[གནད་བསྡུས] བོད་ཀྱི་དུས་སྐབས་སོ་སོའི་བརྡ་སྤྲོད་པའི་བསྟན་བཅོས་དག་ཞིབ་ཏུ་བསྡུར་ཚེ། སློབ་དཔོན་ཐོན་མིའི་བརྡ་སྤྲོད་པའི་གཞུང་གཞན་དག་མ་ཚང་བར་བརྟེན། ཕྱིས་ཀྱི་འགྲེལ་མཛད་མཁན་པོ་རྣམས་ཀྱིས་སུམ་རྟགས་གཉིས་ལས་རང་རང་གི་རིགས་པས་ཚིག་དོན་གྱི་གཏད་སོ་རེ་བཙལ་ཏེ་འགྲེལ་བ་མཛད་པའི་དབང་གིས། མགོ་འདོགས་ཀྱི་ཡི་གེ་དང་རྣམ་གྲངས། ཡང་འཇུག་སྦྱོར་མིན། རྗེས་འཇུག་གི་རྟགས་ཀྱི་དབྱེ་བ། མིང་མཐའ་འདྲེན་ལུགས་སོགས་ལ་འགྲེལ་ལུགས་མི་མཐུན་པ་བྱུང་བ་བརྗོད་ཡོད།
[གནད་ཚིག] སློབ་དཔོན་ཐོན་མི། བརྡ་སྤྲོད་པའི་གཞུང་། འགྲེལ་ལུགས།
ཨོ་རྒྱན་སྐྱབས། *
གླེང་གཞི།
ཐོན་མིའི་ཡི་གེར་བརྡ་སྤྲོད་པའི་བསྟན་བཅོས་མེད་ཚེ་བེད་སྤྱོད་ཐབས་མེད་པས། བོད་ཀྱི་ཡི་གེ་དང་དེའི་བརྡ་སྤྲོད་པའི་བསྟན་བཅོས་བྱུང་བ་གཉིས་དུས་མཉམ་ཡིན་དགོས་པར་དམུ་དགེ་བསམ་གཏན་མཆོག་གིས《བརྡ་སྤྲོད་བློ་གསལ་དགའ་སྟོན》དུ་གསུངས། སློབ་དཔོན་ཐོན་མིས་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་མཛད་པ་ནི《མ་ཎི་བཀའ་འབུམ》དང《བུ་སྟོན་ཆོས་འབྱུང》《བཻ་དཀར་གཡའ་སེལ》སི་ཏུ་པཎ་ཆེན་གྱི《མུ་ཏིག་ཕྲེང་མཛེས》གཙོས་པའི་བསྟན་བཅོས་ཚད་ཐུབ་དག་ཏུ་གསུངས་ཤིང་། “དེ་ལས་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ་གཉིས་ཁོ་ན་དེང་སང་གི་བར་དུ་ཡོད་ཅིང་། མཁས་བླུན་མང་པོས་འགྲེལ་བཤད་ཀྱི་ཁུར་བླངས་པས་དོན་གཞན་དང་གཞན་དུ་འདོན་པའི་གླེགས་བམ་གྱི་ཕྲེང་བར་གྱུར་མོད། འོན་ཏང་རྣམ་དཔྱོད་དང་ལྡན་པ་ཁ་ཅིག་གིས་རིགས་པའི་མདའ་རྣོན་གྱིས་ཕུག་པས་གཞུང་དོན་མང་པོ་ཞིག་དཔྱིས་ཕྱིན་པར་གྱུར་ཅིང་། ཕལ་ཆེར་ནི་བྱང་ཕྱོགས་འདིར་གཙུག་ལག་གཉིས་ཀ་བར་དུ་ཉམས་པའི་དབང་ལས་བཤད་རྒྱུན་དང་བསྟན་བཅོས་ཀྱི་ཡན་ལག་གཞན་མ་ཚང་བའི་ཕྱིར་མི་གསལ་བ་རྣམས་ལ་ཁ་ཁྲལ་འཇལ་བ་ཙམ་ལས་དོན་དུ་གནས་པར་མ་མངོན་པས།”①ཞེས་གསུངས་པ་བཞིན་དུ། བརྡ་སྤྲོད་པའི་བསྟན་བཅོས་ཀྱི་གཞན་མ་ཚང་བ་དེས། སུམ་རྟགས་ལ་འགྲེལ་ལུགས་སྣ་ཚོགས་ཤིག་བྱུང་སྟེ། མགོ་འདོགས་ཀྱི་ཡི་གེ་དང་རྣམ་གྲངས། ཡང་འཇུག་སྦྱོར་མིན། རྗེས་འཇུག་གི་རྟགས་ཀྱི་དབྱེ་བ། མིང་མཐའ་འདྲེན་ལུགས་སོགས་མི་མཐུན་པ་མང་དུ་བྱུང་ངོ་། །
དང་པོ། སློབ་དཔོན་ཐོན་མིས་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་མཛད་ཚུལ།
