[གནད་བསྡུས] དཔྱད་རྩོམ་འདིར་རྣམ་དབྱེ་ཞེས་པའི་ཐ་སྙད་བོད་དུ་དུས་ནམ་བྱུང་བ་དང་། རྒྱ་བོད་གཉིས་ཀྱི་རྣམ་དབྱེའི་ངོས་འཛིན་ག་འདྲ་ཡིན་པ། སྲོལ་རྒྱུན་རྣམ་དབྱེ་དང་དེང་རབས་རྣམ་དབྱེ་ལ་ཁྱད་པར་ཅི་མཆིས་པ། རྣམ་དབྱེ་དང་པོ་ནི་དོན་དམ་ག་འདྲ་ཞིག་ལ་ངོས་འཛིན་དགོས་པ། དེ་ལ་ནང་གསེས་ཀྱི་དབྱེ་བ་དང་ཐུན་མོང་གི་ཕྲད་ཡོད་མེད་སོགས་ལ་དཔྱད་ཞིབ་བགྱིས་ཡོད།
[གནད་ཚིག] རྣམ་དབྱེ་དང་པོ། མིང་། ཆོས་དངོས། རྐྱེན།
དང་པོ། རྣམ་དབྱེ་ཞེས་པའི་བརྡ་ཆད་ནམ་བྱུང་བ་དང་དེའི་གོ་དོན།
གཅིག རྣམ་དབྱེའི་བརྡ་ཆད་ཀྱི་བྱུང་བ།
སྤྱིར་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་གི་མ་དཔེར་གྱུར་པའི་ལེགས་སྦྱར་སྒྲ་རིག་པར་རྣམ་དབྱེའི་རྣམ་གཞག་སྤྱི་ལོ་སྔོན་ནས་ཡོད་དེ། སྤྱི་ལོ་སྔོན་གྱི་དུས་རབས་བཞི་པ་ཙམ་ལ་མཛད་པར་གྲགས་པའི་སྒྲ་པཱ་ཎི་པར་རྣམ་དབྱེའི་རྣམ་གཞག་ཡོད་པ་ལས་རྟོགས་ཐུབ། ཡིན་ཡང་རྣམ་གཞག་དེ་སྟོན་བྱེད་ཀྱི་མིང་བརྡ་དུས་ག་ཚོད་དུ་བོད་ཀྱི་བརྡ་སྤྲོད་རིག་པའི་བརྡ་ཆད་ཀྱི་ཁོངས་སུ་ཚུད་པ་ནི་ཞིབ་ཏུ་བརྗོད་དཀའ། རྒྱུ་མཚན་ནི་ཐུན་མོང་དུ་དུས་རབས་བདུན་པར་བོད་ཀྱི་ཡི་གེའི་བྱེད་པོ་ཐོན་མིས་རྒྱ་གར་གྱི་སྒྲ་པ་པཱ་ཎི་ཎིའི《བརྡ་སྤྲོད་པའི་རྣམ་གཞག་སྐབས་བརྒྱད་པ》ཞེས་པར་དཔེ་མཛད་དེ་བརྩམས་གནང་གྲགས་པའི་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་བརྒྱད་ལས་དྲུག་བོར་བརླགས་སུ་སོང་བ་དང་། ཤུལ་གྱི་སུམ་རྟགས་གཉིས་སུ་རྣམ་དབྱེའི་རྣམ་གཞག་ཚུད་ཡོད་མོད། རྣམ་དབྱེ་ཞེས་པའི་བརྡ་ཆད་མ་བྱུང་བ་དང་། སྤྱིར་ཡིན་ན་དེ་འདྲའི་རྣམ་གཞག་བོད་ལ་འགྱུར་ཟིན་ན་དེའི་ངོ་བོ་སྟོན་བྱེད་ཀྱི་མིང་བརྡ་དེའང་ཆབས་ཅིག་ཏུ་འགྱུར་སྲིད་པ་ཞིག་ཡིན་མོད། འོན་ཀྱང་སུམ་རྟགས་ལས་གཞུང་གཞན་དྲུག་པོ་རྙེད་དུ་མེད་ཕྱིར་ཕྱོགས་ཡོངས་ནས་དཔྱད་ཞིབ་བགྱིས་པའི་རྒྱུ་ཆ་དཀོན་པོར་གྱུར་པའི་དབང་གིས་ཐོན་མིའི་སྐབས་སུ་བརྡ་ཆད་དེ་བོད་ལ་འགྱུར་མ་འགྱུར་གྱི་ཐད་ཀའི་བདེན་དཔང་རྙེད་དུ་མེད། གལ་ཏེ་ད་ཡོད་སུམ་རྟགས་གཉིས་ལ་གཞི་བཅོལ་ཏེ་ལྷག་མའི་གཞུང་དྲུག་པོར་བསམ་གཞིག་མ་བགྱིས་པ་ཡིན་ན། དུས་རབས་བདུན་པར་བོད་རང་ལ་འགྱུར་མེད་ཅེས་བཤད་ཆོག་ལ་དེ་ལྟར་ལྟའོ། །
དེའི་ཕྱིས་སུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་ལོ་ཙཱ་པ་ལྕེ་ཁྱི་འབྲུག་གིས་ལེགས་སྦྱར་སྐད་ནས་བོད་སྐད་དུ་བསྒྱུར་པའི་རྣམ་དབྱེ་བརྒྱད་ཀྱི་དཔེ་བརྗོད་ཅིག་ཡོད་པ་ད་ལྟ་བསྟན་འགྱུར་ཁྲོད་དུ《སྒྲའི་རྣམ་པར་དབྱེ་བ་བསྟན་པ་བཞུགས་སོ》①ཞེས་དང་། 《རྣམ་དབྱེ་བརྒྱད་ཀྱི་བསྟན་དོན་ཚིག་ལེའུར་བྱས་པ》②ཞེས་མཚན་བྱང་དུ་རྣམ་དབྱེ་ཞེས་པའི་ཐ་སྙད་བྱུང་ཡོད་ཀྱང་། དེ་ནི་ཕྱིས་ཀྱི་བསྟན་འགྱུར་དཀར་ཆག་སྒྲིག་མཁན་གྱིིས་སྦྱར་བར་སེམས་ཏེ། རྒྱུ་མཚན་ནི་གཅིག་ན་མཚན་བྱང་གཅིག་གྱུར་ཡོང་མེད་པ་དང་། གཉིས་ན་དེའི་རྗེས་ཀྱི་དུས་རབས་དགུ་པའི་ནང་འགོས་ཆོས་གྲུབ་ཀྱིས་རྒྱ་ནག་སྐད་ནས་བསྒྱུར་པའི་རྣམ་དབྱེ་བརྒྱད་ཀྱི་དཔེ་བརྗོད་ད་ལྟ་ཏུན་ཧོང་གཏེར་ཡིགPT.783དུ“༄། ། འཇུག་པའྀ་སྒྲ་བརྒྱད་བསྟན་པའ་ཚིག་ལེའུར་བྱས་པ། འཕགས་པ་འཇམ་དཔལ་གཞོ་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ། མེ་ཏོག་རྒྱས་ཚལ་ལྗོན་ཤྀང་ཡོད། ། ལྗོན་ཤིང་ལ་ནི་རླུང་གྀས་བསྐྱོད། ། … …③” ཅེས་མཚན་བྱང་ལ་འཇུག་པའི་སྒྲ་བརྒྱད་ཅེས་བཏགས་ཡོད་པ་ལས་རྣམ་དབྱེ་བརྒྱད་ལ་སོགས་པར་བཏགས་མེད་པས་སོ། །
དུས་རབས་བཅུ་པའི་དུས་མཇུག་ཏུ་བོད་ལ་ཕེབས་པའི་དྲན་པ་ཡེ་ཤེས་གྲགས་པའི《སྨྲ་སྒོ་མཚོན་ཆ》རུ་ད་གཟོད་དངོས་གནས་རྣམ་དབྱེ་ཞེས་པའི་ཐ་སྙད་དངོས་སུ་བྱུང་ཡོད་དེ།“དང་པོ་ལ་སོགས་བདུན་པའི་མཐའ། ། རྣམ་དབྱེ་བསྒྱུར་བ་བདུན་པོ་དང་། ། ཕྲད་དང་སྦྱོར་བ་བྲལ་བའི་ཕྱིར། ། གཞན་དང་སྦྱོར་མེད་བོད་པ་སྤང་། །”④ ཞེས་གསུངས་པ་ལྟ་བུའོ། ། དེ་བས“སུམ་རྟགས་གཉི་གའི་རྩ་བ་ན། རྣམ་དབྱེའི་ཐ་སྙད་མ་མཛད་པ་ལ་བརྟགས་ན། ཕྱིས་ཀྱི་ལོ་ཙཱ་པ་དག་གིས་ལེགས་སྦྱར་གྱི་བི་བྷཀྟི་རྣམ་དབྱེར་བསྒྱུར་བ་ཡིན་ནམ་སྙམ”⑤ཞིང་། 《སྨྲ་སྒོ་མཚོན་ཆ》མཛད་པ་ནས་བཟུང་ཐ་སྙད་དེ་རང་དངོས་སུ་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་དུ་ཚུད་པ་དང་། ཕྱིས་སུ་ལོ་ཙཱ་པ་ཐར་ལོ་ཉི་མ་རྒྱལ་མཚན་ལ་སོགས་པས་ལེགས་སྦྱར་གྱི་སྒྲ་གཞུང་དུ་མ་སྔ་རྗེས་སུ་བསྒྱུར་པ་དང་བསྟུན་ནས་རྣམ་དབྱེ་ཞེས་པའི་ཐ་སྙད་དེ་རྒྱུན་འབྱམས་སུ་སོང་བར་འདོད་དོ། །
གཉིས། རྣམ་དབྱེའི་གོ་དོན།
༡. བོད་ཀྱི་མཁས་པའི་བཞེད་ཚུལ།
སི་ཏུས“རྣམ་དབྱེ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་ལ་མིང་གི་མཐར་སྦྱར་བས་ཚིག་ཏུ་འགྲུབ་པར་བྱེད་པའི་རྐྱེན་སི་སོགས་བདུན་གསུམ་ཉི་ཤུ་རྩ་གཅིག་པོ་རྣམས་
