་བག་ཆགས་དེ་ལས་མངོན་པའི་རིག་གནས་ཤིག་གི་ཕྱི་ནང་ཡང་གསལ་བོ་གསལ་བོར་མངོན་ཡོང་།
༥
ངས་སྐབས་སྐབས་སུ་འདི་ལྟར་འདང་བརྒྱབ་པ་ཡིན། སྐེ་རགས་ཀྱིས་ཆེན་པོ་ཆེན་པོ་ཞིག་མཚོན་ཐུབ་པ་འདྲ་ལ། སྐེ་རགས་ཀྱིས་ཆུང་ཆུང་ཆུང་ཆུང་ཞིག་མངོན་ཡོང་པ་ཡང་དྲན། དེ་ན་མི་རིགས་ཤིག་མི་རིགས་ཡིན་པ་ངེས་འཛིན་དུ་སྐད་དང་ཡི་གེ། ཆོས་དང་རིག་གཞུང་། འཚོ་གནས་ཁོར་ཡུག་དང་འཚོ་བ་རོལ་སྟངས། སེམས་ཀྱི་འདུ་ཤེས་དང་ལུས་ཀྱི་ཆ་བྱད་སོགས་འཇོག་དགོས་པ་དང་། མི་རིགས་དེའི་འཕེལ་རྒྱས་དར་རྒུད་ནི་དེ་དག་རེ་རེའི་གྲུབ་ལུགས་དང་ཁྱད་ཆོས། རྒྱུན་འཛིན་དང་དར་སྤེལ་ལ་རག་ལས་པ་བཞིན་དུ་སྐེ་རགས་བཅིངས་ཤེས་མིན་དང་དམ་ལྷོད་རན་མི་རན་གྱིས་མི་རིགས་གང་དེའི་ཆེས་ཕྲ་ས་ན་གནས་པའི་གནད་དོན་ཞིག་རྟོག་ཐུབ། ང་ཚོས་ཆེས་ཕྲ་སའི་གནད་དོན་རེ་རེ་དང་དུ་བླངས་ནས་སེལ་བར་བྱ་དགོས། ང་ཚོའི་མི་བུ་རེ་རེ་ནི་སྐེ་རགས་ཀྱིས་བསྡམས་ནས་ཡོང་བ་ཏག་ཏག་ཡིན་ལ། ང་ཚོའི་མི་རེ་རེ་ནི་སྐེ་རགས་ལྷོད་ནས་མི་འདུག་མཁན་རེ་རེ་ཡང་ཡིན་ཆོག་སྟེ། ཕུགས་ཀྱི་བླ་དང་མདུན་གྱི་སྲོག་སྲུང་བའི་ཆེད་དམ། དམིགས་སའི་ཡུལ་དང་རེ་བའི་འདུན་པ་ཕྲན་བུ་ཙམ་གྱི་དོན་དུ་ཅིས་ཀྱང་གཏན་ཚིགས་ཀྱི་མགོ་བོ་མ་སྒུར་བར་མདུན་དུ་བསྐྱོད་པར་བྱ་དགོས། རང་གི་ཕ་མེས་ཀྱི་གནང་བའི་ལེགས་སྐྱེས་གྱ་ནོམ་པ་དེ་དུས་གསུམ་ཀུན་དུ་བླ་དང་སྲོག་གི་གཏིང་རིམ་ལ་འཐིམས་སྲིད་པས་ང་ཚོས་ཅིས་ཀྱང་རང་གི་ཡིད་ཀྱི་དམ་ཚིག་དེའི་ཆེད་དུ་རང་རང་གི་སྐེ་རགས་ལྷོད་མི་རུང་།
༦
