[གནད་བསྡུས] 《ཁྲོ་ཐུང་འཕྱི་ཁུང་དུ་འཛུལ་བ》ཞེས་པའི་སློབ་ཚན་འདི་སྒྲུང་དཔེ་གང་ལ་ཁུངས་གཏུགས་པ་འཚོལ་ཞིབ་བགྱིས་པ་བརྒྱུད་སློབ་ཚན་གྱི་ནང་དོན་མདོར་བསྟན་པ་དང་། སློབ་མའི་ནུས་ཚད་དང་འབྲེལ་བའི་ཤེས་བྱ་མཚམས་སྦྱར་ཏེ། སློབ་མའི་ཕྱོགས་ཡོངས་སྐྱེད་སྲིང་བྱ་ཕྱིར་བསླབ་ཚན་ཚད་གཞིའི་དགོངས་པ་དང་མཐུན་པར་བྱས་ཡོད། བསླབ་གཞིར་བདམས་པའི་རྒྱུ་མཚན་དང། སློབ་མའི་རྩོམ་འབྲིའི་ནུས་པ། བསམ་བློ་ཀུན་སྤྱོད། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་དུང་ཞེན་གྱི་འདུན་པ་སོགས་ཇི་ལྟར་གསོ་སྐྱོང་བྱེད་པ། ད་དུང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཁྲོད་གླིང་སྒྲུང་རིག་གནས་ཇི་ལྟར་འཛུགས་སྐྲུན་ཐད་དཔྱད་བརྗོད་སྤེལ་ཡོད།
[གནད་ཚིག] འཕྱི་ཁུང་། གླིང་སྒྲུང་། སློབ་ཚན། ཞིབ་འཇུག
* ཀླུ་རྒྱལ་ཚེ་རིང་། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང2020ལོའི་གེ་སར་རིག་པའི་རབ་འབྱམས་པའི་ཞིབ་འཇུག་སློབ་མ།
* ཕག་མོ་སྒྲོལ་མ། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང2021ལོའི་ཡིག་ཚང་རིག་པའི་རབ་འབྱམས་པའི་ཞིབ་འཇུག་སློབ་མ།
①མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་ཞིབ་འཇུག་ཚོགས་པས་བསྡུས་ཤིང་བསྒྲིགས། ཧོར་གླིང་གཡུལ་འགྱེད། སྨད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1979:54.
གཅིག སྒྲུང་དཔེའི་པར་གཞི་གང་ལ་གཏུགས་པའི་ཁུངས་བཤད་པ།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས2020ལོའི་ཟླ7པར་པར་སྐྲུན་བྱས་པའི་ལོ་རིམ་བདུན་པའི་སྟོད་ཆ་ལས་སྡེ་ཚན་དྲུག་པའི་སློབ་ཚན་བཅུ་བདུན་པ《ཁྲོ་ཐུང་འཕྱི་ཁུང་དུ་འཛུལ་བ》ཞེས་པ་ནི1979ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་གེ་སར་རྒྱལ་པོའི་སྒྲུང《ཧོར་གླིང་གཡུལ་འགྱེད》སྨད་ཆའི་ལེའུ་ཉེར་གསུམ་པར།“སེང་ཆེན་བདུད་ནས་ཕྱག་ཕེབས་དང་། །ནང་གདོན་ཁྲོ་ཐུང་ཆད་འགེལ་བྱས། །”①ཞེས་པ་བརྗོད་བྱ་བྱས་ཏེ་དགོད་བྲོ་བའི་གཏམ་རྒྱུད་འདིའི་བྱུང་རིམ་ངོ་སྤྲོད་བགྱིས་པའི་རྩོམ་རིག་བརྩམས་ཆོས་ཤིག་རེད།
