དགེ་རྒན་ཡིན་ནོ་ཅོག་སུ་ལ་མཚོན་ན་ཡང་སློབ་ཁྲིད་བྱེད་པ་ནི་བཟློག་ཏུ་མེད་པའི་ལས་ཤིག་ཏུ་གྲུབ་ཡོད་ལ། སློབ་ཁྲིད་ཡག་པོ་ཞིག་བྱེད་ཐུབ་མིན་དེ་ཡང་དགེ་རྒན་མང་པོས་རྟག་པར་མནོ་བསམ་གཏོང་མུས་ཀྱི་དོན་ཞིག་ཏུ་འཁུམས་འདུག དེས་ན་སློབ་ཁྲིད་ཡག་པོ་ཞིག་བྱེད་རྒྱུ་དེ་ཤེས་ཡོན་ཡོད་པ་ཙམ་དང། འཆད་མཁས་ཙམ་གྱིས་མི་ཆོག་པར། འཁྲིད་བྱ་ལ་རྒྱུས་མངའ་ཡོད་པའི་ཐོག སློབ་མའིི་རྒྱུད་ཚོད་དང་། ཁམས་མོས་པ་ལ་དཔགས་ཏེ་ཐབས་མཁས་ཐུགས་བརྩེ་དེ་ལས་ཀྱང་གལ་ཆེ། ཁོ་བོས་གཤམ་དུ་དམའ་འབྲིང་ལོ་རིམ་བརྒྱད་པའི་སྟོད་ཆ་ལས་པོ་ཏ་ལ་ཞེས་པའི་སློབ་ཚན་བདམས་ཏེ། སློབ་ཚན་དེ་ཉིད་ཁྲིད་རྗེས་ཀྱི་མྱོང་བ་སྣ་ཟིན་སྤུ་ཟིན་རེ་གླེང་བར་བྱའོ། །
དང་པོ། སློབ་ཁྲིད་ཀྱི་ལེགས་ཆའི་སྐོར།
སྤྱིར་པོ་ཏ་ལ་ཞེས་པའི་སློབ་ཚན་འདི་ལོ་རྒྱུས་དང་འབྲེལ་བའི་སློབ་ཚན་ཞིག་ཡིན་ལ། བརྗོད་བྱ་རྒྱ་ཆེ་ཞིང་རྗོད་བྱེད་ཀྱང་སྙན་ངག་གིས་སྔུན་དྲངས་ཏེ་གོ་བདེ་ཞིང་སྙན་པའི་ཚིག་གིས་བྲིས་འདུག དེ་ཡང་བརྗོད་བྱའི་སྐོར་ལ་དང་པོ་པོ་ཏ་ལ་ཐོག་མར་ག་དུས་བཞེངས་པ་དང་། བར་དུ་ཇི་ལྟར་གནས་ཡོད་པ། མཐའ་མར་ཡང་བསྐྱར་གསར་བཞེངས་དང་རྒྱ་བསྐྱེད་གནང་བ་སོགས་ཀྱི་ཚུལ་ཞིབ་པར་བྲིས་ཡོད། དེས་ན་འདི་ལྟ་བུའི་སློབ་ཚན་ཞིག་ཁྲིད་པར་དགེ་རྒན་རང་ངོས་ནས་ཀྱང་དེ་འབྲེལ་གྱི་དེབ་དུ་མ་ཀློག་དགོས། ཁོ་བོས་ནི་སྔོན་ཆད་ཕོ་བྲང་པོ་ཏ་ལ་བཞེངས་པའི་ལོ་རྒྱུས་དང་འབྲེལ་བའི《བཀའ་ཆེམས་ཀ་ཁོལ་མ》དང་། ལྔ་པ་ཆེན་མོའི《རང་རྣམ་དུ་ཀཱུ་ལའི་གོས་བཟང》སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་པོ་ཏ་ལའི་ཕོ་བྲང་དམར་པོ་ཇི་ལྟར་བཞེངས་པའི་སྐོར་གྱི་དཀར་ཆག་རྒྱས་པ《མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》སོགས་ལ་ནུས་ཚོད་ཙམ་བལྟས་མྱོང་བས། སློབ་ཚན་འདི་ཁྲིད་པར་ཡང་ཕན་ཆེན་པོ་ཐོགས། དེ་མིན་སློབ་མར་བློ་རབ་འབྲིང་ཐ་གསུམ་ཡོད་པས། སློབ་ཁྲིད་སྐབས་སུ་སློབ་མ་འབྲིང་གྲས་དག་གི་ཆུ་ཚད་གཙོར་བཟུང་སྟེ་ཁྲིད་ཨེ་ཐུབ་ལ་འབད་པ་ཡིན། ཁོ་བོས་སློབ་སྦྱོང་ལ་ཅུང་ཞན་པ་དག་ཚོ་ཆུང་དུ་བསྒྲིགས་ཏེ། ཁོང་ཚོའི་ཆུ་ཚད་དང་བསྟུན་ཏེ་ཤེས་བྱ་གལ་ཆེན་དག་ཉུང་བསྡུས་ཀྱིས་བློར་འཛིན་དུ་བཅུག