དུས་ཀྱི་འགྱུར་བ་དང་བསྟུན་ནས་མི་རྣམས་ཧ་ཅང་སྟབས་བདེ་ཅན་ལ་མོས་ཤིང་གང་ལ་གང་འཚམ་བྱེད་པར་སྤྲོ་སྣང་སྐྱེས་བཞིན་མཆིས། དེང་སྐབས་སྐེ་རགས་མི་བཅིངས་མཁན་ཧ་ཅང་མང་པོ་བྱུང་དང་འབྱུང་གིན་ཡོད་དེ། སྐྱེས་མའི་བོད་ལྭར་ཁོག་སྟོད་དང་ཕུ་རུང་མི་དགོས་པ་མ་ཟད། སྐེ་རགས་ཀྱང་བཅིངས་མི་དགོས་པར་ཕུ་རུང་ཐད་ཀར་སྐེད་པར་སྦྱར་ནས་སྐེ་རགས་ཀྱི་ཚབ་བྱེད་མཁན་ཡང་ཡོད། ལོ་ལོན་ཚོ་དེ་ལ་རྣམ་རྟོག་ཟ་ཞིང་འཚིག་པ་སྐྱེས། ཡིན་ནའང་སྐྱེས་མ་ཚོ་དེ་ལ་དགའ་ཞིང་ལོ་ཆུང་ཚོ་ལྷག་པར་མོས་པའི་བོད་ལྭ་རིགས་ཤིག་གམ་ཆ་བྱད་ཅིག་ཏུ་གྱུར་འདུག སྐྱེས་པ་ཚོའི་ནང་ན་སྐེ་རགས་མི་དགོས་པ་མང་དུ་ཡོད་དེ་བོད་ལྭ་གཡང་ལུགས་བྱས་ནས་འགྲོ་མཁན་གདའ། དེ་དག་ལས་མང་ཤོས་ནི་ལེ་ལོ་ཁོ་ནར་གཡེང་མཁན་ཡིན། ལོ་ལོན་ཚོས་བཤད་ན་དེང་སྐབས་བོད་མི་མང་པོས་སྐེ་རགས་བཅིངས་ཤེས་ཀྱིན་མི་འདུག་ཟེར། དེའང་བདེན་པར་འདོད་དེ། འབྲོག་པ་ཚོས་སྐེ་རགས་ཅུང་དམའ་སར་བཅིངས་ཤིང་རོང་བ་ཚོས་སྐེ་རགས་ཅུང་མཐོ་སར་བཅིངས། ལ་ལས་དམ་པོར་བསྡམས་ནས་སྐེད་པ་རྨ་བྱས་ཡོད་ལ། ལ་ལས་ལྷོད་མོ་བཅིངས་ནས་སྒྱིད་པར་དྲུད་འདུག་པ་དེ་ཚོར་བལྟས་ན་མིག་ལ་མི་མཛེས་ཤིང་བལྟས་ཀྱིན་བལྟས་ཀྱིན་སེམས་ལའང་ཟུག་གཟེར་བླངས་པ་ཞིག་དུ་ཆགས་འགྲོ།
༧
གལ་ཏེ་ང་ཚོ་ལ་སྐེ་རགས་མེད་ན། དེ་ནི་རྟ་ཡོད་ཀྱང་སྒ་མེད་པ་བཞིན་དང་མར་ཡོད་ཀྱང་རྩམ་པ་མེད་པ་བཞིན་གྱི། རྒྱུགས་ན་ཨ་ཐང་ཆད་པ་དང་ཟས་ན་ཡུ་ག་མེད་པ་ལྟ་བུའོ།། ང་ཚོའི་མི་རེ་རེ་ནི་སྐེ་རགས་དམ་པོར་མི་བཅིངས་མཁན་རེ་རེ་ཡིན་ཚེ། ང་ཚོ་ལ་འཛིན་པ་དང་རེ་འདུན་གང་ཡང་ཡོད་མི་སྲིད། ང་ཚོ་ལ་ལ་རྒྱ་དང་ཞེ་འཁོན་གང་ཡང་ཡོད་མི་སྲིད། ང་ཚོས་རང་ཉིད་རྒྱ་ཡན་དུ་བཏང་ནས་རང་གི་ཞིང་ཚིགས་སུ་གཞན་ལ་མེ་ཏོག་འདེབས་སུ་འཇུག་པ་ལས། བརྩོན་སེམས་ཀྱི་དར་སྐུད་རིང་མོའི་སྣེ་ནས་ཕུད་མི་ཐུབ་པའི་དམ་བཅའ་དེ་ཡང་བོར་འགྲོ། དེ་བས་ན་ང་ཚོས་ཅིས་ཀྱང་སྐེ་རགས་དམ་པོར་བཅིངས་ཐུབ་དགོས། མེས་པོ་ཚོ་ཇག་ལ་སོང་ནས་བྲེལ་འཚུབ་ཆེ་ཞིང་རྐུན་ལ་སོང་ནས་ཉེན་ཁར་ཐུག་ཀྱང་སྐེ་རགས་ལྷོད་མི་དཔེ། མེས་པོ་ཚོ་དཔའ་ཁེར་རྒྱུག་བྱས་ནས་བཙོན་ལ་བཅུག་ཅིང་མདུང་ཕྲག་འཁུར་བྱས་ནས་རི་ལ་སོང་ཀྱང་སྐེ་རགས་བཅིངས་སྲིད། ང་ཚོས་ཀྱང་ཕ་བཟང་བོའི་རུས་པ་གསེར་གྱི་བརྒྱན་མི་ཐུབ་རུང་སྐྲ་དཀར་བོ་སྐྱི་བསེར་རླུང་ལ་བསྐུར་ག་ལ་རུང་།
༨
དུས་ཀྱི་བརྡབ་གསིག་ཁྲོད་སྟོད་དབུས་གཙང་ནས་སྨད་མདོ་ཁམས་བར་གྱི་ལེ་བར་ཁྲི་ཕྲག་གི་ས་ཚིགས་རེ་རེ་སྐེ་རགས་ཀྱིས་བསྡམས་ནས་ཡོད། ས་ཚིགས་རེ་རེ་ན་ལྷག་པའི་མི་རབས་དེ་ཚོས་ཀྱང་གཅིག་གིས་གཅིག་ལ་ལག་རྡང་སྦྲེལ་བ་ཇི་བཞིན་དུ། སྐེ་རགས་ཀྱི་སྣེ་གཉིས་ཀ་རང་གི་སྣང་བ་མཐུན་ས་དང་ཁོག་པ་འཇོག་སའི་ཡུལ་དང་ལུང་བ་དེར་མཐུད་ནས་ཡོད་ངེས། ལུང་བ་རེ་རེའི་མི་བུ་དེ་ཚོས་རང་གི་རུམ་གྱི་བྲོ་དང་སྐེད་པའི་སྐེ་རགས་ས་ལ་མ་ལྷུང་བ་དང་སྟེང་ནས་མ་ལྷོད་པར་རང་གི་ལུས་ལ་དམ་པོར་བཅིངས་ནས་ཡོད་ཚེ། ས་གཞི་ཧྲིལ་བོ་དང་ནམ་མཁའ་ཧྲིལ་བོ་འདིའི་བདག་པོ་ང་ཚོས་བྱས་ཆོག་ལ། མིག་མདུན་དུ་ལྷག་པའི་འཁུར་བོ་དེ་དག་ཀྱང་ཨུ་ཚུགས་དང་བསྟན་བཤིག་གང་ཡང་བྱ་མི་དགོས་པར་བརྩོན་སེམས་དང་ཧུར་ཐག་གིས་དང་དུ་ལེན་ཆོག་ཆོག་ཅིག་ཡིན་ངེས། དེ་དུས་ང་ཚོས་ཡུན་རིང་རེ་ཞིང་སྒུག་པའི་འབྲས་བུ་དེ་ཡང་གཙང་དག་ཡང་དག་གིས་ལེན་ཐུབ་འགྲོ།
༩