《མ་ཎི་བཀའ་འབུམ》དུ།“ཐོན་མིས་རྒྱ་གར་དུ་ཕྱིན་ནས… …བོད་ཡུལ་དུ་བྱོན་ནས… …བོད་ཡིག་བརྩམས་ཏེ། སྒྲའི་བསྟན་བཅོས་ཆེན་པོ་བརྒྱད་མཛད་དོ། །”②ཞེས་དང་། 《བུ་སྟོན་ཆོས་འབྱུང》དུ།“བོད་ལ་ཡི་གེ་མེད་པས། ཐོན་མི་ཨ་ནུའི་བུ་ལ་འཁོར་བཅུ་དྲུག་དང་བཅས་པ་ཡི་གེ་སློབ་ཏུ་བཏང་བས། པཎྜི་ཏ་ལྷའི་རིག་པ་སེང་གེ་ལ་སྒྲ་བསླབས་ཏེ། བོད་ཀྱི་སྐད་དང་བསྟུན་ནས་གསལ་བྱེད་སུམ་ཅུ། ཨཱ་ལི་བཞིར་བསྡུས་ཏེ། གཟུགས་ཁ་ཆེའི་ཡི་གེ་དང་བསྟུན་ནས། ལྷ་སའི་སྐུ་མཁར་མ་རུར་བཅོས་ནས། ཡི་གེ་དང་སྒྲའི་བསྟན་བཅོས་བརྒྱད་མཛད་དེ། རྒྱལ་པོས་ལོ་བཞི་རུ་མཚམས་བཅད་དེ་བསླབས་སོ། །”ཞེས་འབྱུང་བ་དང་། ཞ་ལུ་ལོ་ཙཱ་པས།“བོད་ཡུལ་དབུས་ཀྱི་རྒྱལ་པོ་མཆོག ། གནམ་རི་སྲོང་བཙན་ཡན་ཆད་ལ། ། བོད་ལ་ཡི་གེ་མེད་ཅེས་གྲག ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས། ། མཁན་པོ་ཐོན་མི་སམྦྷོ་ཊས། ། ལཉྫའི་ཡི་གེར་དཔེར་མཛད་ནས། ། དབྱངས་ཡིག་ཨི་ཨུ་ཨེ་ཨོ་བཞི། ། གསལ་བྱེད་ཀ་སོགས་སུམ་ཅུ་མཛད། ། དེ་ལས་རྗེས་སུ་འཇུག་པ་བཅུ། ། དེ་ལས་ཀྱང་ནི་སྔོན་འཇུག་ལྔ། ། ར་ལ་ས་ཡི་མགོ་གསུམ་
དང་། །ཡ་ར་ལ་ཡི་སྨད་འདོགས་གསུམ། ། ད་དང་ས་ཡི་ཡང་འཇུག་སོགས། ། སྟོན་པའི་བསྟན་བཅོས་རྣམ་བརྒྱད་
མཛད། །”③ཅེས་གསུངས་པ་དང་། གཞན་ཡང་།“སུམ་རྟགས་ཀྱི་རྩ་བའི་མཇུག་ཏུ། བྱཱ་ཀ་ར་ཎའི་རྩ་བ་བརྒྱད་པ་ལས་ཀུན་ཏུ་བཟང་པོའི་བྱཱ་ཀ་ར་ཎ་གཉིས་པའི་སྐབས་ཏེ་དྲུག་པའོ་ཞེས་གསུངས་པའི་ཚིག་ལ་བརྟེན་ནས་རྗེས་སུ་དཔག་པའི་བློས་རྒྱ་གར་གྱི་བྱཱ་ཀ་ར་ཎའི་བསྟན་བཅོས་བརྒྱད་དང་མཐུན་པར་བོད་ལ་ཡང་བྱཱ་ཀ་ར་ཎའི་རྩ་བ་བརྒྱད་མཛད་པ་ཤེས་སམ་སྙམ་ལ།”④བུ་སྟོན་རིན་ཆེན་གྲུབ་ཀྱིས་སློབ་དཔོན་ཐོན་མིའི་སུམ་རྟགས་གཉིས་ཐོག་མར་བསྟན་འགྱུར་གྱི་དཀར་ཆག་ཏུ་བསྡུས་པ་དང་། 《རྒྱལ་རབས་གསལ་བའི་མེ་ལོང》དུ་དང་པོ་ཡི་གེའི་རྣམ་འགྱུར་གྱི་བཟོ་བརྩམས་སོགས་ཐོན་མིའི་བརྡ་སྤྲོད་པའི་བསྟན་བཅོས་བཞིའི་མཚན་བགྲངས་པ་དང་། ཡར་འབྲོག་པ་རིན་ཆེན་ཏོག་སོགས་ཀྱིས《སྔགས་ཀྱི་བཀླག་ཐབས་མུན་པའི་སྒྲོན་མེ》ཞེས་པ་ཞིག་དང་། དཀར་ལེབ་དྲུང་ཡིག་གིས《ཀླུ་དབང་མགུལ་རྒྱན》ཞེས་པ་ཞིག་ཡོད་པར་བཤད་པ་བཅས་བསྡོམས་ན་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་དུ་ཁེལ་ཞིང་། བརྡ་སྤྲོད་པའི་ཡན་ལག་གི་བསྟན་བཅོས་གཞན་ཡང་ཡོད་ངེས་པར་གདོན་མི་ཟ་ཞིང་། སློབ་དཔོན་ཐོན་མིས་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་མཛད་ཅེས་བོད་ཀྱི་མཁས་པ་རྣམས་ལ་རླུང་ལྟར་གྲགས་པའང་དོན་དང་མཐུན་པ་ཞིག་གོ།
གཉིས་པ། བརྡ་སྤྲོད་པའི་གཞུང་འགྲེལ་དག་གི་བཞེད་པ་སྣ་ཚོགས།
སུམ་རྟགས་གཉིས་སུ་དབྱངས་གསལ་སོ་བཞིའི་མགོ་འདོགས་ཀྱི་ཡི་གེ་དང་དེའི་རྣམ་གྲངས། རྗེས་འཇུག་གི་རྟགས་ཀྱི་དབྱེ་ལུགས། མིང་མཐའ་འདྲེན་ལུགས་སོགས་ལ་འགྲེལ་ལུགས་མི་མཐུན་པ་མང་དུ་ཡོད་དེ། མགོ་འདོགས་ཀྱི་ཡི་གེ་དང་། དེའི་རྣམ་གྲངས། རྗེས་འཇུག་གི་རྟགས་ཀྱི་དབྱེ་ལུགས་དང་། མིང་མཐའ་འདྲེན་ལུགས་སོགས་གསལ་བར་མ་བསྟན་པ་དང་། ཐོན་མིའི་བརྡ་སྤྲོད་པའི་གཞུང་གཞན་དག་མ་ཚང་བའི་དབང་གིས་ཕྱིས་འགྲེལ་མཁས་པས་རང་གི་རིག་པའི་རྩལ་བཏོན་ནས་བཀྲལ་ཡོད། སི་ཏུ་པཎ་ཆེན་གྱིས།“དེའང་ཐུ་མི་སམྦྷོ་ཊས་བོད་ཀྱི་སྐད་ལ་ཉེ་བར་མཁོ་བའི་བསྟན་བཅོས་བརྒྱད་མཛད་པར་གྲགས་པ། ཕྱི་དར་གྱི་དུས་སུ་སུམ་རྟགས་གཉིས་ལས་གཞན་མི་བཞུགས་ཤིང་། ཕྱིས་ཀྱི་མཁས་པ་དག་གིས་གཞུང་དེ་གཉིས་རང་ལ་བརྟེན་པ་དང་། ཡིག་རྙིང་རྣམས་དང་ཡང་སྒོ་བསྟུན་ནས་བརྡ་དག་གི་བསྟན་བཅོས་རྣམས་བརྩམས་པ་ཡིན་མོད། འོན་ཀྱང་རྩ་བར་ཡན་ལག་མ་ཚང་བའི་རྒྱུས་དོན་འགའ་ཞིག་མི་གསལ་བ་དང་། མ་རྫོགས་པ་རྣམས་རང་སྟོབས་ཀྱིས་དཔྱད་པའི་ཚུལ་མི་མཚུངས་པ་སྣ་ཚོགས་བྱུང་བའི་རྒྱུ་མཚན་གྱིས་ཡིན་པས། འདིར་ཡང་མཐའ་གཅིག་ཏུ་ངེས་པ་མ་བྱས།”① ཞེས་གསུངས། དེ་བཞིན་དུ་ཡིག་སྐད་སྤེལ་བར་བརྟེན། ཡིག་སྐད་ལའང་བརྒྱ་ཁ་གཅིག་ཆོད་ལྟ་བུའི་འགྲོས་གཅིག་པ་ཤ་སྟག་ཅིག་བྱུང་མ་ཐུབ་པ་ཡིན་ནོ། །
1.མགོ་འདོགས་ཡི་གེའི་བཞེད་ཚུལ།
བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་དག་ཞིབ་ཏུ་བསྡུར་ཚེ། སྤྱིར་མགོ་འདོགས་ཀྱི་ཡི་གེ་དང་། དེའི་རྣམ་གྲངས་ལ་ཞལ་མཚུངས་ཀྱང་། ཡི་གེ་རེ་གཉིས་ཀྱི་ཐད་ལ་བཞེད་པ་མི་མཚུངས་པ་ཡོད། རེའུ་མིག་ཏུ་བཀོད་ན།
རེའུ་མིག་འདི་ལ་གཞིགས་ན། མགོ་ཅན་གསུམ་ལས་ལ་མགོ་ཅན་གྱི་ཡི་གེ་ལ་རྩོད་པ་མེད་ནའང་། ས་སྐྱ་བསོད་ནམས་རྩེ་མོ་དང་ཨ་ལག་ཤ་གཉིས་རྔོག་ལོའི་རྗེས་སུ་འབྲངས་ཏེ། རླ་དང་སླ་གཉིས་མགོ་ཅན་དུ་བགྲངས་པ་དང་། ས་སྐྱ་བསོད་ནམས་རྩེ་མོས་རྱ་དང་སྲ་གཉིས་མགོ་ཅན་དུ་བགྲངས་པ་མ་གཏོགས། ཞ་ལུ་ལོ་ཙཱ་པའི་བཞེད་དགོངས་བཞིན་གཅིག་ཏུ་ཕྱོགས་པར་མངོན།
རེའུ་མིག་འདི་ལ་གཞིགས་ན། ཡ་བཏགས་ཀྱི་ཡི་གེར་རྩོད་པ་མེད་ནའང་། རྔོག་ལོས་རླ་སླ་གཉིས་མགོ་ཅན་དང་འདོགས་ཅན་གཉི་གར་བགྲངས་པ་ས་སྐྱ་བསོད་ནམས་རྩེ་མོ་དང་ཨ་ལག་ཤ་གཉི་གས་དོར་ཏེ་ལ་བཏགས་བཞིར་བགྲངས་ཡོད། ཏྲ་ཐྲ་མྲ་སྲ་ཧྲ་བགྲངས་མིན་གྱིས་ར་བཏགས་ཀྱི་ཡིག་གྲངས་མི་མཚུངས་ལ། ཝ་བཏགས་ཀྱི་ཐད་དུ་བརྩེགས་མའང་བགྲངས་པ་ཙམ་ལས། སྤྱི་ཆ་ནས་རིམ་གྱིས་གཅིག་གྱུར་ཏུ་ཕྱོགས་པར་མངོན།
2.ཡང་འཇུག་སྦྱོར་མིན་མི་མཚུངས་པ།
སུམ་རྟགས་གཉིས་སུ་རྗེས་འཇུག་བཅུ་བསྟན་པའི་ཤུགས་ལས་ཡང་འཇུག་གཉིས་བསྟན་པར་འདོད་པ་ལས། ཡང་འཇུག་ཚིག་དངོས་སུ་ཐོན་མེད་པས། མེར་གེན་མཁན་པོ་ཡེ་ཤེས་རྣམ་རྒྱལ་གྱིས། རྗེས་འཇུག་ཡི་གེ་བཅུ་པོ་ ལས། ། གསུམ་པ་བཅུ་པ་ཡང་འཇུག་སྟེ། ། ཞེས་སུམ་ཅུ་བའི་རྩ་བར་ཚིག་རྐང་གཉིས་གསར་དུ་བསྣན་ཏེ། ཡང་འཇུག་གཉིས་རྩ་བའི་དངོས་བསྟན་དུ་བཅོས་པ་ཡིན། དེ་ལྟར་སུམ་རྟགས་ཀྱི་རྩ་བར་དངོས་སུ་མ་བསྟན་ཅིང་། ཡན་ལག་གི་བསྟན་བཅོས་གཞན་དག་ཀྱང་མ་ཚང་བར་བརྟེན། རྔོག་ལོ་ཙཱ་པ་བློ་ལྡན་ཤེས་རབ་ཀྱིས།“ན་ར་ལ་གསུམ་རྗེས་སུ་ནི། ། སྒྲ་སྒྱུར་སྔ་མས་ད་དྲག་བཞེད། ། དེ་ཚེ་ཅིང་ཅེས་ཅིག་འཐོབ་ཀྱང་། ། ཕྱི་མ་རྣམས་ཀྱི་ད་དྲག་དོར། ། འོན་ཀྱང་ན་ར་ལ་གསུམ་གྱི། ། རྗེས་སུ་ཞིག་ཞེས་ཞིག་ཡིན་ནའང་། ། ད་དྲག་ངེས་པར་ཐོབ་པ་དེར། ། ད་དྲག་སྦྱོར་རམ་མི་སྦྱོར་ཡང་། ། ཅིང་ཅེས་ཅིག་ཅེས་ཞེས་ཏེ་དཔེར། ། མཁས་པར་མཁྱེན་ཅིང་ཡོན་ཏན་གྱིས། །”①ཞེས་ད་དྲག་ བསྡུས་པའི་ཚུལ་མཛད་པས། སི་ཏུ་པཎ་ཆེན་གྱིས་ཀྱང་། “ད་དྲག་ནི་སུམ་རྟགས་ཀྱི་དགོངས་པར་འབྱོར་མོད་ཀྱི་ཕྱིས་བློ་ལྡན་ཤེས་རབ་སོགས་ཀྱིས་ཡི་གེ་ཟོར་ཡང་བའི་ཆེད་དུ་བསྡུས་པ་བཞིན་དུ་བྱས་ཏེ།”①ཞེས་གསུངས་པ་དང་། ད་དྲག་བསྡུས་པས།“གནའ་བོའི་སྐད་ལ་ན་ར་ལ་གསུམ་གྱི་རྗེས་འཇུག་ཅན་གྱི་བྱ་བའི་དོན་ཅན་གྱི་འདས་ཚིག་དང་སྐུལ་ཚིག་གཉིས་ལ་ད་དྲག་ངེས་པར་ཐོབ་པ་སོགས་ཀྱི་རྐྱེན་པས་ད་དྲག་དངོས་སུ་མི་སྦྱོར་བར་བསྡུས་པ་ལས། ཀུན་ཏུ། ཕ་རོལ་ཏུ། ཡུན་ཏུ་ཞེས་པ་ལྟ་བུར་ད་དྲག་ཐོབ་པ་ལྟར་དུ་སྒྲ་སྦྱོར་ཡང་། ཀུན་གྱི། ཕ་རོལ་གྱི། ཡུན་གྱིས་ཞེས་པ་ལྟ་བུར་ད་དྲག་མེད་པ་ལྟར་བྱེད་པས་ཚིག་ཕྲད་སྦྱོར་ཚུལ་ལ་ཉོག་དྲ་བྱུང་བ་དང་གཅིག … … མིང་མཐའ་སྦྱོར་ལུགས་ལ་ཉོག་དྲ་བྱུང་བ་དང་གཉིས། … …ད་དྲག་ཡོད་མེད་ཀྱི་ཁྱད་པར་མི་གསལ་བས་ཚིག་གྲོགས་ལ་མ་བརྟེན་པར་དུས་ཀྱི་ཁྱད་པར་འབྱེད་དཀའ་བ་དང་གསུམ། … …བོད་སྐད་ཀྱི་མིང་གི་འགྲུབ་
རྒྱུ་ལ་འཕྲི་བ་བྱས་པ་དང་བཞི། རང་རེའི་སྐད་ཆ་འདིར་ཡི་གེའི་སྦྱོར་བའི་ཁྱད་པར་ལྟར་ཡི་གེ་འདུ་ལུགས་ཀྱི་མང་ཉུང་ལ་སྒྲ་གདངས་མི་འདྲ་བ་ཡོད་ཀྱང་། ད་དྲག་མེད་པས་ད་དྲག་ཡོད་མེད་ཀྱི་ཁྱད་པར་མི་འཐོན་པ་དང་ལྔ”②བཅས་ཀྱི་ཉོག་དྲ་བྱུང་བ་ད་ལྟའང་དེ་བཞིན་ལུས་པ་དང་། ཀུན་ཏུ་དང་། ཕ་རོལ་ཏུ། ཡུན་ཏུ་ལྟ་བུར་ད་དྲག་ཐོབ་པ་ལྟར་སྦྱོར་ཡང་། ཀུན་གྱི། ཕ་རོལ་གྱི། ཡུན་གྱིས་ཞེས་པ་ལྟ་བུར་ད་དྲག་མེད་པ་ལྟར་འབྱུང་ལ། ས་དྲག་ཀྱང་བྱིས་འཇུག་ཏུ་རྗེས་འཇུག་ག་ང་བ་མར་འཐོབ་པར་བཤད་ཀྱང་། སྡེ་དགེ་བླ་མ་ནོར་བུ་བསྟན་འཛིན་གྱིས་བསྡུས་པ་འཇུ་མི་ཕམ་གྱིས་ས་མཐའ་མེད་སྨྲ་དགག་པར་བཀག་པ་ལྟ་བུ་ནི་སུམ་རྟགས་ཀྱི་སྤྱི་ཆིངས་སུ་མ་འདུས་ཤིང་། ཡན་ལག་གི་བསྟན་བཅོས་གཞན་དག་མ་ཚང་བའི་རྩོད་གཞི་ཅན་གྱི་འགྲེལ་ལུགས་སུ་འཁུམས་སོ། །