ཏེ”⑥ཞེས་དང་། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས“བརྗོད་པའི་ངག་གཞན་གང་ཡིན་རྣམས་རྣམ་དབྱེ་བརྒྱད་པོ་གང་རུང་གི་གནས་སྟོན་བྱེད་དུ་ཆོས་གཉིས་ཀྱི་རྣམ་པ་མ་འདྲེས་པར་སོ་སོར་དབྱེ་བ་སྟེ་འབྱེད་པར་བྱེད་པའི་སྒྲ་ཡིན་པས་ན་རྣམ་དབྱེ་ཞེས་བྱའོ། །”⑦ཞེས་དང། ཚེ་ཏན་ཞབས་དྲུང་མཆོག་གིས“ཆོས་གང་ཡང་རུང་བ་ཞིག་གི་མིང་ཚིག་དེ་གཞན་དང་མ་འདྲེས་པར་རྣམ་པར་ཏེ་སོ་སོར་དབྱེ་ཞིང་འབྱེད་ནུས་པའི་སྒྲའི་ཆ་ཤས་སུ་གྱུར་པའི་ཚིག་ཕྲད་ཅིག་ལ་རྣམ་དབྱེ་ཞེས་བྱ་སྟེ།”①ཞེས་དང། དོར་ཞི་གདོང་དྲུག་སྙེམས་བློ་ཚང་གིས“རྣམ་དབྱེ་ཞེས་པ་ནི། མིང་རྣམས་ཚིག་ཏུ་བསྒྲུབ་པའི་ཚེ། ཚིག་གི་ཆ་ཤས་སུ་གྱུར་པའི་མིང་སོ་སོའི་བྱེད་ལས་ཀྱི་ངོ་བོ་གཞན་དང་མ་འདྲེས་པར་གསལ་བར་ཕྱེད་ཅིང་། ཚིག་གི་བསྟན་དོན་ངེས་པར་བྱེད་པའི་ནུས་པ་དང་ལྡན་པའི་རྐྱེན་ཁྱད་པར་ཅན་སྦྱོར་ཚུལ་གྱི་རྣམ་གཞག་ཅིག་རེད”②ཅེས་གསུངས་ཡོད་དོ། ། མདོར་ན་རྣམ་དབྱེ་ཞེས་པ་ནི་ཆོས་གཉིས་ཀྱི་ངོ་བོ་གཅིག་ཏུ་མ་འདྲེས་པར་སོ་སོར་དབྱེ་འབྱེད་བྱེད་ཐུབ་པའི་སྒྲའི་ཆ་ཤས་སམ་རྐྱེན་ཞིག་ལ་ངོས་འཛིན་དགོས།
༢. རྒྱ་གར་གྱི་མཁས་པའི་བཞེད་ཚུལ།
ལྷ་མོ་དབྱངས་ཅན་མས་སློབ་དཔོན་ཨ་ནུ་བྷཱུ་ཏིའམ་རྗེས་འབྱོར་བཟང་པོ་ལ་དངོས་སུ་བསྩལ་པར་གྲགས་ཤིང་སློབ་དཔོན་རང་གིས་འགྲེལ་བ་གནང་བའི《འགྲེལ་བ་གསལ་ལྡན》ལས།“རྣམ་དབྱེའི་མཐའ་ཅན་ནི་ཚིག་གོ ། སི་སོགས་དང་ཏི་སོགས་རྣམ་དབྱེའི་མཐའ་ཅན་དེ་ལ་ཚིག་ཅེས་བྱའོ། ། རྣམ་དབྱེ་མེད་པ་ནི་མིང་ངོ་། ། བྱིངས་བོར་བའི་རྣམ་དབྱེ་དང་མི་ལྡན་པ་ཀྲྀཏ྄་དང་། དེ་ཕན་དང་། ཚིག་སྡུད་སོགས་ཀྱི་མཐའ་ཅན་དོན་དང་ལྡན་པ་དེ་ལ་མིང་ངམ། རྟགས་སམ། ཤཔྟའམ། པྲཱ་ཏི་པ་ཏི་ཀཾ་ཞེས་བྱའོ”③ཞེས་རྣམ་དབྱེ་ནི་མིང་དང་བྱིངས་ཀྱི་རྗེས་སུ་སྦྱར་ནས་ཚིག་ཏུ་སྒྲུབ་བྱེད་ཀྱི་སི་དང་ཏི་སོགས་ཀྱི་རྐྱེན་དེ་དག་ལ་ངོས་འཛིན་ནོ། །
༣. ཕྱི་གླིང་དེང་རབས་སྐད་བརྡ་སྨྲ་བའི་བཞེད་ཚུལ།
ཕྱི་གླིང་གི་དེང་རབས་སྐད་བརྡ་རིག་པ་སྨྲ་བའི་སྡེ་རུ་རྣམ་དབྱེ་གཙིགས་སུ་བཟུང་ནས་ཞིབ་འཇུག་བྱེད་པ་དང་ཞིབ་འབྲས་ཅུང་བཟང་བ་ནི་ཆའོ་མུའུ་སི་ཅིའི(乔姆斯基)སློབ་མ་ཧྥེལ་མོར(fillmore菲尔墨)ཡིན་ཞིང་། ཁོང་གིས་དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་ནས་བཟུང་སྔ་ཕྱིར་རྣམ་དབྱེའི་སྐོར་གྱི་དཔྱད་རྩོམ་དུ་མ་སྤེལ་ཏེ་དེང་རབས་རྣམ་དབྱེའི་གཞུང་ལུགས(格语法理论)ཀྱི་རྨང་གཞི་བཏིང་། ཁོང་གིས་མཛད་པའི《རྣམ་དབྱེ་སྟངས་འཛིན》④ཞེས་པར།“རྣམ་དབྱེའི་གོ་དོན་ནང་དུ་སྤྱི་ཁྱབ་རང་བཞིན་ལྡན་ཞིང་ནང་རིམ་གྱི་དོན་ལ་ཆ་བཞག་ཆོག་པ། མི་རྣམས་ཀྱིས་ཉེ་འཁོར་གྱི་བྱ་དངོས་སྣ་ཚོགས་ལ་རིགས་དགར་གྱིས་བརྡར་ཤ་གཅོད་སྟངས་ཡོད་ཚད་འདུ་དགོས། དཔེར་ན། དོན་དེ་སུ་ཡིས་སྒྲུབ་པ། དོན་དེ་སུའི་སྟེང་དུ་བྱུང་བ། དངོས་པོ་གང་ཞིག་འགྱུར་ལྡོག་བྱུང་བ་སོགས་བྱ་དངོས་དེ་དག་བརྡར་ཤ་གཅོད་པ་ལྟ་བུ།”⑤ཞེས་གསུངས། འདིའི་སྤྱི་ཁྱབ་རང་བཞིན་དང་ནང་རིམ་གྱི་དོན་ལ་ཆ་བཞག་ཆོག་པ་ཞེས་པ་ནི། སྐད་ཆ་གང་ལའང་རྣམ་དབྱེ་ལྡན་ཞིང་། རྣམ་དབྱེ་ནི་ཕྱིའི་ཚིག་གི་སྦྱོར་སྟངས་སམ་ཚིག་གི་གྲུབ་ཆ་སྟེ་མིང་དག་ལ་རྐྱེན་སྦྱར་མ་སྦྱར་དང་གཟུགས་འགྱུར་མ་འགྱུར་ལ་རག་མ་ལས་པར་ཚིག་གི་ནང་རིམ་མམ་གཏིང་རིམ་གྱི་དོན་ལ་རང་བཞིན་དུ་ཉར་བའི་དོན་ཡིན། བཤད་ཚུལ་འདི་ནི་གནའ་རབས་བོད་རྒྱ་གཉིས་གང་ལའང་མ་གྲགས་པའི་བཤད་སྲོལ་གསར་བ་ཞིག་རེད།
གཉིས་པ། སྲོལ་རྒྱུན་རྣམ་དབྱེ་དང་དེང་རབས་རྣམ་དབྱེའི་ཁྱད་པར།
གཅིག སྲོལ་རྒྱུན་གྱི་རྣམ་དབྱེ།
སྲོལ་རྒྱུན་གྱི་རྣམ་དབྱེ་ནི་གཙོ་ཆེར་ཚིག་གི་གྲུབ་ཆའི་མིང་གང་རུང་ལ་རྐྱེན་སྣ་ཚོགས་སྦྱར་ཏེ་དེ་ཉིད་ཀྱི་གཟུགས་འགྱུར་ཞིང་གྲངས་ཚད་དང་བྱ་བྱེད། འབྲེལ་བ་སོགས་སྟོན་པའི་བརྡ་སྤྲོད་ཐབས་རིགས་ཤིག་ལ་ཟེར་ཏེ། དེ་ཡང་ཁྱད་ཆོས་གཙོ་བོ་ནི་ཚིག་གི་གྲུབ་ཆར་གྱུར་པའི་མིང་གང་རུང་ལ་གཟུགས་འགྱུར་ཡོད་པ་དེ་ཡིན། དཔེར་ན། དབྱིན་ཇིའི་སྐད་དུ“a book”ཞེས་པར་རྐྱེན“S”སྦྱར་བས“books”ཞེས་མིང་གི་གཟུགས་འགྱུར་ཏེ་སྔོན་གྱི་གཅིག་ཚིག་མང་ཚིག་ཏུ་བསྒྱུར་བ་དང་། བྱིས་པའི་གཅིག་ཚིག་གི་མིང“achild”ཞེས་པར“ren”སྦྱར་བས“children”ཞེས་བྱིས་པ་རྣམས་སུ་འགྱུར་བ། སློབ་མའི་དཔེ་ཆ་ཞེས་པར་སློབ་མའི་མིང“student”ལ“s”སྦྱར་བས“The student’s book”ཞེས་བདག་པོ་དང་དངོས་པོའི་འབྲེལ་བ་སྟོན་པ་ལྟ་བུ། ལེགས་སྦྱར་སྐད་ལའང་དེ་བ་ཞེས་པར་རྣམ་དབྱེ་དང་པོའི་གཅིག་ཚིག་གི་རྐྱེན་སི་སྦྱར་བས་དེ་བཿཞེས་ལྷ་གཅིག་དང་གཉིས་ཚིག་ཨཽ་སྦྱར་བས་དེ་བཽ་ཞེས་ལྷ་དག་གམ་ལྷ་གཉིས་སུ་འགྱུར་བ་ལྟ་བུ། དེ་བ་ཞེས་པར་རྣམ་དབྱེ་གསུམ་པའི་གཅིག་ཚིག་ཊཱ་སྦྱར་བས་དེ་བེན་ཏེ་ལྷ་ཡིས་ཞེས་གཅིག་ཚིག་གི་བྱེད་པོའི་དོན་སྟོན་པ་སོགས་མདོར་ན། ཚིག་གི་གྲུབ་ཆའི་མིང་ལ་རྐྱེན་གང་རུང་སྦྱར་ཏེ་དེ་ཉིད་གཟུགས་འགྱུར་དང་བཅས་རྣམ་དབྱེ་གང་རུང་མཚོན་པ་ནི་སྲོལ་རྒྱུན་གྱི་རྣམ་དབྱེའི་ཁྱད་ཆོས་གཙོ་བོ་ཡིན་ནོ། །
གཉིས། དེང་རབས་ཀྱི་རྣམ་དབྱེ།
དེང་རབས་ཀྱི་རྣམ་དབྱེ་ཞེས་པ་ནི། སུའེ་ཙེར(瑞士)གྱི་སྐད་བརྡ་རིག་པ་བ་སའོ་ཞུར(索绪尔)གྱིས《སྤྱིར་བཏང་སྐད་བརྡ་རིག་པའི་ཁྲིད་རྒྱུན》ཞེས་པ་མཛད་པ་ནས་བཟུང་། མཁས་པ་སོ་སོས་དེང་རབས་ཀྱི་སྐད་བརྡ་རིག་པའི་ཞིབ་འཇུག་ཐབས་ལམ་ལ་བརྟེན་ནས་རྣམ་དབྱེ་ལ་ཞིབ་འཇུག་བགྱིས་པའི་རྣམ་དབྱེ་ལྟ་བ་ལ་གོ སྒོས་སུ་ཧྥེལ་མོར་གྱི་རྣམ་དབྱེ་ལྟ་བ་ལ་ཟེར་བ་ཡིན། དེས་ན། ཧྥེལ་མོར་གྱི་རྣམ་དབྱེའི་ཁྱད་ཆོས་གཙོ་བོ་ནི་ཚིག་གི་གཏིང་རིམ་གྱི་དོན་གྱི་འབྲེལ་བའི(深层语义关系)སྟེང་ནས་རྣམ་དབྱེ་ལ་ཞིབ་འཇུག་བགྱིས་པ་དེ་ཡིན། དེའི་དབང་གིས་སྲོལ་རྒྱུན་གྱི་རྣམ་དབྱེ་ལས་མིང་ལ་རྐྱེན་སྦྱོར་བ་དང་གཟུགས་འགྱུར་བ་སོགས་ལ་དོ་སྣང་མེད་པར། འཛམ་བུ་གླིང་གི་སྐད་ཆ་སྤྱི་དང་སྐད་ཆའི་བརྗོད་བྱར་གྱུར་པའི་མིའི་རིགས་ཀྱི་འཚོ་བ་ལས་འཕྲོས་ཏེ་རྣམ་དབྱེ་གཏན་ལ་ཕབ་ཡོད། དཔེར་ན། འཛམ་བུ་གླིང་གི་སྐད་ཆ་གང་ཡིན་ཡང་། ཅི་ཞིག་སྒྲུབ་པ་དང། སུས་སྒྲུབ་པ། སུ་དང་མཉམ་དུ་སྒྲུབ་པ། ལག་ཆ་གང་ལ་བརྟེན་ནས་སྒྲུབ་པ། གང་དུ་སྒྲུབ་པ། དུས་ནམ་སྒྲུབ་པ་སོགས་ཀྱི་དོན་ནི་འཚོ་བའི་ཁྲོད་བྱོལ་ཐབས་མེད་པའི་བརྗོད་གཞི་ཡིན་པ་དང་། བརྗོད་གཞི་དེ་དག་ནི་ཚིག་གི་གཏིང་རིམ་གྱི་དོན་ཡིན་ཕྱིར། མི་རིགས་གང་གི་སྐད་ལའང་དེ་དག་མེད་མི་སྲིད། དོན་གྱི་བྱེ་བྲག་དེ་དག་སྐད་ཆའམ་ཚིག་གི་འགྲོས་ལ་བསྟར་དུས་ད་གཟོད་ཚིག་གི་གྲུབ་ཆ་སྟེ་མིང་གི་རིམ་པ་བསྣུར་བ་དང་རྐྱེན་སྦྱོར་བ་སོགས་མི་རིགས་སོ་སོའི་སྐད་དང་མཐུན་པར་ཚིག་གི་སྒྲིག་གཞིའི་ཁྱད་ཆོས་བྱུང་བ་ཡིན་པར་བཤད། དེས་ན། ཁོང་གིས་འདོད་པའི་རྣམ་དབྱེ་ནི་ཚིག་གི་གཏིང་རིམ་དུ་ཉར་བའི་བརྗོད་འདོད་ཀྱི་དོན་བྱེ་བྲག་པ་དེ་དག་ཡིན་པ་ལས་ཚིག་རིས་སྟེང་དུ་མངོན་པའི་རྣམ་པ་ནི་མིན། དེ་བཞིན་བོད་ཀྱི་བརྡ་སྤྲོད་མཁན་པོ་སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས“དོན་ཐོབ་ཀྱི་དབང་གིས་དོན་རྗོད་པར་བྱེད་པའི་སྐད་རིགས་ཐམས་ཅད་ལ་རྣམ་དབྱེ་དེ་རྣམས་མེད་པ་མི་སྲིད”①ཅེས་གསུངས་པའང་སྲོལ་རྒྱུན་གྱི་རྣམ་དབྱེ་བཞིན་དུ་ཚིག་རིས་ཙམ་དང་མིང་མཐར་རྐྱེན་སྦྱར་མ་སྦྱར་དང་མིང་གི་གཟུགས་རིས་འགྱུར་མ་འགྱུར་ཁོ་ནར་ལྟོས་པ་མ་ཡིན་པར་རྗོད་བྱེད་ཀྱི་གཏིང་རིམ་དུ་ཆགས་པའི་བརྗོད་འདོད་ཀྱི་དོན་དེ་དག་ལ་དམིགས་ནས་གསུངས་པ་ངེས་ཤེས་འདྲོངས་ཐུབ། ལྟ་བ་འདི་ནི་བོད་རྒྱ་གཉིས་ཀའི་མཁས་པའི་ཁྲོད་དུ་དུས་སྔ་ཕྱི་གང་ལའང་མ་གྲགས་པ་ཞིག་ཡིན་ཡང། ཏག་ཏག་མི་ལོ་ཉིས་བརྒྱ་ལྷག་གི་རྗེས་སུ་བྱུང་བའི་ཕྱི་གླིང་གི་མཁས་པ་ཧྥེལ་མོར་གྱི་རྣམ་དབྱེ་ལྟ་བ་དང་མ་གྲོས་རང་མཐུན་བྱུང་ངོ་། །
གསུམ། རྣམ་དབྱེའི་རྣམ་གྲངས།
སྲོལ་རྒྱུན་གྱི་རྣམ་དབྱེ་ལ་ཆ་མཚོན་ན། མི་རིགས་སོ་སོའི་སྐད་དུ་རྣམ་དབྱེའི་རྣམ་གྲངས་ནི་ངེས་པ་མེད་པ་ལྟར་ཆགས་ཡོད། དཔེར་ན།“ཧ་སག་སྐད་ལ་རྣམ་དབྱེ་བདུན་དང་ཨུ་རུ་སུའི་སྐད་ལ་རྣམ་དབྱེ་དྲུག འཇར་མན་སྐད་ལ་རྣམ་དབྱེ་བཞི་དང་དེང་རབས་དབྱིན་སྐད་ལ་རྣམ་དབྱེ་གཉིས། ཧྥིན་ལན་སྐད་ལ་རྣམ་དབྱེ་བཅུ་དྲུག་དང་ཧང་ག་རིའི་སྐད་ལ་རྣམ་དབྱེ་ཉེར་ལྔ། བྱང་ཀའོ་ཅ་སོའི་སྐད་ཚན་ནང་གི་ལ་ཁུག་སྐད་ལ་རྣམ་དབྱེ་བཞི་བཅུ་ཡོད”②དོ། །
དེང་རབས་རྣམ་དབྱེའི་རྣམ་གཞག་ལ་ཆ་མཚོན་ནའང་རྣམ་དབྱེ་ལ་གྲངས་ག་ཚོད་ཡོད་པའི་ཐད་ལ་གསལ་ཁ་ཅི་ཡང་མེད།“ཧྥེལ་མོར་གྱིས་རྣམ་དབྱེ་ལ་གྲངས་ག་ཚོད་ཡོད་པ་གཏན་ནས་ཞིབ་ཏུ་གླེང་མ་མྱོང་བ་དང་། ཁོང་གི་བརྩམས་ཆོས་སོ་སོའི་ནང་དུ་གཏིང་རིམ་རྣམ་དབྱེའི(深层格)གྲངས་ཚད་མི་འདྲ་ཞིང་དབྱེ་བསྡུ་མི་གཅིག་པ་མ་ཟད། ད་དུང་རྣམ་དབྱེ་སོ་སོའི་མིང་ཡང་དུས་རྒྱུན་འགྱུར་བ་ལྡན། ཐ་ན་རྣམ་དབྱེ་གཞན་དག་དང་བཅས་ཞེས་པ་ལྟ་བུའི་གསལ་ཁ་མེད་པའི་ཚིག་ཀྱང་གང་མང་
འབྱུང”③བ་ཡིན། དེ་བས“རྣམ་དབྱེའི་གྲངས་ཚད་དང་གཅིག་གྱུར་གྱི་མིང་གཏན་ཁེལ་བྱེད་རྒྱུ་ནི་ནམ་ཡང་རྣམ་དབྱེའི་བརྡ་སྤྲོད(格语法)ཀྱི་དཀའ་གནད་ཅིག་ཡིན”④ནོ། །
གསུམ་པ། བོད་ཀྱི་རྣམ་དབྱེ་དང་པོའི་གནད་དོན།
གཅིག མིང་དང་ཆོས་དངོས་ཞེས་པའི་གནད་དོན།