རིག་གནས་ཀྱི་བག་ཆགས་ནི་ལོ་ཟླ་ག་ཚོད་འདས་ཀྱང་བརྗེད་དུ་མེད་པའི་དྲན་ཤིང་ཚ་བོ་ཞིག་ཡིན། རིག་གནས་ཀྱི་བག་ཆགས་ནི་སུས་ཀྱང་འགོག་ཐབས་བྲལ་བའི་བློ་སྒོ་ཞིག རིག་གནས་ཀྱི་བག་ཆགས་དེའི་རྐྱེན་པས་ས་ཚིགས་མང་པོ་ཞིག་བརྒྱུད་ཀྱང་གྲུ་དང་ཟུར་ཁ་རེ་རེ་ནས་ལོ་རྒྱུས་ཀྱི་གསང་བ་རེ་རྙེད་ཐུབ། རིག་གནས་ཀྱི་བག་ཆགས་དེའི་རྐྱེན་པས་གོམ་པའི་རྡོག་པ་རེ་རེའི་མཚམས་ནས་ཡུལ་ལུང་སོ་སོའི་ཁྱད་ཆོས་རེ་མཐོང་དུས་རང་ཉིད་ཀྱང་སྐབས་སྐབས་སུ་དེ་དག་དང་འདྲ་བོ་ཆགས་པའི་སྣང་བ་གདའ། ཡང་སྐབས་སྐབས་སུ་རང་ཉིད་ཀྱིས་མ་ཤེས་མ་ཚོར་བའི་ཤེས་བྱ་མང་པོ་ཞིག་ཡུལ་ལུང་དེ་ག་ནས་རྙེད་ཐུབ་པའི་ཚོར་སྣང་འདུག དེ་བས་ན་རང་གི་ལུས་སྟེང་གི་ཆ་བྱད་དེ་དག་གིས་རང་ཉིད་ཀྱི་ཆ་ཤས་རེ་རེ་མཚོན་ཐུབ་པ་བཞིན་གྱིས་སྐབས་སྐབས་སུ་རང་གི་ཆ་བྱད་ཀྱིས་རང་ཉིད་ལ་ངོས་འཛིན་གཞན་ཞིག་བྱེད་དུ་འཇུག་ཐུབ།
༡༠
ཕ་ཡུལ་དང་རིང་དུ་གྱེས་ཤིང་ཕ་མ་དང་ཁ་ཐག་རིང་དུས་ངས་ཡང་ནས་ཡང་དུ་ཨ་མ་ལགས་ཀྱིས་གནང་བའི་སྐེ་རགས་དེར་ལག་པས་ཡང་ཡང་རེག་བཞིན་ངག་ནས་གྱེར་བདེ་བའི་དམ་ཚིག་བཟློས་བཞིན་རང་གིས་རང་ལ་འགན་ཞིག་འཇོག་དགོས་བྱུང་། དུས་ཚིགས་རེ་རེ་ནི་ཆུ་མོའི་བཞུར་རྒྱུན་བཞིན་ལྡོག་དུ་མེད་ནའང་སེམས་ཀྱི་མེ་ལོང་ངོས་སུ་སྐེ་རགས་ཀྱིས་བཅིངས་པའི་རང་ཉིད་ཀྱི་གྲིབ་མ་གསལ་ལེར་འཆར་ངེས་པས། ད་དུང་དམིགས་འབེན་ཞིག་གི་ཆེད་དུ་འཚོ་ཞིང་གཞིས་ཡོད་པར་བསམ་ནས་མདུན་བསྐྱོད་ཀྱི་གོམ་མཚམས་འཇོག་མི་རུང་བར་སྙམ་བཞིན་ག་ལེར་ག་ལེར་སེམས་ཀྱི་སྐེ་རགས་མ་ལྷོད་པར་བསྐྱོད་པ་ཡིན།
སྐེ་རགས།
རྩོམ་པ་པོ། རྣམ་རྒྱལ་མཚོ། (ཀན་སུའུ།)