སྒྲུང་དཔེ་འདིའི་བྱུང་བའི་ཐད།“གཅིག མི་དབང་བསོད་ནམས་སྟོབས་རྒྱས(1689-1747)ཀྱི་སྐུ་རིང་ལ་སྟག་རྫོང་བསམ་གྲུབ་རབ་བརྟན་གྱི་རྫོང་འགན་བཞེས་པའི་བསོད་ནམས་དཔལ་ལྡན་དང་། བདེ་མཁར་དངོས་གྲུབ་བཀྲ་ཤིས་གཉིས་ཀྱིས་གསུང་ནན་མོ་བསྩལ་བར་བརྟེན། བཙུན་པ་ངག་དབང་བསྟན་འཛིན་ཕུན་ཚོགས་མཆོག་གིས་སྒྲུང་གི་ས་བོན་ཙམ་ལས་གླུ་ལེན་བར་སྐབས་སོགས་མེད་པའི་སྒྲུང་འབུམ་ཞེས་པ་ཞིག་གཞིར་བཞག་ནས།མདོ་ཁམས་ཀྱི་སྒྲུང་བཤད་མཁས་པ་ཉི་ཤུ་ལྷག་ལས་དངོས་སུ་གསན་ཞིང་། ལྷག་པར་དུ་སྡེ་དགེའི་སྒྲུང་པ་ཚེ་རིང་དོན་གྲུབ་དང་། ནང་ཆེན་སྒྲུང་པ་ལྷ་དབང་རིག་འཛིན། ཆབ་མདོ་ཞང་ལུ་ཕུན་ཚོགས། གླིང་པ་ལྷའུ་བཀྲ་ཤིས་བཅས་ཀྱི་ངག་རྒྱུན་ཡིད་ལ་གསལ་བ་རྣམས་བླང་དོར་གང་ལེགས་དང་། ཚིག་དོན་མི་འགལ་བར་ཁ་བསྐངས་ཏེ་ལེགས་པར་ཟུར་གྱིས་བརྒྱན་པར་བརྟེན། སྤུས་ལེགས་ཤིང་ཆ་ཚང་བའི《ཧོར་གླིང་གཡུལ་འགྱེད》སྟོད་དང་སྨད་ཆ་གཉིས་ཤིང་སྟག་ཆོ་འཕྲུལ(སྤྱི་ལོ1734)གྱི་ཉ་ནས་སུག་བྲིས་ཀྱི་དབུ་བཙུགས་ཏེ་ཤིང་མོ་ཡོས(སྤྱི་ལོ1735)ཀྱི་རྒྱལ་ཉི་གྲལ་ཚེས་ལ་ལེགས་པར་གྲུབ། གཉིས། དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་པར་མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་ཞིབ་འཇུག་ཚོགས་པས། མཁས་དབང་གསུང་རབ་རྒྱ་མཚོ་དང་།ཚེ་ཏན་ཞབས་དྲུང་། དགུ་རོང་རྒྱལ་སྲས། ངག་དབང་ཆོས་འཕེལ། ལྕགས་ལོ་བཅས་ལ་དེབ་འདི་ལེགས་སྒྲིག་དང་ཞུ་དག་གནང་དགོས་ཀྱི་སྐུལ་མ་བྱས་པ་ལྟར། ཁོང་རྣམ་པས་དེ་སྔ་བཙུན་པ་ངག་དབང་བསྟན་འཛིན་ཕུན་ཚོགས་སོགས་ཀྱིས་ལེགས་སྒྲིག་མཛད་པའི་སྒྲུང་དཔེ་གཞི་བྱས་ཤིང་། སྒྲུང་དཔེ་འདྲ་མིན་ལྔ་ཙམ་ལ་ཞིབ་བསྡུར་བྱས་ཏེ་ལེགས་ཆ་གང་ཡོད་བསྡུ་ཅི་ཐུབ་དང་། མཁོ་མེད་དང་ཟློས་སྐྱོན་ཅི་ཡོད་འདོར་གང་ཐུབ་མཛད་ལ། བརྡ་རྙིང་དང་ཡུལ་སྐད་གྲགས་ཆེ་བ་རེ་གཉིས་ཙམ་མ་གཏོགས། ཐ་སྙད་ཕལ་ཆེར་བོད་ཁམས་ཡོངས་ཀྱི་གོ་སླ་བའི་སྤྱི་སྐད་དུ་བཅོས་ཤིང་། དུས་གསུམ་བྱ་བྱེད་དང་རྣམ་དབྱེའི་འཇུག་པ་སོགས་ཀྱང་སུམ་རྟགས་ཀྱི་དགོངས་པ་དང་མི་འགལ་བར་མཛད་དེ། སྟོད་ཆ་ནི་སྤྱི་ལོ1962ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དངོས་སུ་པར་སྐྲུན་འགྲེམས་སྤེལ་གནང་བ་དང་། སྨད་ཆ་ནི་སྤྱི་ལོ1979ལོར་པར་སྐྲུན་འགྲེམས་སྤེལ་གནང་བ་རེད།”①གསུམ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གླིང་སྒྲུང་ཞིབ་འཇུག་ལྟེ་གནས་ཀྱིས་དབུ་ཁྲིད་ནས《གླིང་སྒྲུང་གཅེས་བསྡུས》དེབ་བཞི་བཅུ་ལེགས་སྒྲིག་པར་སྐྲུན་མཛད་པ་རེད། དེ་ལས《ཧོར་གླིང་གཡུལ་འགྱེད》སྟོད་ཆ་གཅོད་པ་དོན་གྲུབ་ཀྱིས་བསྒྲིགས་པ་དང་། དེའི་སྨད་ཆ་ཆབ་འགག་རྟ་མགྲིན་གྱིས་བསྒྲིགས་ཏེ2000ལོར་པར་སྐྲུན་བྱས་པ་དེར་སྔོན་བྱུང་སྒྲུང་དཔེ་དག་ལས་ཐུན་མིན་གྱི་ཁྱད་ཆོས་སྐོར་ཞིག་མཆིས་པ་དཔེ་ཆ་དེའི་སྔོན་འགྲོའི་གཏམ་ལས་གསལ་ལ། དེ་ལས་ཅུང་ཞིབ་ཆ་ལྡན་པ་ཞིག《གཅོད་པ་དོན་གྲུབ་དང་སྙིང་བོ་ཚེ་རིང་གི་ཆེད་རྩོམ་ཕྱོགས་བསྒྲིགས》སུ་འདུག་པས་དེར་གཟིགས་ཀློག་བྱ་བར་འཚལ།
གཉིས། སློབ་ཚན་གྱི་ནང་དོན་མདོར་བསྟན་པ།
སློབ་ཚན་འདིའི་ཁ་བྱང་ནི་ལྗོངས་ཞིང་ལྔའི་འགན་བབས་སློབ་གསོའི་སྐད་ཡིག་བསླབ་གཞི་རྩོམ་སྒྲིག་ལས་ཚན་གྱི་རྩོམ་སྒྲིག་པ་དག་གིས་གསར་དུ་བཏགས་པ་ཞིག་ཡིན་ཡང་བརྗོད་བྱའི་ནང་དོན་ཐད།“ཁྲོ་ཐུང་སྐྲག་ནས་སྐུང་ས་བཙལ། ། འགྲོ་ས་མ་རྙེད་ཁུང་བུར་འཛུལ། ། རྒྱལ་པོས་ནང་གདོན་དེ་ཉིད་ལ། ། ཉེས་པ་བཀལ་ཏེ་ཁྲིམས་གཅོད་བྱས། །”①ཞེས་པའི་བརྗོད་བྱ་དོན་གྱི་དགོངས་པ་གཙོ་བོར་བྱས་ཏེ་བཏགས་པ་ཞིག་ཡིན། ནང་དོན་ཐད་གླིང་རྗེ་གེ་སར་རྒྱལ་པོ་བདུད་ཡུལ་ནས་ཕྱིར་གླིང་དུ་ཕེབས་སྐབས་སྤྲང་རྒན་སྤྲེའུ་འཁྲིད་ཞིག་ཏུ་སྤྲུལ་ནས་ཁྲོ་ཐུང་གི་ཕོ་བྲང་དུ་ཕེབས་ཏེ་ཉམས་སད་བླངས་ཤིང་། ཕྱི་ཉིན་དངོས་སུ་ཕེབས་ཏེ་ཁྲོ་ཐུང་ལ་འབིག་གིས་བསྣུན་ཅིང་གྲིས་བརྒྱབ་ནས་དེད་པས་ཁོ་སྐྲག་ནས་འཕྱི་ཁུང་དུ་