3.རྗེས་འཇུག་གི་རྟགས་ཀྱི་དབྱེ་བ།
རྟགས་ཀྱི་འཇུག་པར། རྗེས་འཇུག་ཡི་གེ་བཅུ་པོ་ལ། ། ཕོ་མོ་མ་ནིང་གསུམ་དུ་དབྱེ། ། ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ། ། མོ་ལ་མོ་དང་ཤིན་ཏུ་མོ། ། མ་ནིང་འགྱུར་དང་མཚན་གཉིས་དང་། ། མཚན་མེད་དག་དང་གསུམ་དུ་འདོད། ། ཅེས་པ་དང་། རྗེས་འཇུག་བཅུའི་སྒྲ་དོན་གྱི་འཇུག་ཚུལ་ཙམ་ལས་རྟགས་ཀྱི་ངོས་འཛིན་གསལ་བར་མ་བསྟན་པའི་དབང་གིས། རྗེས་འཇུག་གི་རྟགས་ཀྱི་དབྱེ་ལུགས་ལ་མི་མཐུན་པ་མང་དུ་བྱུང་བ་རེའུ་མིག་ཏུ་བཀོད་ན།
ས་སྐྱ་པཎ་ཆེན་དང་། ལོ་ཆེན་ནམ་བཟང་། མཁས་མཆོག་པྲ་ཏི་དང་སི་ཏུའི་བཞེད་ལུགས་གཙོས་པའི་བཞེད་ལུགས་སྣ་ཚོགས་ཤིག་བྱུང་ཞིང་། རྗེས་འཇུག་གི་རྟགས་གསུམ་གྱི་དབྱེ་ལུགས་མི་མཚུངས་པས། སྒྲ་དོན་གྱི་འཇུག་ཚུལ་དང། རྗེས་འཇུག་གི་ནང་གསེས་རྟགས་བརྒྱད་དུ་དབྱེ་ལུགས་ལ་སྣ་ཚོགས་པ་བྱུང་བས་མཚོན། རྣམ་གླིང་པཎ་ཆེན་གྱིས།“ཟ་མ་ཏོག་ལས་ཕོ་ལ་སྐྱེས་བུ་རབ་འབྲིང་ཐ་གསུམ་ཞེས་བྱ་བ་ནི། རྗེས་འཇུག་གི་ཕོ་ཡིག་སྐྱེས་བུ་རབ་ནི་ས་ཡིན་ཏེ། དེའི་རྗེས་སུ་ཞུགས་པས་ན་སྒྲ་སྟོབས་ཆེ་བའི་ཕྱིར་རོ། ། སྐྱེས་བུ་འབྲིང་ནི་བ་ཡིན་ཏེ་སྒྲ་འབྲིང་དུ་གནས་པའོ། ། སྐྱེས་བུ་ཐ་མ་ནི་ད་ཡིན་ཏེ་སྒྲ་སྟོབས་ཆུང་བར་གནས་སོ། ། དེ་དག་སྐྱེས་བུ་ཕོ་གསུམ་དུ་ཇི་ལྟར་རྟོགས་ན། སུམ་ཅུ་བ་ལས། གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། ། ཞེས་གསུངས་པ་ནི། ས་བ་ད་རྣམས་ཡིན་ནོ། །”① ཞེས་གསུངས་པ་བཞིན་ས་སྐྱ་པཎ་ཆེན་སོགས་ཀྱིས་འབྲེལ་སྒྲའི་ཐོབ་ཐང་འདྲེན་ལུགས་གཞིར་བཟུང་སྟེ་རྗེས་འཇུག་གི་ད་བ་ས་གསུམ་ཕོའི་ཡི་གེར་འདོད་པ་དང་། སི་ཏུ་པཎ་ཆེན་གྱིས་རྒྱན་སྡུད་ཀྱི་ཐོབ་ཐང་འདྲེན་ལུགས་གཞིར་བཟུང་བ་རེད་ཅེས་རྒན་ལྕགས་ཐར་རྒྱལ་ལགས་ཀྱིས་གསུངས་པ་སོགས་རང་ལུགས་ཀྱི་གཏད་སོ་མི་འདྲ་བ་སྣ་ཚོགས་བྱུང་ཡོད་དོ། །
4.མིང་མཐའ་འདྲེན་ཚུལ།