བོད་ཀྱི་བརྡ་སྤྲོད་པའི་གཞུང་འགྲེལ་རྣམས་སུ་རྣམ་དབྱེ་དང་པོ་ལ་མིང་ཙམ་བརྗོད་པའམ་ངོ་བོ་ཙམ་བརྗོད་པ་ཞེས་བཏགས་ཡོད། དེ་ལྟ་ན། མིང་དང་ངོ་བོ་ཙམ་བརྗོད་པ་གཉིས་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན། མིང་གི་མཚན་ཉིད་ལ“ཡི་གེ་གཉིས་སམ་མང་འདུས་པའི། །དོན་གྱི་ངོ་བོ་རྗོད་བྱེད་པ། ། མིང་ཡིན་དོན་ལ་བློ་གཞོལ་ཕྱིར། ། དེ་ཡང་དངོས་དང་བཏགས་པ་ཡིན། །”⑤ཞེས་དང“ཡི་གེ་གཉིས་སོགས་འདུས་ནས་དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་མིང་གི་མཚན་ཉིད། མཚན་གཞི་ནི། བུམ་པ་ཞེས་བརྗོད་པའི་སྒྲ་ལྟ་བུ”①ཞེས་གསུངས། ཡིན་ཡང《རྟགས་འཇུག》ཏུ་མིང་མཐའི་ནུས་པ་འཆད་པའི་སྐབས་སུ།“མིང་མཐའ་དེ་དག་ཉིད་ཀྱིས་ནི། ། དེ་ཉིད་རང་གི་སྒྲ་མཐུན་པའི། ། ཆོས་དངོས་ལས་དང་བྱེད་པ་དང་། ། སྦྱིན་དང་འབྱུང་ཁུངས་འབྲེལ་བ་དང་། ། གནས་དང་བོད་པའི་སྒྲ་ཡང་དྲང། །”②ཞེས་རྣམ་དབྱེ་དང་པོའི་མིང་ལ་ཆོས་དངོས་ཞེས་བརྗོད་ཡོད། དེ་བས་འདིར་གནད་དོན་ཞིག་ཆགས་ཡོད་པ་ནི། ཆོས་དངོས་ཞེས་པ་དང་མིང་ཞེས་པ་གཉིས་ནི་དོན་གཅིག་ཡིན་མིན་དེ་ཡིན། གསེར་ཏོག་ཚང་གིས།“དེ་ཡང་རྣམ་དབྱེ་དང་པོ་ཆོས་རྣམས་ཀྱི་ངོ་བོ་དངོས་ཙམ་བརྗོད་པ། བླ་མ། ཡི་དམ། རྒྱལ་པོ་ཞེས་པ་ལྟ་བུ”③ཞེས་དང་། སི་ཏུ་པཎ་ཆེན་གྱིས།“མིང་མཐའ་དེ་དག་ཉིད་རང་གི་རྟགས་མཚུངས་པའམ་བརྗོད་པ་བདེ་བས་སྒྲ་མཐུན་པར་གྱུར་པའི་རྣམ་དབྱེ་དང་པོ་ཆོས་དངོས་ཏེ་ངོ་བོ་ཙམ་བརྗོད་པ”④ཞེས་མཁས་དབང་རྣམ་གཉིས་ཀྱིས་ཆོས་དངོས་ཞེས་པ་དང་མིང་གཉིས་ནི་དོན་གཅིག་ལྟར་བཀྲལ་ཡོད། ཡིན་ཡང་། འགོས་ཆོས་གྲུབ་ཀྱིས་རྒྱ་ནག་སྐད་ནས་བོད་སྐད་དུ་བསྒྱུར་པའི《འཇུག་པའི་སྒྲ་བརྒྱད་བསྟན་པའི་ཚིག་ལེའུ་བྱས་པ》ཞེས་པར།“མེ་ཏོག་རྒྱས་ཚལ་ལྗོན་ཤྀང་ཡོད། ། ལྗོན་ཤིང་ལ་ནི་རླུང་གྀས་བསྐྱོད། ། ལྗོན་ཤྀང་གིས་ནྀ་གླང་པོ་བསྒྱེལད། ། ལྗོན་ཤྀང་ཕྱིར་ནྀ་ཆུ་དྲོངས་ཤིག ། ལྗོན་ཤྀང་ལས་ནྀ་མེ་ཏོག་ཁྲུངས། ། ཤིང་གྀ་ཡལ་ག་རབ་དུ་ལྡེམ། ། ལྗོན་པའྀ་ཤིང་ལ་བྱ་ཚང་བཅས། ། ཀྱེ་ཀྱེ་ལྗོན་ཤིང་ངོ་མཚར་མཛེས། ། དང་པོ་དངོས་པོ་བསྟན་པ་ཡིན། ། གཉིས་པ་ལས་སུ་ཤེས་པར་བྱའ། ། གསུམ་པ་བྱད་པ་བྱེད་པོ་ཡྀན། ། བཞྀ་པ་གང་ཕྱིར་སྦྱིན་བའ་ཡིན། ། བདུན་པ་གནས་གཞྀ་བསྟན་པ་སྟེ། ། བརྒྱད་པ་འབོད་པའྀ་ཚིག་ཡིན་ནོ། །”⑤ཞེས་བཀོད་པ་དང་། རྒྱ་གར་གྱི་སློབ་དཔོན་ཤྲཱིདྷ་རས་མཛད་ཅིང་ལོ་ཙཱ་པ་ལྕེ་ཁྱི་འབྲུག་གིས་བསྒྱུར་པའི《རྣམ་དབྱེ་བརྒྱད་ཀྱི་བསྟན་དོན་ཚིག་ལེའུར་བྱས་པ》ཞེས་པར།“ཤིང་བཟངས་རི་ལ་གནས་པར་གྱུར་པ་སྟེ། ། ཤིང་ལ་འབད་དེ་ཁྱོད་ཀྱིས་ལྟ་བར་གྱིས། ། ལྷུང་བའི་ཤིང་གིས་གླང་རྒོད་བསད་པར་བྱས། ། བསླངས་ཏེ་ཤིང་ལ་ཆུ་ནི་སྦྱིན་པར་གྱིས། ། མེ་ཏོག་ལྡན་པས་ཤིང་ལས་ཡལ་ག་འོ། ། ཤིང་གི་ཡལ་ག་ཤིན་ཏུ་རིང་བར་འདུག ། ཤིང་ལ་ཁུ་བྱུག་དག་གི་ཚང་བཅས་པ། ། ཤིང་ཀྱེ་ཅིའི་ཕྱིར་ཁྱོད་འདར་བར་བྱེད། །”⑥ཅེས་བཀོད་པ་གཉིས་ཀར་ཞིབ་ཏུ་དཔྱད་ན། དང་པོར་དང་པོ་དངོས་པོ་བསྟན་པ་ཡིན་ཞེས་ལྗོན་ཤིང་བསྟན་པ་ཁ་གསལ་དུ་བརྗོད་ཡོད། གཉིས་པར་རྣམ་དབྱེ་གང་ཡིན་ཐད་ཀར་ངོས་བཟུང་མེད་མོད། འོན་ཀྱང་རྣམ་དབྱེ་བརྒྱད་ཀྱི་རིམ་པ་དཔེའི་སྒོ་ནས་མཐར་ཆགས་སུ་བཀོད་ཡོད་པས་དཔེ་དང་པོ་ཤིང་བཟངས་རི་ལ་གནས་པར་གྱུར་པ་ཞེས་པ་ནི་རྣམ་དབྱེ་དང་པོའི་དཔེ་བརྗོད་ཡིན་ཞིང་དེ་ལས་ཤིང་ནི་དངོས་པོའི་ཤིང་ཡིན་པ་རྟོགས་སླ། དེའི་ཕྱིར་མིང་དང་ཆོས་དངོས་ནི་ཐ་དད་ཡིན་དགོས། སྐད་བརྡ་རིག་པ་ལས་ཀྱང་མིང་ནི་སྟོན་བྱེད་དང་ཆོས་དངོས་སམ་དོན་ནི་བསྟན་བྱ་ཡིན་པས་སོ་སོར་འདོད་པ་གཙིགས་སོ། །
མིང་ནི་དོན་གྱི་ངོ་བོ་སྟོན་བྱེད་ཀྱི་སྒྲ་ལ་གོ་བ་ཡིན་ན། ཆོས་དངོས་ཐད་ཀར་སྟོན་མི་སྟོན་ཚིག་གི་གྲུབ་ཆ་དངོས་སུ་གྱུར་ཡོད་མེད་ལ་རག་ལས། དཔེར་ན། བུམ་པ་ཞེས་པ་ནི་བུམ་པ་སྟོན་བྱེད་ཀྱི་སྒྲ་ཡིན་པ་ལས་བུམ་པ་དངོས་མིན་པ་སྨོས་མ་དགོས། བུམ་པར་ཆུ་བླུགས་ཞེས་པའི་ཚིག་གི་གྲུབ་ཆར་གྱུར་པའི་བུམ་པ་དང་ཆུ་ནི་བུམ་པ་དངོས་དང་ཆུ་དངོས་ལ་གོ་བ་ལས། བུམ་པ་སྟོན་བྱེད་ཀྱི་སྒྲ་དང་ཆུ་སྟོན་བྱེད་ཀྱི་སྒྲ་ལ་མི་གོ གལ་ཏེ་སྒྲ་ལ་གོ་བ་ཡིན་ན། བུམ་པ་ཞེས་པའི་སྒྲ་རུ་ཆུ་ཞེས་པའི་སྒྲ་བླུགས་པའི་དོན་དུ་འགྱུར། དེ་ནི་གཙོ་བོ་མ་གཞི་སྒྲ་ཡིན་ཡང་ཆོས་དངོས་ལ་ཐད་ཀར་འཇུག་མི་འཇུག་གི་ཁྱད་པར་སྟེང་ནས་བྱུང་བ་ཡིན། བུམ་པ་ཞེས་པ་ནི་བུམ་པ་སྟོན་བྱེད་ཀྱི་སྒྲ་ཙམ་ཡིན་ཕྱིར། བུམ་པའི་སྒྲ་སྤྱི་ཙམ་སྟོན་པ་ལས་བྱེ་བྲག་ཏུ་ཡོད་པའི་བུམ་པ་ཆོས་དངོས་སྟོན་མི་ཐུབ། མིང་ནི་དོན་ལ་གཞོལ་བ་ཅན་དང་ཚིག་གི་གྲུབ་ཆ་ཡང་ཡིན་རུང་། དེ་ཚིག་ཏུ་ཞུགས་མ་ཞུགས་ལ་ཁྱད་པར་ཆེན་པོ་ཡོད། ཡང་གཅིག་བཤད་ན། དེ་ལའང་ཆ་རྐྱེན་ངེས་ཅན་མ་འཛོམས་ཚེ་མིང་ཙམ་ལས་བརྡ་སྤྲོད་པའི་གོ་རིམ་ཁྲོད་ཐད་ཀར་དོན་སྟོན་ཐུབ་པའི་ནུས་པ་མེད། དེ་བས《རྟགས་འཇུག》ཏུ“སྤྱིར་འཇུག་ཡོད་དམ་བྱེད་པ་ཡོད། ། དེ་བཞིན་ཆེད་བྱེད་རྟེན་བྱེད་དང་། །” ཞེས་རྣམ་དབྱེའི་ནང་གསེས་གང་དང་གང་ལ་འཇུག་པ་ནི་རྣམ་དབྱེ་སྦྱར་སའི་མིང་བདུད་རྩི་ལྟ་བུ་ལ་དེའི་རྗེས་སུ་སྤྱི་ལ་འཇུག་པའི་སྒྲ་གང་ཞིག་ལྟ་བུ་ཡོད་ན་མིང་སྔ་མ་ལ་རྣམ་དབྱེ་དང་པོ་འཇུག་པ་ཡིན། ཞེས་གསུངས། དེ་ནི་བདུད་རྩི་གང་ཞིག་ཅེས་པའི་བདུད་རྩི་ནི་གཤེར་ཁུའི་བདུད་རྩི་དངོས་བསྟན་པ་ལས་བདུད་རྩི་ཞེས་པའི་སྒྲ་བསྟན་པ་མ་ཡིན་ནོ། ། དེ་དང་འདྲ་བར་བདུད་རྩི་དེ་དང་འདི། བདུད་རྩི་ཁ་ལ་མངར། བདུད་རྩིས་བཟི་ཞེས་པ་ཚིག་གི་འགྲོས་ལ་དྲངས་པའི་བདུད་རྩི་མཐའ་དག་ནི་གཤེར་ཁུའི་བདུད་རྩི་སྟེ་ཆོས་དངོས་ལ་གོ་བ་ཡིན། འོ་ན། རྣམ་དབྱེ་དང་པོ་ནི་གཤེར་ཁུའི་བདུད་རྩི་ལྟ་བུའི་ཆོས་དངོས་ལ་གོ་བ་ཡིན་ནམ་ཞེ་ན། དེ་ཡང་མ་ཡིན་ཏེ། དེ་ནི་བདུད་རྩི་ཞེས་ཐོག་མའི་ངོ་བོ་ཙམ་སྟོན་བྱེད་ཀྱི་སྒྲ་དེ་ལ་རྐྱེན་གང་རུང་སྦྱར་བའམ་ཚིག་གི་འགྲོས་ལ་དྲངས་པས་སྒྲ་ཙམ་ལས་འདས་ཏེ་གཤེར་ཁུའི་བདུད་རྩི་སྟེ་ཆོས་དངོས་སྟོན་པ་ཅན་དུ་འགྱུར་བའི་བརྡ་སྤྲོད་ཀྱི་ཐབས་དེ་ལ་ཟེར་བ་ཡིན། དེ་ལྟ་ན། རྣམ་དབྱེ་དང་པོ་ནི་རྣམ་དབྱེ་གཞན་དག་གི་རྨང་གཞི་དང་རྩ་བ་ལྟ་བུ་ཡིན། དཔེར་ན། རྣམ་དབྱེ་གཉིས་པའི་དཔེ་བརྗོད “བུམ་པ་རུ་ཆུ་བླུགས”①ཞེས་པར་མཚོན་ན། བུམ་པ་ཞེས་པའི་རྗེས་སུ་ལ་དོན་གྱི་ཕྲད་རུ་སྦྱར་བས་ཐོག་མར་བུམ་པ་ཞེས་བརྗོད་པའི་སྒྲ་དེ་ཆོས་དངོས་སྟོན་པ་ཅན་དུ་བསྒྱུར་ཏེ་རྣམ་དབྱེ་དང་པོ་འགྲུབ་པ་དང་། དེ་ནས་ལས་དང་བྱ་བ་དག་སྦྱར་ནས་བྱ་བའི་ཡུལ་བྱེ་བྲག་པ་ལྟོ་ལྡུར་ཞབས་ཞུམ་ཆུ་སྐྱོར་གྱི་ནུས་པ་ལྡན་པའི་ཆོས་དངོས་ལ་གཤེར་ཁུའི་ཆུ་དངོས་ལྡུག་པའི་བྱ་བ་བསྟན་པས་རྣམ་དབྱེ་གཉིས་པ་འགྲུབ་པ་ལྟ་བུའོ། ། རྣམ་དབྱེ་གཞན་དག་ལའང་རིགས་བསྒྲེ་ཆོག
གཉིས། རྣམ་དབྱེ་དང་པོའི་རྐྱེན་གྱི་གནད་དོན།
རྣམ་དབྱེ་དང་པོ་ལ་རྐྱེན་སྦྱར་དུ་མེད་པ་ནི་བོད་ཀྱི་མཁས་པ་ཕལ་མོ་ཆེའི་བཞེད་ཚུལ་ཡིན། དེ་ནི་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་ཉིད་ཚིག་གི་འགྲོས་སུ་དྲངས་པ་ན་རང་བཞིན་གྱིས་ཆོས་དངོས་སྟོན་པ་ཅན་དུ་འགྱུར་བའི་གནད་ཀྱིས་ཡིན། དེ་ཕྱིར་འཇུ་མི་ཕམ་གྱིས“བོད་སྐད་ལ་རྣམ་དབྱེ་དང་པོ་དོན་གྱི་ངོ་བོ་ཙམ་བརྗོད་པ་ནི། མིང་ཕན་ཚུན་འཕྲད་པའི་དོན་གྱིས་ཐོབ་པ་ལས་ཟུར་དུ་མེད།”① ཅེས་གསུངས་སོ། ། འོན་ཀྱང་རྣམ་དབྱེ་དང་པོ་ལའང་ཐུན་མོང་དུ་སྦྱར་ཆོག་པའི་རྐྱེན་གྱི་སྡེ་འདུག་སྟེ། དེ་ནི་གོ་སོགས་སླར་བསྡུའི་ཕྲད་བཅུ་གཅིག་པོ་ཡིན། 《རྟགས་ཀྱི་འཇུག་པ》ལས།“མིང་མཐའ་དེ་དག་ཉིད་ཀྱིས་ནི། ། དེ་ཉིད་རང་གི་སྒྲ་མཐུན་པའི། ། ཆོས་དངོས་ལས་དང་བྱེད་པ་དང་། ། སྦྱིན་དང་འབྱུང་ཁུངས་འབྲེལ་བ་དང་། ། གནས་དང་བོད་པའི་སྒྲ་ཡང་དྲང། །”②ཞེས་གསུངས་པ་བཞིན། རང་དང་སྒྲ་མཐུན་པའི་མིང་མཐའ་དེ་དག་གིས་རྣམ་དབྱེ་དང་པོ་ནས་བརྒྱད་པ་བར་གྱི་རྣམ་དབྱེ་རྣམས་འདྲེན་པ་ཡིན། འོ་ན། ཅིའི་ཕྱིར་གོ་སོགས་སླར་བསྡུའི་ཕྲད་བཅུ་གཅིག་པོ་ནི་རྣམ་དབྱེ་དང་པོ་འདྲེན་བྱེད་ཀྱི་རྐྱེན་ནམ་མིང་མཐའ་ཡིན་ཞེ་ན། ཐོག་མར་ཕྲད་དེ་དག་ནི་རང་དང་འདྲ་བའི་རྗེས་འཇུག་གི་མཐར་ཇི་བཞིན་སྦྱོར་བས་རང་དང་སྒྲ་མཐུན་དུ་གྱུར་ཡོད་པ་མངོན་གསལ་ཡིན་པ། དེ་ནས།“སུམ་ཅུ་བའི་གཞུང་དུ་རྣམ་དབྱེ་དང་པོ་གང་ནས་བསྟན་ཅེ་ན། རྗེས་འཇུག་ཡི་གེ་བཅུ་པོ་ནི། ། མིང་གང་གི་ནི་མཐར་སྦྱར་བ། ། དེ་ལ་ཨཱ་ལི་བཞི་པ་སྦྱར། ། སླར་བསྡུ་བར་ནི་ཤེས་པར་བྱ། ། ཞེས་པའི་སྐབས་སུ་དོན་གྱིས་བསྟན་པར་སུམ་ཅུ་བའི་ཁྲིད་རྒྱུན་བར་མ་ཆད་པའི་འཆད་སྲོལ་དུ་འདུག”③པ། དེ་ནས་ཁ་སྐད་དང་ཡིག་སྐད་ཀྱི་ལག་ལེན་དངོས་སུའང་། དཔེར་ན། མཚར་རོ། ། ཆད་དོ། ། ཟད་དོ། ། འབུརད་ཏོ། ། རིང་ངོ་། ། ཆུང་ངོ་། ། སྐྱུར་རོ། ། ཆག་གོ ། འཇིག་གོ །(འཇིགས་ཀྱི་ཡང་འཇུག་ས་བོར་བ)ཁུར་རོ། ། ལྟ་བུ་ཁ་སྐད་དུ་བགྲང་གིས་མི་ལངས་པ་དང་། ཡིག་སྐད་དུ། འདག་གོ་ཅོག སླེབས་སོ་ཅོག འགྱུར་རོ་ཅོག ཡོད་དོ་ཅོག ཤེས་སོ་ཅོག མི་བོ་ཅོག (སྤྱི་འགྲོས་ལྟར་ན་མི་འོ་ཅོག་ཡིན་དགོས)བྱས་སོ་ཅོག་ལྟ་བུ་སོགས་བསྟན་བཅོས་ཁྲོད་ཀྱི་ཐ་སྙད་དེ་དག་གི་རྗེས་འཇུག་རང་འདྲའི་མཐར་ལ་སྦྱར་བའི་གོ་སོགས་ཕྲད་རྣམས་ཀྱིས་ཁྱད་གཞིའམ་ཆོས་དངོས་སྟོན་བཞིན་པའི་ཕྱིར་རོ། ། གཞན《སྒྲ་རིག་པའི་འཇུག་སྒོ》ལས།“བྱེད་པ་པོ་སྒྲུབ་པ་དང་ལས་སྒྲུབ་པ་ལ་ཏི་སོགས་ཀྱི་རྣམ་དབྱེ་རིམ་ལྟར་བྱེད་པ་པོ་དང་ལས་དག་གི་དབང་དུ་གྱུར་པ་འབྱུང་སྟེ། བྱེད་པའི་བྱིངས་ཀྲྀ྅྄་ལ་བྱེད་པ་པོའི་དབང་དུ་འགྱུར་བའི་རྣམ་དབྱེ་པ་རསྨེ་ལས་ཏི་དང་ཨུ་ཨཱ་ག་མ་བྱིན་ནས་བསྒྲུབས་པས། ཀ་རོ་ཏི། བྱེད་དོ་ཞེས་པ་ལྟ་བུ་བྱེད་པ་པོ་ཡིན་ནོ། ། ཡང་ཀྲྀ྅྄་ལས་ལ་དབང་དུ་འགྱུར་བའི་རྣམ་དབྱེ་ཨཱཏྨ་ནིའི་ཏེ་དང་། ཡཎ྄་ཨཱ་ག་མ་བྱིན་ནས་བསྒྲུབས་པས། ཀྲྀ་ཡ་ཏི། བྱ་བའོ་ཞེས་པ་ལས་བརྗོད་ལ་བྱེད་པ་པོ་མ་བརྗོད་པ་ཡིན་ནོ། །”④ ཞེས་གསུངས་པར། བྱེད་དོ་ཞེས་པ་དང་བྱ་བའོ་ཞེས་པའི་དོ་དང་འོ་སྒྲ་གཉིས་ནི་རྫོགས་ཚིག་མ་ཡིན་པར་རྣམ་དབྱེ་དང་པོའི་རྐྱེན་ཡིན་པ་བྱེད་དོ་ཞེས་པས་བྱེད་པ་པོ་དང་བྱ་བའོ་ཞེས་པས་ ལས་ཏེ་ཆོས་དངོས་བསྟན་པ་ཡིན་ནོ། ། འདིར་དམིགས་ཀྱིས་གསལ་བཤད་ཞུ་རྒྱུ་ནི། གོང་གི་ཕྲད་དེ་དག་གི་དབྱངས་ཀྱི་འབྱིན་སྟངས་ནི་རྫོགས་ཚིག་བཞིན་དུ་དབྱངས“[o]”ཉིད་སྒྲའི་ཡུན་ཚད་ཅུང་རིང་ཞིང་ཡང་བོར་མི་ཀློག་པར་དབྱངས“[u]”བཞིན་སྒྲའི་ཡུན་ཚད་ཐུང་ཞིང་ལྕི་བར་ཀློག་པ་ཡིན་ནོ། ། དེ་བས། ཁྱད་གཞི་བརྗོད་པའི་མིང་ངམ་ཁྱད་ཆོས་བརྗོད་པའི་མིང་། བྱ་བ་བརྗོད་པའི་མིང་ཡང་རུང་མཐར་རང་གི་སྒྲ་མཐུན་གྱི་གོ་སོགས་བཅུ་གཅིག་གང་རུང་སྦྱར་བས་ཁྱད་གཞིའམ་ཆོས་དངོས་སྟོན་པ་ཅན་དུ་འགྱུར་བ་ཡིན་ནོ། ། དེའི་དབང་གིས“རྗེ་བཙུན་ཤེས་རབ་རྒྱ་མཚོའི་གསུང་སྒྲོས་ལ་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་དག་གི་མཐར་གོ་སོགས་ཆ་ཤས་གཞན་སྦྱར་ཚེ་ད་གཟོད་རྣམ་དབྱེ་དང་པོ་སྟེ་ཆོས་དངོས་སུ་འགྱུར་བར་གསུངས་པ”①ཡིན་ནོ། ། ཡང་གོ་སོགས་ཡི་གེ་བཅུ་གཅིག་མིང་མཐར་སྦྱར་བས་མིང་དེ་རང་ཆོས་དངོས་སྟོན་པ་ཅན་དུ་འགྱུར་ན། པ་པོ་བ་བོ་མ་མོ་སོགས་ཀྱང་ཆོས་དངོས་སྟོན་པ་ཅན་དུ་འགྱུར་ཆོག་གོ་ཞེ་ན། མ་ངེས་ཏེ། གཅིག་ན་དེ་དག་ནི་བདག་སྒྲ་དང་མིང་མཐའ་ལས་གཞན། བྱ་བའི་ཚུལ་སྟོན་པ་ལའང་འཇུག་སྟེ། དཔེར་ན། བྱ་ཚིག་ཤེས་ལ་མིང་མཐའ་པ་ཡིག་སྦྱར་བས་ཆོས་དངོས་སུ་འགྱུར་བ་ཤེས་པ་ཞེས་རིག་པ་དང་བློ་ཡི་དོན་ཡིན་མོད། སྐབས་ལ་ལར་བརྗོད་འདོད་ཀྱི་དབང་གིས་དོན་ཅི་ཞིག་རྟོགས་པའམ་རྒྱུད་ལ་ངེས་པའི་ཚུལ་ཡང་སྟོན་པ་ཁོང་གིས་གནས་ཚུལ་ཆ་ཚང་ཤེས་པ་རེད་ཅེས་པ་ལྟ་བུ་དང་། ཡུལ་ལ་མགྱོགས་པོར་སོང་ལྟ་བུ་སོགས་མང་ངོ་། ། གཉིས་ན། 《རྟགས་འཇུག》ལས།“མིང་མཐའ་དེ་དག་ཉིད་ཀྱིས་ནི། ། དེ་ཉིད་རང་གི་སྒྲ་མཐུན་པའི། །”ཞེས་དང་། 《སུམ་ཅུ་བ》ལས།“རྗེས་འཇུག་ཡི་གེ་བཅུ་པོ་ནི། ། མིང་གང་ནི་མཐར་སྦྱར་བ། ། དེ་ལ་ཨཱ་ལི་བཞི་པ་སྦྱར། ། སླར་བསྡུ་བར་ནི་ཤེས་པར་བྱ། །”ཞེས་ཐོན་མིས་བོད་ཀྱི་བརྡ་སྤྲོད་ཀྱི་ཐུན་མོང་མ་ཡིན་པའི་རྣམ་གཞག་སྟེ་རྗེས་འཇུག་གི་ཁྱད་ཆོས་རྩལ་དུ་བཏོན་ནས་བརྗོད་པའི་བབ་དང་ཡང་འབྲེལ་བ་དམ་པོ་མེད་པས་བཏང་སྙོམས་སུ་བཞག་ཆོག་གོ ། དེས་ན། སུམ་ཅུ་པ་ལས་སླར་བསྡུ་ཐོག་མར་སྟོན་དགོས་པའི་རྒྱུ་མཚན་ཡང་སུམ་ཅུ་པའི་བརྗོད་སྙིང་དུ་གྱུར་པའི་རྗེས་འཇུག་གིས་མིང་མཐའ་འདྲེན་ཚུལ་གྱི་སྤྱིའི་ཆོས་ཉིད་བསྟན་པ་ལས་གཞན་རྣམ་དབྱེའི་ཀུན་གྱི་རྨང་གཞི་སྟེ་དང་པོ་ཆོས་དངོས་ཀྱི་སྟོན་ཚུལ་མཚམས་སྦྱོར་བའི་ཕྱིར་ཡིན་ནམ་སྙམ་མོ། །
བཞི་པ། རྣམ་དབྱེ་དང་ཚིག་གི་འབྲེལ་བ།
བོད་ཀྱི་རྣམ་དབྱེ་ནི་ལེགས་སྦྱར་རྣམ་དབྱེ་ལ་དཔེ་མཛད་ཀྱང། བོད་རང་གི་བརྡ་སྤྲོད་སྟེང་ནས་རྣམ་གཞག་དེ་ཉིད་ཕྱིར་མངོན་དུས་མི་མཐུན་པའི་ཆའང་དུ་མ་ལྡན་ཏེ། དཔེར་ན། གཅིག་ཚིག་གཉིས་ཚིག་གི་གྲངས་ཚད་དང་དེ་ལྟར་སྦྱར་བས་མིང་ལ་གཟུགས་འགྱུར་ཡོད་མེད་སོགས་ཁྱད་ཆོས་གཙོ་བོར་གྲུབ། ཡིན་ཡང་སྤྱིའི་བསྟན་དོན་གྱི་ཆ་ནས་གཉིས་ཀས་རྣམ་དབྱེ་བརྒྱད་པོ་དང་བཅས་པའི་བརྗོད་བྱའི་དོན་འཆད་པ་ཡིན་ནོ། ། འོ་ན་དེ་ལྟ་བུའི་རྣམ་དབྱེ་རྣམས་ཚིག་དང་འབྲེལ་བ་ཅི་ཡོད་ཅེ་ན། སྒྲ་རིག་པར།“རྣམ་དབྱེ་མཐའ་ཅན་ནི་ཚིག་གོ ། སི་སོགས་དང་ཏི་སོགས་རྣམ་དབྱེའི་མཐའ་ཅན་དེ་ལ་ཚིག་ཅེས་བྱའོ། །”② ཞེས་མིང་མཐར་སི་སོགས་ཀྱི་རྐྱེན་དང་བྱིངས་མཐར་ཏི་སོགས་ཀྱི་རྐྱེན་འདུག་པ་ལ་ཚིག་ཅེས་བརྗོད། དེས་ན། ལེགས་སྦྱར་ལ“མིང་ལས་ཚིག་ཏུ་སྒྲུབ་པའི་སི་སོགས་རྣམ་དབྱེ་དང་། བྱིངས་ལས་ཚིག་ཏུ་སྒྲུབ་པའི་ཏི་སོགས་རྣམ་དབྱེ་རིགས་གཉིས་ཡོད”①པ་ལས། མིང་དང་བྱིངས་ལ་རྣམ་དབྱེའི་རྐྱེན་དེ་དག་སྦྱར་བས་ཚིག་ཏུ་གྱུར་པ་ཡིན། དེ་ལྟ་ན་ལེགས་སྦྱར་སྒྲ་རིག་པའི་ཚིག་ཅེས་པ་བརྗོད་དོན་རྫོགས་མ་རྫོགས་ལ་འབྲེལ་བ་མེད་པར་དོན་གྱི་ཁྱད་པར་སྟོན་ཐུབ་ན་ཚིག་ཅེས་བཏགས་པ་གསལ་ལོ། ། འདིར་དོན་གྱི་ཁྱད་པར་སྟོན་པ་ཞེས་པར་མཁས་པ་སོ་སོར་བཞེད་ཚུལ་མི་འདྲ་བ་ཡོད་རུང་། དེ་ནི་གཙོ་བོ་དོན་གྱི་ངོ་བོ་ཙམ་སྟོན་པ་ཞེས་སྒྲའི་རང་བཞིན་དུ་གྱུར་པའི་མིང་དང་ཁྱད་པར་འབྱེད་ཆེད་དུ་སྨོས་པར་འདོད། དཔེར་ན། དེ་བ་ཞེས་པ་གདགས་གཞི་ལྷའི་ངོ་བོ་ཙམ་སྟོན་པའི་སྒྲ་དེར་རྣམ་དབྱེ་དང་པོའི་རྐྱེན་གཅིག་ཚིག་སི་སྦྱར་བས་དེ་བཿ ཞེས་ལྷ་གཅིག་ཅེས་པ་ཚིག་ཏུ་གྲུབ་སྟེ། སྔོན་གྱི་ལྷ་ཞེས་མིང་ཙམ་དུ་ཡོད་པ་དེར་རྐྱེན་སྦྱར་བའི་དབང་གིས་བྱེ་བྲག་གདགས་གཞིའི་སྟེང་ལ་བབས་ཏེ་འཆི་འཕོའི་སྡུག་བསྔལ་མྱོང་མཁན་གྱི་ཆོས་དངོས་དེ་རང་ཐད་ཀར་བསྟན་པ་ཡིན། དེ་མིན་ན་ལྷ་གཅིག་ཅེས་པ་ནི་ལྷ་ཞེས་བརྗོད་པའི་སྒྲ་གཅིག་ཅེས་པའི་དོན་དུ་འགྱུར་བས་སོ། ། དེས་ན་རྣམ་དབྱེའི་རྐྱེན་སྦྱར་བ་ལ་བརྟེན་ནས་ལྷ་ཞེས་སྤྱི་པའི་མིང་ངམ་གདགས་ཆོས་དེ་ཉིད་མིང་ཙམ་དུ་མ་ལུས་པར་དེ་ལས་ཁྱད་པར་ཕྱེ་སྟེ་གདགས་གཞི་ལྷའམ་དོན་དེ་སྟོན་པ་ཅན་དུ་འགྱུར་བ་ལྟ་བུའི་བརྡ་སྤྲོད་ཀྱི་བྱེད་ཐབས་དེ་ལ་དོན་གྱི་ཁྱད་པར་སྟོན་པའམ་ཚིག་ཟེར་བ་ཡིན་མོད། འོན་ཀྱང་དེ་ནི་དེང་དུས་