འཛུལ་བའི་ལོ་རྒྱུས་བརྗོད་ཡོད། བཟོ་བཅོས་ཅུང་ཙམ་བྱས་ཡོད་པ་ནི་སྒྲུུང་གི་གླུ་ཚིག་དག་གོ་སླའི་ངག་གི་ཁ་བརྡའི་རྣམ་པར་བཅོས་ནས་མང་བ་ཉུང་འཕྲི་དང། དཀའ་བ་གོ་སླ། བྱུང་རིམ་སྟབས་བདེ་རུ་བཅོས་ཏེ་དོན་གྱི་བྱུང་རིམ་སྐོར་ཞིག་སྔ་ཕྱི་གོ་བརྗེས་ནས་བྲིས་ཤིང་གཏམ་དཔེ་ཡང་གང་འཚམ་གྱིས་ཇེ་ཉུང་དང་། ཁ་སྐད་སྐོར་ཞིག་ཡིག་སྐད་དུ་བཅོས་ཡོད། སྒྲུང་དཔེ་ནང་གི་རྗོད་ཚིག་མང་པོ་ཞིག་ཉུང་འབྲི་བྱས་ཡོད་ནའང་བརྗོད་བྱའི་དོན་གྱི་ཉིང་བཅུད་ལ་གནོད་པ་མེད་པ་མ་ཟད། ད་དུང་རྒན་གཞོན་ཕོ་མོ་སུས་ཀློག་ཀྱང་རྣ་བའི་བདུད་རྩི་དང་མིག་གི་དགའ་སྟོན་དུ་རོལ་མྱོང་བྱེད་ཐུབ་ཅིང་། དམའ་འབྲིང་སློབ་མའི་ཆུ་ཚད་དང་མཐུན་ལ། བརྗོད་བྱའང་ཅུང་ཙམ་རེ་མ་གཏོགས་སྣོན་འཕྲི་བྱས་མེད་སྟབས། སྒྲུང་ལ་བག་ཆགས་དང་སློབ་སྦྱོང་བྱེད་པའི་གོ་སྐབས་བཟང་པོ་བསྐྲུན་ཡོད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས། གསར་བརྗེ་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་སོགས་རྒྱུན་འཛིན་དང་དར་སྤེལ་དུ་གཏོང་བའི་བླང་བྱ་དང་མཐུན་ནོ། །
བསླབ་གཞིའི་དགོངས་དོན་ལྟར་ན་སློབ་ཚན་ཡང་ཡང་བཀླགས་ནས། གསོན་ཉམས་ལྡན་པའི་མི་སྣའི་སྣང་བརྙན་ཞིབ་འབྲི་བྱེད་ཚུལ་རྟོགས་དགོས་པ་མ་ཟད། ད་དུང་གེ་སར་སྒྲུང་གི་ཚིག་ཉུང་ཞིང་དོན་འདུས་པ་དང་།སྦྱོར་བདེ་ཞིང་རྣ་བར་སྙན་པ། གོ་སླ་ཞིང་བརྗོད་དོན་འབུར་དུ་ཐོན་པ། གཟུགས་སྣང་ཆེ་ཞིང་སྣང་བརྙན་དོད་པོའི་ཚིག་སྦྱོར་ཉམས་སུ་མྱོང་དགོས་པའི་བླང་བྱ་བཏོན་པ་ཡང་སློབ་མའི་ངོས་འཛིན་དང་ལྟ་ཀློག རྩོམ་འབྲི། འབྲེལ་འདྲིས། ཕྱོགས་བསྡུས་བཅས་འཐུས་སྒོ་ཚང་བའི་ངང་སློབ་སྦྱོང་བྱེད་པར་ཕན་ནུས་ལྡན། བསླབ་ཚན་གྱི་ཚད་གཞི་གཞིར་བཟུང་ནས་སློབ་མའི་རིག་སྒོའི་འཕེལ་རིམ་གྱི་ཆོས་ཉིད་གཙོ་བོར་བཟུང་སྟེ་གོ་རིམ་ཡོད་པའི་ངང་སློབ་ཁྲིད་ཀྱི་ནང་དོན་བཀོད་སྒྲིག་དང་བྱེད་སྒོ་འཆར་འགོད་བྱས་པས། རྨང་གཞིའི་རང་བཞིན་དང་དུས་རིམ་རང་བཞིན་ལྡན་ལ། སློབ་རིམ་གོང་འོག་གི་འབྲེལ་མཐུད་ལ་དོ་སྣང་བྱས་ཡོད།