རྗེས་འཇུག་གི་རྟགས་ཀྱི་དབྱེ་ཚུལ་ལ་བཞེད་པ་མ་མཐུན་པས། རྗེས་འཇུག་གི་སྒྲའི་འཇུག་ཚུལ་ལ་ཉོག་དྲ་བྱུང་ཞིང་། ཅིག་ཤོས་ཀྱི་རྟགས་མཚུངས་འདྲེན་པ་དེ་ཅིག་ཤོས་ལྟར་ན་བརྗོད་བདེ་འདྲེན་པར་བརྩི་དགོས་པ་དང་། རྗེས་འཇུག་གི་རྟགས་ལ་རག་ལས་པའི་མིང་མཐའི་རྟགས་མཚུངས་འདྲེན་ཚུལ་ལའང་སྣ་ཚོགས་ཤིག་འབྱུང་སྲིད་པ་ནི། རྟགས་ཀྱི་འཇུག་པར།“ཕྱི་མ་དག་གི་འདྲེན་ཚུལ་ནི། ། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། ། མོ་ཡིས་མོ་ཡི་མིང་མཐའ་དྲང་། ། མ་ནིང་གིས་ནི་མ་ནིང་ངོ་་། །”②ཞེས་གསུངས་པའི་ཕྱིར་ཏེ། དཔེར་ན། པྲ་ཏིའི་ལུགས་ལྟར་ན། འཆར་ག་ཞེས་པ་ནི་མོས་མོ་དྲངས་པ་ཡིན་ཡང་། སི་ཏུ་ལྟར་ན་བརྗོད་བདེ་འདྲེན་པར་བརྩི་དགོས་པར་འགྱུར་བ་དང་། པྲ་ཏི་ལྟར་ན་རྟག་སྟེ་ཞེས་པ་ནི་བརྗོད་བདེ་འདྲེན་པ་ཡིན་ཡང་། སི་ཏུས་རྟགས་མཚུངས་དང་། སྟོན་ཁ་ལྟ་བུ་མ་ནིང་གིས་མ་ནིང་དྲངས་པར་བརྩི་ཡང་པྲ་ཏི་ལྟར་ན་བརྗོད་བདེ་འདྲེན་པར་བརྩི་བ་ལྟ་བུ་དང་། གཞན་ཡང་། མིང་མཐའི་པ་བ་དང་བདག་སྒྲ་སོགས་ཀྱི་སྒྲའི་སྦྱོར་ལུགས་ལ་རྙོག་དྲ་ཤིན་ཏུ་ཆེ་བའང་མིང་མཐའ་འདྲེན་ལུགས་ལ་ཁ་མི་མཚུངས་པར་རག་ལས་ཡོད་དོ། །
མདོར་ན། སློབ་དཔོན་ཐོན་མིའི་གཞུང་གཞན་དག་ མ་ཚང་བར་བརྟེན། སུམ་རྟགས་གཉིས་ཀྱི་ཚིག་དོན་ དཔྱིས་ཕྱིན་པར་འགྲོལ་མ་ཐུབ་པ་དང་། སུམ་རྟགས་གཉིས་སུ་གསལ་བར་མ་བསྟན་པ་དག་གི་འགྲོལ་བྱེད་ལ་རིགས་པའི་གཏད་སོ་ཐུན་མོང་བ་ཞིག་མེད་པའི་དབང་གིས་འགྲེལ་ལུགས་སྣ་ཚོགས་པར་གྱུར་ཅིང་། རྣམ་དཔྱོད་དང་ལྡན་པ་གཞུང་འགྲེལ་མཁན་པོ་དག་གིས་རང་གི་རིག་པའི་རྩལ་བཏོན་ཏེ་གཞུང་དོན་དཔྱིས་ཕྱིན་བཀྲལ་བར་བྱས་ཏེ། རིམ་གྱིས་འགྲེལ་ལུགས་དང་འབྲི་ལུགས་གཅིག་མཐུན་དུ་ཕྱོགས་པའི་རྣམ་པ་ཞིག་མངོན་འདུག ད་དུང་བོད་རང་གི་སྐད་ཡིག་གི་འཕེལ་འགྲོས་དང་བསྟུན་པ་དང་། གཞུང་འགྲེལ་ཚད་ལྡན་གཞིར་བཟུང་སྟེ། འགྲེལ་ལུགས་དང་འབྲི་ལུགས་གཅིག་གྱུར་བྱེད་པ་ནི་ཤིན་ཏུ་ནས་ཀྱང་གལ་ཆེའོ། །
* ཨོ་རྒྱན་སྐྱབས། མཚོ་སྔོན་མི་རིགས་སློབ་ཆེན་མིའི་རིགས་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང2019ལོའི་རབ་འབྱམས་ཞིབ་འཇུག་སློབ་མ།
① སི་ཏུ་བསྟན་པའི་ཉིན་བྱེད། ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012:14-15.
② ཆོས་རྒྱལ་སྲོང་བཙན་སྒམ་པོ་སོགས། མ་ཎི་བཀའ་འབུམ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011:274.
③ བུ་སྟོན་རིན་ཆེན་གྲུབ། བུ་སྟོན་ཆོས་འབྱུང་། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2004:272.
④ དཔང་ལོ་ཙཱ་པ་བློ་གྲོས་བརྟན་པ་སོགས་ཀྱིས་མཛད། དག་ཡིག་ཕྱོགས་བསྒྲིགས་མུ་ཏིག་ཚོམ་བུ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012:89.