ཕལ་མོ་ཆེའི་ངོས་འཛིན་ལྟར་རྒྱའི་སྐད་ཀྱི“句子”ཞེས་པ་དང་མི་འདྲ་བར“词组”ཞེས་པ་དང་དོན་གཅིག་ཡིན།“句子”ནི་བོད་ཀྱི་བརྗོད་པ་ཞེས་པའི་ཐ་སྙད་དང་དོན་གཅིག་ཡིན། ཅིའི་ཕྱིར་ཞེ་ན《སྐད་བརྡ་རིག་པའི་ཁྲིད་གཞི》རུ།“句子是按语法规则组合而成的最小表述单位”② ཞེས་བརྗོད་དོན་རྫོགས་པའི་ཆེས་ཆུང་བའི་རྗོད་བྱེད་ཀྱི་སྡེ་ཚན་ཡིན་པས་སོ། ། དོན་དམ་བོད་ཀྱི་བརྡ་སྤྲོད་ལས་ཀྱང་ཚིག་ནི་མིང་གི་ཚོགས་པར་གོ་བར་འདུག་སྟེ། སུམ་ཅུ་བ་ལས།“མིང་ཚིག་བརྗོད་པ་ཀུན་གྱི་གཞི། ། ཡི་གེའི་སྦྱོར་བ་བཤད་པར་བྱ། །”ཞེས་དང་། སི་ཏུའི་སུམ་རྟགས་འགྲེལ་ཆེན་ལས།“མིང་དེ་ཉིད་རྣམ་དབྱེའམ་ཕྲད་གང་རུང་དང་ལྡན་པས་དོན་གྱི་ཁྱད་པར་སྟོན་པར་བྱེད་པ་རྣམས་ནི་ཚིག་དང་། ཚིག་མང་པོ་སྦྲེལ་ནས་དོན་དང་ལྡན་པའི་ངག་གི་ཕྲེང་བར་གྲུབ་པ་ནི་བརྗོད་པ་ཞེས་བྱའོ། །”③ཞེས་བརྗོད་པ་འགྲུབ་བྱེད་ཀྱི་རྒྱུ་ནི་ཚིག་ཡིན་པ་བསྟན་པའི་ཕྱིར་རོ། ། ཚིག་འགྲུབ་བྱེད་ཀྱི་རྒྱུ་ནི་རྣམ་དབྱེའི་ཕྲད་དང་རྣམ་དབྱེའི་ཕྲད་མ་ཡིན་པའི་ཕྲད་རྣམས་དང་། དེ་དག་གི་སྦྱར་ཡུལ་མིང་རྣམས་སོ། ། རྣམ་དབྱེ་ཚིག་གི་ཁོངས་སུ་གཏོགས་པ་ནི་ཨ་ལག་ཤའི《ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན》གཙོས་བསྟན་བཅོས་མང་པོར་རྣམ་དབྱེ་ནི་ཚོགས་གསུམ་ལས་ཚིག་གི་ཚོགས་པའི་ཁོངས་སུ་བཅུག་སྟེ་འཆད་པ་ལས་ཀྱང་ངེས་ཤེས་འདྲོངས་ཐུབ་བོ། །
ལྔ་པ། རྣམ་དབྱེ་དང་པོའི་དབྱེ་བ།
བོད་ཀྱི་རྣམ་དབྱེ་དང་པོ་ཆོས་དངོས་ལ་གཅིག་ཚིག་མང་ཚིག་གི་ཁྱད་པར་མེད་མོད། འོན་ཀྱང་བརྗོད་འདོད་བློ་དང་རྗོད་བྱེད་ཚིག་གི་དབང་གིས་སྒྲ་དོན་གཉིས་སུ་དབྱེ་ཆོག་སྟེ། འདིར་སྒྲ་ཞེས་པ་ནི་དོན་གྱི་ངོ་བོ་སྟོན་པའི་སྒྲ་སྟེ་གདགས་གཞི་མཚོན་བྱེད་ཀྱི་རྟགས་སམ་མིང་ལ་ཟེར་བ་ཡིན། དོན་ནི་མིང་དེའི་བསྟན་བྱ་གདགས་གཞི་དངོས་ལ་ཟེར་བ་ཡིན།
དེ་ལྟར་དབྱེ་བའི་རྒྱུ་མཚན་གཙོ་བོ་ནི། མིའི་རིགས་ཀྱིས་འཇིག་རྟེན་གྱི་ཤེས་བྱ་སྣ་ཚོགས་ལ་ངོས་འཛིན་དང་ཤེས་རྟོགས་བྱེད་པའི་བྱ་བའི་ཁྲོད་དུ་སྒྲ་དོན་ཟུང་འབྲེལ་གྱི་ཐབས་ལ་བརྟེན་དགོས་པའི་ཕྱིར་ཡིན། དཔེར་ན། ཕ་གའི་ཅོག་ཙེ་སྟེང་གི་དངོས་པོ་དེ་ཅི་རེད་ཅེ་ན། དེ་ནི་ཆུ་བླུག་སའི་སྣོད་ཅིག་རེད་ཅེས་ཆོས་དངོས་སམ་དོན་ལ་དམིགས་འཛུགས་པ་དང་། ཡང་དེའི་མིང་ལ་ཅི་ཟེར་ཞེ་ན། དེའི་མིང་ལ་བུམ་པ་ཟེར་ཞེས་ཆོས་དངོས་མཚོན་བྱེད་ཀྱི་རྟགས་སམ་མིང་སྟེ་སྒྲ་ལ་དམིགས་འཛུགས་པས་ཤེས་བྱ་སྣ་ཚོགས་ཀྱི་ངོས་འཛིན་ལ་སྒྲ་དོན་གཉིས་ཀའི་ཆ་ལྡན་སོང་བ་རེད། ཡང་གཅིག་བཤད་ན། བུམ་པ་ནི་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་ནུས་པ་ལྡན་པའི་དངོས་པོ་དེའི་མིང་རེད་ཅེས་པའི་བུམ་པ་ནི་མིང་སྟེ་སྒྲ་ལ་དམིགས་པ་དང་། བུམ་པའི་ཁ་དོག་ཅེས་པའི་བུམ་པ་ནི་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་ནུས་པ་ལྡན་པའི་དངོས་པོ་དེར་དམིགས་པས་དང་པོ་ཆོས་དངོས་ལ་སྒྲ་དོན་གཉིས་སུ་ཕྱེ་ཆོག་པ་ཡིན། སྤྱིར་སྒྲ་ཡང་ཆོས་དངོས་ཡིན་མོད་འདིར་མཚོན་བྱ་དང་མཚོན་བྱེད་ཀྱི་དབང་གིས་ཆོས་དངོས་ལས་ལོགས་སུ་དགར་བ་ཡིན། དེའི་གནད་ཀྱིས《དཀར་ལེབས་སུམ་རྟགས་དཀའ་འགྲེལ》དུ།“རྣམ་དབྱེ་དང་པོ་ལྗོན་ཤིང་ལྟ་བུ་ལ། ། ཆོས་དངོས་བླ་དྭགས་མིང་གཉིས་སོ་སོར་དབྱེ། །”①ཞེས་གསུངས་སོ། །
མཇུག་གི་གཏམ།
རྣམ་དབྱེ་ཞེས་པའི་ཐ་སྙད་ནི་དྲན་པ་ཡེ་ཤེས་གྲགས་པས《སྨྲ་སྒོ་མཚོན་ཆ》མཛད་པ་ལ་བརྟེན་ནས་བོད་ཀྱི་བརྡ་སྤྲོད་རིག་པའི་བརྡ་ཆད་ཀྱི་གྲལ་དུ་ཚུད་ཅིང་། རྣམ་དབྱེའི་རྐྱེན་དེ་རྣམས་མིང་གི་མཐར་སྦྱར་ནས་ལེགས་སྦྱར་བཞིན་གཟུགས་འགྱུར་གསལ་པོ་ཞིག་དང་དེ་ལས་འཕྲོས་པའི་གཅིག་ཚིག གཉིས་ཚིག་སོགས་མ་བྱུང་མོད། འོན་ཀྱང་བོད་རང་གི་ཚིག་འགྲོས་དང་སྡེབ་ནས་ཆོས་དངོས། བྱ་བའི་ཡུལ་དང་བྱ་བ། བྱེད་པ་པོ་དང་བྱ་བ། ཕན་གདགས་སའི་ཡུལ་དང་བྱ་བ། འབྱུང་ཁུངས་དང་འབྱུང་ཆོས། འབྲེལ་གཞི་དང་འབྲེལ་ཆོས། གནས་གཞི་དང་གནས་ཆོས། འབོད་པའི་ཡུལ་སོགས་མ་ནོར་བར་སོ་སོར་འབྱེད་ནུས་པ་ནི་ལེགས་སྦྱར་སྒྲ་རིག་པ་དང་ཀུན་ནས་མཐུན་ནོ། །
* རྣམ་ཐར་རྒྱལ། མཚོ་སྔོན་མི་རིགས་སློབ་ཆེན་གྲབས་ཚན་སློབ་གསོ་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།
① བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ཆོ། [G] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2004:443.
② བོད་ལྗོངས་ཞིབ་འཇུག [J] 2017(4).
③ དུད་བླ་བུ་ཆུང་གིས་བསྒྲིགས། བོད་སྐད་བརྡ་སྤྲོད་གྱི་དཔེ་རྒྱུན་དཀོན་རིགས་ཀྱི་བསྟན་བཅོས་ཐུང་ངུ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཐི་ལིའི་ཕྲེང་བ། [G] མི་རིགས་དཔེ་སྐྲུན་ཁང་། 2017:1.
④ དྲན་པ་ཡེ་ཤེས་གྲགས་པ། སྨྲ་སྒོ་མཚོན་ཆ། [M] མི་རིགས་དཔེ་སྐྲུན་ཁང་། 2007:7.