གསུམ། བསླབ་གཞིར་བདམས་པའི་དགོས་པ།
གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་འཛམ་གླིང་སྟེང་ཆེས་རིང་བའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་ཞིག་ཡིན་ལ།དར་ཁྱབ་ཀྱི་གཞི་རྒྱ་ཡང་ཧ་ཅང་ཆེ། དེ་ལས་གཞན་འཛམ་གླིང་གི་ཆེས་སྔ་བའི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པའི་སྙན་རྩོམ་རིང་མོ《ཡེ་ལེ་ཡཱ་ཐེ》དང《ཨའོ་ཏེ་སའེ》《རཱ་མ་ཎ》《མཱ་ཧ་བྷ་ར་ཏ》《ཅི་ཨར་ཅ་མེ་ཧྲི》བཅས་ལྔ་དང་བསྡུར་ན་རྣམ་པ་གསོན་པོའི་ཚུལ་དུ་གནས་པ་གཅིག་པུ་སྟེ།ལོ་རྒྱུས་ཀྱི་བྱུང་བ་བརྗོད་པའི་སྙན་རྩོམ་རིང་མོ་དེ་ད་དུང་མུ་ནས་མུ་མཐུད་དེ་གསར་རྩོམ་གྱི་གསོན་ཤུགས་རྒྱས་ཤིང་། ནམ་ཡང་ཉམས་པ་མེད་པར་རྣམ་པ་གསོན་ཉམས་དོད་པོའི་ཚུལ་དུ་གནས་པ་རེད། རྩོམ་རིག་བརྩམས་ཆོས་འདིར་གནའ་རབས་བོད་ཀྱི་སྤྱི་ཚོགས་འཚོ་བ་དང་ལོ་རྒྱུས། དཔལ་འབྱོར་དང་རིག་གནས། ཆབ་སྲིད་སྒྲིག་གཞི་དང་གྲལ་རིམ་འགལ་བ། མི་རིགས་བར་གྱི་འབྲེལ་བ་དང་འདུ་ཤེས་འཛིན་སྟངས། ཀུན་སྤྱོད་དང་ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས་ཀྱི་འཕོ་འགྱུར་དང་གསོ་རིག་མོ་རྩིས་ལུང་བསྟན་སོགས་ནང་དོན་སྣ་མང་འདུས་པས་བོད་ཀྱི་དམངས་ཁྲོད་རྩོམ་རིག་ལས་ཆུ་ཚད་ཆེས་མཐོ་ཞིང་། རྩོམ་པ་པོ་ཆེས་མང་བའི་བོད་རིགས་མང་ཚོགས་ཐུན་མོང་གིས་གསར་རྩོམ་བྱས་པའི་བརྩམས་ཆོས་ལེགས་པོ་ཞིག་ཡིན་ཕྱིན་དེ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་ལྡན་ཞིང། རྒྱལ་ཁབ་ཕྱི་ནང་ཀུན་གྱིས་དེ་ལ་མཐོང་ཆེན་དང་ཞིབ་འཇུག་བྱེད་མུས་སུ་མཆིས། སློབ་ཆུང་སྐབས《འཁྲུངས་གླིང་མེ་ཏོག་ར་བ》དང་། དམའ་འབྲིང་སྐབས《ལྷ་གླིང་གབ་རྩེ་དགུ་སྐོར》《རྟ་རྒྱུག་ནོར་བུ་ཆ་བདུན》《ཧོར་གླིང་གཡུལ་འགྱེད》སོགས་ཀློག་དགོས་པའི་དགོས་གལ་རང་བཞིན་བརྗོད་འདུག ད་ལྟའི་བར་དངོས་སུ་པར་སྐྲུན་བྱས་པའི་གེ་སར་སྒྲུང་ཁག300ཡས་མས་འདུག 《ཧོར་གླིང་གཡུལ་འགྱེད》ཀྱི་བརྗོད་བྱ་གཙོ་བོར་བཟུང་ནས་སློབ་ཚན་འགའ་ཇུས་འགོད་གནང་བ་ཡང་དུས་བབ་གསར་རྙིང་གི་མཁས་དབང་མང་པོས་འབད་བརྩོན་ལྷོད་མེད་ཀྱིས་སྒྲུང་འཚོལ་སྡུད་དང་ལེགས་སྒྲིག རྒྱུན་འཛིན། ཞིབ་འཇུག དར་སྤེལ་སོགས་བྱས་པའི་འབྲས་བུར་བརྩི་མཐོང་དང་གདེང་འཇོག་བྱས་པ་རེད་སྙམ།
ལྷག་པར་དུ་སྤྱི་ལོ2019ལོའི་ཟླ12པའི་ཚེས26ཉིན་སི་ཁྲོན་དཔེ་སྐྲུན་ཚོགས་པས་ཇུས་འགོད་དང་མ་དངུལ་གྱི་མཐུན་རྐྱེན་སྦྱར་ཞིང་། ཧི་མ་ལ་ཡའི་རིག་མཛོད་ཁང་གིས་འཚོལ་སྡུད་དང་ལེགས་སྒྲིག སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་སི་ཁྲོན་མཛེས་རྩལ་དཔེ་སྐྲུན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་པོད་སུམ་བརྒྱའི་བདག་ཉིད་ཅན། ཆེས་ཆ་ཚང་ཞིང་བོད་ཡིག་རིག་མཛོད་དུ་གྱུར་པ། ཀྲུང་ཧྭ་མི་རིགས་སྤྱི་དང་མིའི་རིགས་ཀྱི་ལོ་རྒྱུས་སྟེང་ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་གན་མཛོད་ཆེན་མོ《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》པར་དུ་བསྐྲུན་པ་དེ་རེད།
གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་རྗོད་བྱེད་ཚིག་གི་རྒྱ་མཚོ་ལྟ་བུ་ཡིན་པས། སྐབས་དོན《ཁྲོ་ཐུང་འཕྱི་ཁུང་དུ་འཛུལ་བ》ལྟ་བུའི་རྩོམ་རིག་བརྩམས་ཆོས་ཀྱིས་སློབ་མར་རང་མི་རིགས་ཀྱི་སྐད་དང་ཡི་གེར་བརྟེན་ནས་ཁ་སྐད་འབྲེལ་འདྲིས་ཁྲོད་སྒྱུ་རྩལ་རང་བཞིན་གྱི་བརྡ་ཐབས་སྐོར་ཞིག་ཤེས་རྟོགས་དང། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་གནད་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ཏུ་བསྟར་བ། ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དང་མི་རིགས་ཀྱི་ལྟ་བ། རྒྱལ་ཁབ་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་འཛུགས་པ། བསམ་བློ་ཀུན་སྤྱོད་དང་ཚན་རིག་རིག་གནས་ཀྱི་བློ་སྦྱོང་ལེགས་པོར་འགྲུབ་པར་བྱེད་པ། རང་གཤིས་བཟང་པོ་དང་མི་གཞི་ལྷད་མེད་ཆགས་པར་བྱེད་པ། བླ་མེད་ཀྱི་མཛེས་དཔྱོད་སྤྲོ་སྣང་དང་ཚན་རིག་གི་སྙིང་སྟོབས་བཅས་གསོ་སྐྱོང་བྱ་བ།ལག་ཆའི་རང་བཞིན་དང་མི་ཆོས་རང་བཞིན་གཞི་གཅིག་ཏུ་གྲུབ་པའི་སྐད་ཡིག་བསླབ་ཚན་གྱི་རྩ་བའི་ཁྱད་ཆོས་དོན་འཁྱོངས་བྱས་འདུག་སྙམ།