འགྲེལ་མཛད་པ།བསྟན་བཅོས།ར་མགོལ་མགོས་མགོབསྡོམས།
རྔོག་ལོ་ཙཱ་པ་བློ་ལྡན་ཤེས་རབ།དག་ཡིག་ཉེར་མཁོ་བསྡུས་པ།རྐ་རྒ་རྔ་རྗ་རྙ་རྟ་རྡ་རྣ་རྦ་རྨ་རྩ་རྫ་རླ། ༡༣ལྐ་ལྒ་ལྔ་ལྕ་ལྗ་ལྟ་ལྡ་ལྤ་ལྦ་ལྷ། ༡༠སྐ་སྒ་སྔ་སྙ་སྟ་སྡ་སྣ་སྤ་སྦ་སྨ་སྩ་སླ། ༡༢༣༥
ས་སྐྱ་བསོད་ནམས་རྩེ་མོ།བྱིས་པ་བདེ་བླག་ཏུ་འཇུག་པའི་སྒོ།རྐ་རྒ་རྔ་རྗ་རྙ་རྟ་རྡ་རྣ་རྦ་རྨ་རྩ་རྫ་རླ་རྱ། ༡༤ལྐ་ལྒ་ལྔ་ལྕ་ལྗ་ལྟ་ལྡ་ལྤ་ལྦ་ལྷ། ༡༠སྐ་སྒ་སྔ་སྙ་སྟ་སྡ་སྣ་སྤ་སྦ་སྨ་སྩ་སྲ་སླ། ༡༣༣༧
ཞྭ་ལུ་ལོ་ཙཱ་པ་ཆོས་སྐྱོང་བཟང་པོ།དག་ཡིག་ཟ་མ་ཏོགརྐ་རྒ་རྔ་རྗ་རྙ་རྟ་རྡ་རྣ་རྦ་རྨ་རྩ་རྫ། ༡༢ལྐ་ལྒ་ལྔ་ལྕ་ལྗ་ལྟ་ལྡ་ལྤ་ལྦ་ལྷ། ༡༠སྐ་སྒ་སྔ་སྙ་སྟ་སྡ་སྣ་སྤ་སྦ་སྨ་སྩ། ༡༡༣༣
ཨ་ལག་ཤ་ངག་དབང་བསྟན་དར།ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན།རྐ་རྒ་རྔ་རྗ་རྙ་རྟ་རྡ་རྣ་རྦ་རྨ་རྩ་རྫ་རླ། ༡༣ལྐ་ལྒ་ལྔ་ལྕ་ལྗ་ལྟ་ལྡ་ལྤ་ལྦ་ལྷ། ༡༠སྐ་སྒ་སྔ་སྙ་སྟ་སྡ་སྣ་སྤ་སྦ་སྨ་སྩ་སླ། ༡༢༣༥
གསུང་རབ་རྒྱ་མཚོ།སུམ་རྟགས་གཉིས་ཀྱི་ཚིག་དོན་མདོར་བསྡུས།རྐ་རྒ་རྔ་རྗ་རྙ་རྟ་རྡ་རྣ་རྦ་རྨ་རྩ་རྫ། ༡༢ལྐ་ལྒ་ལྔ་ལྕ་ལྗ་ལྟ་ལྡ་ལྤ་ལྦ་ལྷ། ༡༠སྐ་སྒ་སྔ་སྙ་སྟ་སྡ་སྣ་སྤ་སྦ་སྨ་སྩ། ༡༡༣༣
ཚེ་ཏན་ཞབས་དྲུང་།ཐོན་མིའི་བཞད་སྒྲ།རྐ་རྒ་རྔ་རྗ་རྙ་རྟ་རྡ་རྣ་རྦ་རྨ་རྩ་རྫ། ༡༢ལྐ་ལྒ་ལྔ་ལྕ་ལྗ་ལྟ་ལྡ་ལྤ་ལྦ་ལྷ། ༡༠སྐ་སྒ་སྔ་སྙ་སྟ་སྡ་སྣ་སྤ་སྦ་སྨ་སྩ། ༡༡༣༣
(མགོ་ཅན་གྱི་ཡི་གེ་དང་རྣམ་གྲངས)
① སི་ཏུ་ཆོས་ཀྱི་འབྱུང་གནས། སྡེ་དགེའི་བཀའ་འགྱུར་དཀར་ཆག [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1989:310-311.
འགྲེལ་མཛད་པ།བསྟན་བཅོས།ཡ་བཏགས།ར་བཏགས།ལ་བཏགས།ཝ་བཏགས།བསྡོམས།
རྔོག་ལོ་ཙཱ་པ་བློ་ལྡན་ཤེས་རབ།དག་ཡིག་ཉེར་མཁོ་བསྡུས་པ།ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ། ༧ཀྲ་ཁྲ་གྲ་དྲ་པྲ་ཕྲ་བྲ་མྲ་སྲ་ཧྲ། ༡༠ཀླ་གླ་བླ་ཟླ་རླ་སླ། ༦ཀྭ་ཁྭ་གྲྭ(ཅྭ)རྩྭ་ཚྭ་ཞྭ་ཟྭ་རྭ་ཤྭ་སྭ་ཧྭ། ༡༢༣༥
ས་སྐྱ་བསོད་ནམས་རྩེ་མོ།བྱིས་པ་བདེ་བླག་ཏུ་འཇུག་པའི་སྒོ།ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱརྱ། ༨ཀྲ་ཁྲ་གྲ་ཏྲ་དྲ་པྲ་ཕྲ་བྲ་མྲ་ཧྲ། ༡༠ཀླ་གླ་བླ་ཟླ། ༤ཀྭ་ཁྭ་གྭ་ཉྭ་དྭ་ཚྭ་ཞྭ་ཟྭ་རྭ་ལྭ་ཤྭ་ཧྭ། གྲྭ་རྩྭ་ཕྱྭ། ༡༥༣༧
ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་ཚན།ཡི་གེའི་སྦྱོར་བ།ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ། ༧ཀྲ་ཁྲ་གྲ་ཏྲ་དྲ་པྲ་ཕྲ་བྲ་མྲ་སྲ་ཧྲ། ༡༡ཀླ་གླ་བླ་ཟླ་སླ། ༦ཀྭ་ཁྭ་གྭ་ཅྭ་ཆྭ་ཙྭ་ཚྭ་ཞྭ་རྭ་ཤྭ་སྭ། ༡༡༣༥
ས་སྐྱ་བསོད་ནམས་རྒྱལ་མཚན།རྒྱལ་རབས་གསལ་བའི་མེ་ལོང་།ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ། ༧ཀྲ་ཁྲ་གྲ་དྲ་པྲ་ཕྲ་བྲ་མྲ་ཤྲ་སྲ་ཧྲ། ༡༡ཀླ་གླ་བླ་ཟླ་རླ་སླ། ༦