⑤ མཁའ་འབུམ། མཁའ་འབུམ་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས། [C] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2017:28.
⑥ སི་ཏུ་བསྟན་པའི་ཉིན་བྱེད། ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2003:253.
⑦ གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། གསེར་ཏོག་སུམ་རྟགས། [M] མི་རིགས་དཔེ་སྐྲུན་ཁང་། 1957 :43.
① ཚེ་ཏན་ཞབས་དྲུང་། ཐོན་མིའི་ཞལ་ལུང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2005 :114.
② དོར་ཞི་གདོང་དྲུག་སྙེམས་བློ། བརྡ་སྤྲོད་དོན་འགྲེལ་ཟབ་གནད་ཀུན་གསལ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1999: 1.
③ ཚུལ་ཁྲིམས་བསྟན་འཛིན། བརྡ་སྤྲོད་པ་དབྱངས་ཅན་གྱི་མདོའི་འགྲེལ་བ་རབ་ཏུ་གསལ་ལྡན་ཞེས་བྱ་བའི་རྒྱས་འགྲེལ་བློ་གསར་ཡིད་ཀྱི་རེ་བ་ཀུན་སྐོང་བར་བྱེད་པ་འགྲུལ་བཞུད་པའི་ཟིན་ཐོ་ཞེས་བྱ་བ་བཞུགས་སོ། ། སྟོད་ཆ། [M] གངས་ལྗོངས་བསམ་བློའི་འགྲུལ་བཞུད་རིག་པའི་དཔེ་ཚོགས་རྩོམ་སྒྲིག་ཁང་། 2013: 22.
④ སྤྱི་ལ1968ལོར་མཛད། དབྱིན་སྐད་ལ《The case forcase》ཞེས་ཞུ་ཞིང་། རྒྱའི་སྐད་དུ《“格”辨》ཞེས་ཟེར།
⑤ 菲尔墨 著 胡明杨 译“格”辨[M]商务印书馆2002:32.
① སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས། ཀརྨ་སི་ཏུའི་སུམ་རྟགས་ཀྱི་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2003: 253.
② 王远新著 语言学教程[M]中央民族大学出版社2009:234.
③ 菲尔墨著 胡明杨译“格”辨[M]商务印书馆2002:32.
④ 张庆华“格”辨评价[J]内蒙古农业大学学报2013,(4):141.
⑤ དཔང་ལོ་ཙཱ་པ་བློ་གྲོས་བརྟན་པ། ཚོགས་གསུམ་གསལ་བ། དག་ཡིག་ཕྱོགས་བསྒྲིགས་མུ་ཏིག་ཚོམ་བུ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1998: 15.
① ཨ་ལག་ཤ་ངག་དབང་བསྟན་དར། མཁས་པའི་དབང་པོ་ཨ་ལག་ཤ་བསྟན་དར་ལྷ་རམས་པའི་གསུམ་འབུམ་བཞུགས་སོ། ། སྨད་ཆ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2011: 149.
② པྲ་ཏི་རིན་ཆེན་དོན་གྲུབ། པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་སུམ་རྟགས་དགོངས་འགྲེལ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2002: 82.
③ གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། གསེར་ཏོག་སུམ་རྟགས། [M] མི་རིགས་དཔེ་སྐྲུན་ཁང་། 1957: 204.
④ སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས། ཀརྨ་སི་ཏིའི་སུམ་རྟགས་ཀྱི་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2003: 189.
⑤⑥དུད་བླ་བུ་ཆུང་གིས་བསྒྲིགས། བོད་སྐད་བརྡ་སྤྲོད་སྐོར་གྱི་དཔེ་རྒྱུན་དཀོན་རིགས་ཀྱི་བསྟན་བཅོས་ཐུང་ངུ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཐི་ལིའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། ། [M] མི་རིགས་དཔེ་སྐྲུན་ཁང་། 2012: 2.3
① ཨ་ལག་ཤ་ངག་དབང་བསྟན་དར། མཁས་པའི་དབང་པོ་ཨ་ལག་ཤ་བསྟན་དར་ལྷ་རམས་པའི་གསུང་འབུམ་བཞུགས་སོ། ། སྨད་ཆ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2011 :150.
① འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། མཁས་པའི་ཚུལ་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1990 :476.
② སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས། ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2003 :7
③ ལྕགས་ཐར་རྒྱལ། བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་མེ་ལོང་། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2008 :276.
④ བཀྲ་ཤིས་དབྱངས་ཅན་དགའ་བའི་བློ་གྲོས། སྒྲ་རིག་པའི་འཇུག་སྒོ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1995: 36.
ེ
① ལྕགས་ཐར་རྒྱལ། བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་མེ་ལོང་། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2008: 276.
② བཀྲ་ཤིས་དབྱངས་ཅན་དགའ་བའི་བློ་གྲོས། སྒྲ་རིག་པའི་འཇུག་སྒོ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1995: 114.
① སྤེན་རྒོད། སྒྲ་གཞུང་རྒྱ་མཚོར་འཇུག་པའི་སྔོན་འགྲོ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014:199.
② 王远新 语言学教程[M]中央民族大学出版社2009:246.
③ སི་ཏུ་བསྟན་པའི་ཉིན་བྱེད། ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2003: 272.
① དཀར་ལེབས་དྲུང་ཡིག་པད་མ་རྡོ་རྗེ། དཀར་ལེབས་སུམ་རྟགས་དཀའ་འགྲེལ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1989:83.