བཞི། སློབ་གྲྭ་ཁག་ཏུ་ཇི་ལྟར་སྤེལ་ཚུལ་གླེང་བ།
《ཁྲོ་ཐུང་འཕྱི་ཁུང་དུ་འཛུལ་བ》ལྟ་བུའི་གླིང་སྒྲུང་གི་བརྗོད་བྱ་མང་པོ་ཞིག་བྱིས་པའི་གོ་སླའི་གཏམ་རྒྱུད་དུ་བཅོས་ནས་ལྟ་སྤྲོ་ཞིང་ཡིད་འགུགས་པའི་བརྩམས་ཆོས་མང་པོ་གསར་རྩོམ་བྱས་ཏེ། གླིང་སྒྲུང་དང་འབྲེལ་བའི་བརྗོད་བྱ་རྣམས་འགུལ་རིས་བརྙན་འཕྲིན་དང་། གློག་བརྙན་ཟློས་གར། མུ་འབྲེལ་བརྙན་འཕྲིན། རི་མོའི་དཔེ་ཆ།ཐང་ག གར་སྟེགས་ཟློས་གར་སོགས་བརྒྱུད་དེ་སྒྲོག་སྤེལ་དང་། སློབ་གྲོགས་ཕན་ཚུན་བར་གླིང་སྒྲུང་གཏམ་བཤད་ཀྱི་འགྲན་བསྡུར་སྤེལ་བ། གླུ་དབྱངས་སློབ་ཁྲིད་ཁྲོད་གླིང་སྒྲུང་གི་གླུ་ཚིག་དང་ངག་རྟ་དག་སློབ་ཁྲིད་བྱས་ཏེ་སྲོལ་རྒྱུན་གྱི་དབྱངས་རྟ་ལ་སློབ་སྦྱོང་དང་། གླིང་བྲོ་སོགས་འཁྲབ་པ་བརྒྱུད་དེ་སློབ་མའི་ལུས་སེམས་བདེ་ཐང་ཡོང་བར་བྱེད་དགོས། དགེ་རྒན་གྱིས་སྒྲུང་དང་འབྲེལ་བའི་གཏམ་རྒྱུད་མང་པོ་བཤད་རྗེས་སློབ་མས་ཡིག་ཐོག་ཏུ་འབྲི་བ་ནི་ཐོག་མའི་དུས་སུ་བྱིས་པའི་རྩོམ་ཡིག་ལེགས་པོ་ཞིག་འབྲི་བའི་རྨང་གཞི་ཡིན། གླིང་སྒྲུང་ཁྲོད་ཀྱི་རྗོད་བྱེད་ཚིག་སྟེ། དཔེར་ན《ཁྲོ་ཐུང་འཕྱི་ཁུང་དུ་འཛུལ་བ》ལས་བྱུང་བའི་མི་སྣའི་སྣང་བརྙན་ཞིབ་འབྲིའི་སྐད་ཆ“གེ་སར་ནོར་བུ་དགྲ་འདུལ་དེས་དབུ་སྐྲ་ལྕང་ལོ་ཉིལ་ལེ། ཞལ་རས་བཅོ་ལྔའི་དུང་ཟླ་ཚེས་འདྲ་བྱས་ནས་ཆིབས་རྟར་འཆིབ”ལྟ་བུ་དང་། ཁོར་ཡུག་ཞིབ་འབྲི་སོགས་ངོ་སྤྲད་ཏེ་སློབ་མས་ལད་ཟློས་ཀྱིས་འབྲི་རྒྱུ་ཤིན་ཏུ་གལ། གླིང་སྒྲུང་གི་བརྗོད་བྱ་དག་ཟློས་གར་འཁྲབ་གཞུང་དུ་བཅོས་ཏེ་སློབ་མའི་བློ་རིག་དང་། སྐད་བརྡའི་འབྲེལ་འདྲིས། ཕྱོགས་བསྡུས་རང་བཞིན་སོགས་གང་ལ་གང་འཚམ་གྱིས་ཤུགས་རྐྱེན་ངེས་ཅན་ཐེབས་སྲིད་པས། དེ་ནི་ལག་ལེན་གྱི་སློབ་སྦྱོང་ཞིག་ཡིན།
མཇུག་སྡུད་པ།
སློབ་ཚན་འདི་ལྟ་བུ་ནི་སྲོལ་རྒྱུན་རྩོམ་རིག་བརྩམས་ཆོས་ཀྱི་ཉིང་བཅུད་དང་། བོད་ཀྱི་ཡུལ་འཁོར་འཚོ་བ་དངོས་ལ་ཟུང་འབྲེལ་བྱེད་དགོས་པའི་བསླབ་ཚན་ཚད་གཞིའི་དམིགས་ཚད་ལ་མཐུན་པ་དང་། སློབ་ཚན་འདིར་ཤེས་བྱ་དང་ནུས་རྩལ། བརྒྱུད་རིམ་དང་ཐབས་ཤེས།རྣམ་འགྱུར་དང་ཚོར་འདུ། རིན་ཐང་གི་ལྟ་བ་སོགས་འདུག་པས་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་གཏོང་ཐུབ་པའི་དགེ་མཚན་ལྡན་པ་མ་ཟད། ད་དུང་ཕྱོགས་བསྡུས་རང་བཞིན་གྱི་སློབ་སྦྱོང་དེ་སྐད་ཡིག་སློབ་གསོའི་སྲོལ་རྒྱུན་དང་མཐུན་ནོ། ། སློབ་ཚན་འདི་ནི་དམའ་རིམ་སློབ་མའི་ཡིད་ཁམས་དང་བསྟུན་ནས། གོ་སླའི་ངག་གི་རྩོམ་རིག་བརྩམས་ཆོས་སུ་བཅོས་པས་ཐོལ་བརྒལ་རང་བཞིན་དང་དཔེ་སྟོན་རང་བཞིན་མཆིས། དེང་རབས་སྤྱི་ཚོགས་ཀྱི་སློབ་སྦྱོང་གི་ཁྱད་ཆོས་ལྡན་པས། སྤྲོ་བ་ཡོད་པའི་རང་ཚུགས་བྱེད་སྒོའི་ཁྲོད་དུ་སློབ་མའི་བོད་སྐད་ཡིག་གི་ཤེས་བྱའི་རྨང་གཞི་བརྟན་པོ་ཆགས་རྒྱུ་སོགས་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བར་ཕན་ལ། སློབ་མའི་རང་འགུལ་འཚོལ་དཔྱད་དང་། མཐུན་སྒྲིལ་མཉམ་ལས། གསར་གཏོད་སྙིང་སྟོབས་སྐྱེད་སྲིང་ཡང་བྱེད་ཐུབ། གཞན་ཕན་ལྷག་བསམ་གྱི་འདུ་ཤེས་དང་མི་ཚེ་རིན་ཐང་ཆགས་པར་བྱེད་པའི་དགེ་མཚན་བཅས་ཁྱད་ཆོས་མང་དུ་ལྡན། མདོར་ན་སློབ་ཚན་འདི་ནི་སློབ་མའི་རིག་པའི་རྩལ་གྱིས་ནུས་ཤིང་། བོད་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་ཤེས་རྟོགས་དང། རྒྱལ་ཁབ་ཀྱི་ལྟེ་གནད་རིན་ཐང་སྲ་བརྟན། སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཆེས་ཆེར་ལྡན་པའི་འཁྲིད་བྱ་ལེགས་པོ་ཞིག་ཡིན་ནོ། །
①གཅོད་པ་དོན་གྲུབ་དང་ཆབ་འགག་རྟ་མགྲིན་གྱིས་བསྒྲིགས། གླིང་སྒྲུང་གཅེས་བསྡུས་ལས་དེབ་བཞི་པ། ཧོར་གླིང་གཡུལ་འགྱེད། སྟོད་ཆ་དང་སྨད་ཆ། [M] མི་རིགས་དཔེ་སྐྲུན་ཁང་། 2000:3.
①གེ་སར་སྒྲུང་ཡིག་ཆེན་མོ་བཞུགས་སོ། ། པོད་བདུན་པ། [M] ཧྲང་ཧའེ་གནའ་དཔེ་དཔེ་སྐྲུན་ཁང་། 2018:41