དེ་བས་དགེ་རྒན་འཁྲིད་བྱ་ལ་མཁས་པ་ནི་རྩ་བའི་རྒྱུའོ། ། དེ་མིན་སློབ་ཚན་དུ་འབྱུང་བའི་པོ་ཏ་ལའི་ཐོག་མའི་པར་དང་། བར། ཕྱིས་སུ་རྒྱ་བསྐྱེད་པའི་རྗེས་ཀྱི་པར་སོགས་པོ་ཏ་ལའི་ལྡེབས་རིས་སོགས་གཞིར་བཞག་གིས་སློབ་མ་དག་ལ་སྨྱན་མང་གཟིགས་ལས་བསྟན་ཏེ་ངོ་སྤྲད་པས། ཁོང་ཅག་གིས་དེ་དག་རེ་རེའི་གནས་ཚུལ་ཅུང་ཟད་ངེས་ཡོད། ཅིའི་ཕྱིར་ཞེ་ན་པར་ལ་ཤེས་བྱ་ཡིད་ལ་འཇགས་པར་གཞན་དང་མི་འདྲ་བའི་ནུས་པ་ཡོད་པས་སོ། །
གཉིས་པ། ཞན་ཆ་དང་མི་འདང་སའི་ཐད།
སློབ་ཁྲིད་འདི་ཁྲིད་རྗེས་མི་འདང་སའི་ཐད་ཀྱང་དུ་མ་ཡོད་དེ། གཅིག་ནས་རང་ཉིད་སྔོན་བོད་ཡིག་འཆད་ཁྲིད་ཀྱི་དུས་ཡུན་ཐུང་ལ། སློབ་ཚན་འདི་ཡང་ཐེངས་དང་པོར་ཁྲིད་དུས་སློབ་མར་རྟོགས་ཡོད་མེད་ངེས་ཆེད་དྲི་བ་འདོན་པའི་ཐད་དུ་ཡང་། གོམས་པའི་དབང་གིས་ལན་རེར་སློབ་སྦྱོང་ལ་ཞན་པའི་སློབ་མ་དག་ལ་འདྲི་ཞིང་། ལན་རེར་སློབ་སྦྱོང་ལ་བཟང་བའི་སློབ་མ་དག་ལ་འདྲི། དང་པོ་ལྟར་ན་ཅུང་ཞན་པ་དག་གིས་དྲིས་ལན་འདེབས་མི་ཐུབ་པ་མང་། ཅི་ཡང་ཤེས་མི་འདུག་སྙམ་པའི་ཚོར་བ་ཤུགས་ཆེ་ལ། ཁྲིད་པའི་ཀུན་སློང་ཡང་ཉམས་དམས་སུ་འགྲོ་སྲིད་ལ། སློབ་སྦྱོང་ལ་བཟང་བ་དག་ལ་དྲིས་ཚེ་དེ་ལས་ལྡོག་སྟེ། ད་ནི་ཞིབ་རྒྱས་སུ་ཁྲིད་ཀྱང་ཆོག་སྙམ། དེ་ལྟར་ཁྲིད་ན་སློབ་མ་ཐམས་ཅད་ཀྱིས་ངེས་ཡོད་མེད་ལ་གདེང་ཚོད་མེད། དེ་ལས་རང་ལ་ཉམས་མྱོང་ཞན་པ་ཤེས་ཐུབ། ཤེས་བྱའི་ཐད་དུ་ཡང་མི་འདང་ས་སྣང་སྟེ། དཔེར་ན། སློབ་ཚན་དུ་རྒྱལ་དབང་ལྔ་པའི་དུས་སུ་བཞེངས་པའི་ཕོ་བྲང་དཀར་པོའི་དཔེ་རིས་དེ་ཉིད་པོ་ཏ་ལར་བཞུགས་པར་གསུངས་ཡོད་པས། རང་གིས་དཔེ་རིས་དེ་ཉིད་རྩད་མ་ཆོད་པས། དེ་གར་བཞུགས་པ་ཡིན་ནོ་ཞེས་སྨྲ་བ་ཙམ་ལས་བྱེ་བྲག་གི་ལོ་རྒྱུས་བརྗོད་དུ་མེད་པ་ལྟ་བུ་རེད། གཞན་ཡང་པོ་ཏ་ལའི་ནང་གི་བདེ་ཡངས་ཤར་དང་། ལི་མ་ལྷ་ཁང་དང་རིག་འཛིན་ལྷ་ཁང་། སྨན་བླ་ལྷ་ཁང་དང་བླ་མ་ལྷ་ཁང་། རྩེ་སློབ་གྲྭ་སོགས་ཀྱང་བཀླགས་ཏེ་འགྲོ་བ་ཙམ་ལས་པར་དང་ལོ་རྒྱུས་སྟབས་བདེ་རེ་བརྗོད་རྒྱུ་མེད་པ་དེ་ཡང་སློབ་ཁྲིད་འདིའི་ཁྲོད་ཀྱི་སྐྱོན་ཆ་དང་མི་འདང་ས་ཡིན་པ་དང་། དེ་མིན་སློབ་ཚན་འདིའི་ཁྲོད་དུ་པོ་ཏ་ལ་བཞེངས་པའི་རྒྱུ་ཡོན་འགྲོ་སོང་སོགས་གསུངས་ཡོད་པ་སྐབས་དེའི་བོད་དངུལ་གྱི་ཚད་གཞི་ལྟར་གསུངས་ཡོད་ཅིང་། ཞིབ་ཏུ་དེང་གི་དམངས་སྒོར་འདི་ཙམ་སོང་ཞེས་བརྗོད་མ་ཐུབ་པས། དེ་ཡང་མི་འདང་ས་ཞིག་ཡིན་པ་སྨོས་ཅི།
གསུམ་པ། དགེ་སློབ་ཟུང་འབྲེལ་གྱི་སྐོར།
སློབ་ཁྲིད་ཀྱི་དུས་སུ་སློབ་མར་སྨྲ་བ་མེད་པར་དལ་ཅག་གེར་བསྡད་ཚེ། དགེ་རྒན་གྱི་ཁྲིད་འདོད་ཉམས་འགྲོ་བས། སློབ་མ་དག་གིས་རེད་དམ་མ་རེད། ཡང་ན་གོ་སོང་། གོ་མ་སོང་ཞེས་པའི་ལན་ཙམ་བཏབ་པས་ཀྱང་དགེ་རྒན་ལ་སྤྲོ་བ་སློང་ཐུབ་པས། སློབ་མས་དགེ་རྒན་ལ་གོ་ལན་སྟེར་བ། དགེ་རྒན་གྱིས་ཀྱང་སློབ་མར་དྲི་བ་འདོན་པ་སོགས་བྱས་ན། སློབ་ཚན་དེ་ཡང་དགེ་རྒན་གྱི་ཁེར་བཤད་ཙམ་དུ་འགྱུར་མི་སྲིད། ཡིན་ཡང་དྲི་བ་མང་དྲགས་ན་སྐྱོན་ཡོང་སྲིད། དེ་བཞིན་སློབ་མས་དགེ་རྒན་གྱིས་ཁྲིད་པའི་དུས་སུ་གོ་མ་གོའི་ལན་མ་སྤྲད་ཚེ་མི་འགྲིག་ལ། མ་གོ་ན་ཡང་གོ་སོང་ཞེས་པའི་ལན་བཏབ་ན་ཚུལ་དང་མི་མཐུན་པས། གནས་ཚུལ་དངོས་དང་བསྟུན་པ་ནི་ཧ་ཅང་གལ་ཆེ།
བཞི་པ། ཐུན་རྗེས་མ་ལ་བློ་བསྐྱེད་གང་བྱུང་བ།
འདི་ལྟར་ཁྲིད་རྗེས་ཀྱི་མྱོང་ཐོ་བྲིས་པ་དང་། རང་གིས་རང་ལ་དཔྱད་འཇོག་བྱས་པ་འདིས། ཁྲིད་དུས་ཀྱི་སྐྱོན་དང་ཡོན་ཏན་ངོས་ཟིན་པས། སློབ་ཁྲིད་ཕྱི་མར་སྐྱོན་དག་མེད་པར་སྤོང་བ་དང་། ཡོན་ཏན་དག་མུ་མཐུད་དུ་རྒྱུན་སྐྱོང་བ་དང་གོང་ནས་གོང་དུ་སྤེལ་བ་ལ་ཧ་ཅང་ཕན་པས། དང་པོ་སྐད་ཡིག་དགེ་རྒན་གྱིས་སློབ་མའིི་ཆུ་ཚད་མ་རྟོགས་ནས། རྒྱས་ཆེ་བའམ་བསྡུས་ཆེ་བ་སོགས་སྐྱོན་མང་པོར་འཕྲད་ངེས། ད་ལྟ་ནི་རིམ་བཞིན་སློབ་མའི་ཆུ་ཚད་དང་མོས་པ་རྟོགས་པར་བྱས་ཏེ། ཁྲིད་ཐབས་ལ་འགྱུར་བ་བཏང་སྟེ། ཁྲིད་པ་མཐའ་དག་སློབ་མས་ངེས་པ་གཙོར་འཛིན་པའི་ཕྱོགས་སུ་འབད་དགོས་སྙམ་མོ། །
* གདུགས་དཀར་སྐྱབས། རྩེ་ཁོག་རྫོང་ནུབ་ཁུལ་མི་རིགས་སློབ་འབྲིང་དུ་ཕྱག་ལས་གནང་བཞིན་ཡོད།