ཨ་ལག་ཤ་ངག་དབང་བསྟན་དར།ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན།ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ། ༧ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་པྲ་ཕྲ་བྲ་སྲ་ཧྲ། ༡༡ཀླ་གླ་བླ་ཟླ། ༤ཀྭ་ཁྭ་གྭ་ཉྭ་དྭ་ཚྭ་ཞྭ་ཟྭ་རྭ་ལྭ་ཤྭ་ཧྭ། ༡༢༣༤
གསུང་རབ་རྒྱ་མཚོ།སུམ་རྟགས་གཉིས་ཀྱི་ཚིག་དོན་མདོར་བསྡུས།ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ། ༧ཀྲ་ཁྲ་གྲ་ཏྲ་དྲ་པྲ་ཕྲ་བྲ་མྲ་སྲ་ཧྲ། ༡༡ཀླ་གླ་བླ་ཟླ་རླ་སླ། ༦ཀྭ་ཁྭ་གྭ་ཉྭ་དྭ་ཚྭ་ཞྭ་ཟྭ་རྭ་ལྭ་ཤྭ་ཧྭ། གྲྭ་རྩྭ་ཕྱྭ། ༡༥༣༩
ཚེ་ཏན་ཞབས་དྲུང་།ཐོན་མིའི་བཞད་སྒྲ།ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ། ༧ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་པྲ་ཕྲ་བྲ་སྲ་ཧྲ། ༡༡ཀླ་གླ་བླ་ཟླ་རླ་སླ། ༦ཀྭ་ཁྭ་གྭ་ཉྭ་དྭ་ཚྭ་ཞྭ་ཟྭ་རྭ་ལྭ་ཤྭ་ཧྭ། གྲྭ་རྩྭ་ཕྱྭ། ༡༥༣༩
(འདོགས་ཅན་གྱི་ཡི་གེ་དང་རྣམ་གྲངས)
① སློབ་དཔོན་ཐོན་མི་སོགས་ཀྱིས་བརྩམས། བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་པོད་བཅུ་དགུ་པ། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014:8.
འགྲེལ་མཛད་པ།བསྟན་བཅོས།ཕོ།མ་ནིང་།མོ།
ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན།ཡི་གེའི་སྦྱོར་བ།ད་བ་ས།ག་ང་ན་མ་ལ།འ་ར།
དབུས་པ་བློ་གསལ་རྩོད་པའི་སེངྒེ།རྟགས་ཀྱི་འཇུག་པའི་འགྲེལ་བ།ད་བ་ས།ག་ང་ན་མ་ལ།འ་ར།
ཞ་ལུ་ལོ་ཙཱ་པ་ཆོས་སྐྱོང་བཟང་པོ།རྟགས་ཀྱི་འཇུག་པ་རྣམ་པར་གསལ་བའི་ལེགས་བཤད།ད་བ་ས།ག་ང་ན་མ་ལ།འ་ར།
ལོ་ཆེན་ནམ་མཁའ་བཟང་པོ།རྟགས་ཀྱི་འཇུག་པའི་འགྲེལ་བ་མཁས་པའི་ཁ་རྒྱན།ག་ད་བ་ས།འ།ང་ན་མ་ར་ལ།
དཔའ་བོ་གཙུག་ལག་ཕྲེང་བ།རྟགས་འཇུག་གི་འགྲེལ་བ་སྣང་བྱེད་སྒྲོན་མེ།ད་བ་ས།ག་ང་ན་མ་ལ།འ་ར།
གོ་རམས་པ་བསོད་ནམས་སེངྒེ།རྟགས་འཇུག་གི་ཊཱི་ཀག་ད་བ་ས།འ།ང་ན་མ་ར་ལ།
པྲ་ཏི་རིན་ཆེན་དོན་གྲུབ།ཀུན་བཟང་དགོངས་རྒྱན།ས་ད་བ།འ།ག་ལ་ར་ང་ན་མ།
ཀརྨ་སི་ཏུ།ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན།ག་ད་བ་ས།ན་ར་ལ།ང་མ་འ།
(རྗེས་འཇུག་གི་རྟགས་ཀྱི་དབྱེ་བ)
① སི་ཏུ་ཆོས་ཀྱི་འབྱུང་གནས། སྡེ་དགེའི་བཀའ་འགྱུར་དཀར་ཆག [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1989:311.
② ལྕགས་ཐར་རྒྱལ། བརྡ་སྤྲོད་རིག་པའི་དཀའ་གནད་གསལ་བཀྲོལ་རིག་འཕྲུལ་ལྡེ་མིག [M] མི་རིགས་དཔེ་སྐྲུན་ཁང་། 2017:371-372.
① སློབ་དཔོན་ཐོན་མི་སོགས་ཀྱིས་བརྩམས། བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་པོད་བཅུ་དགུ་པ། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014:8.
② སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བ། ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012:7.