* ལྷ་དབང་རྒྱལ། གུང་ཧོ་རྫོང་སྤྲེལ་ནག་གྲོང་རྡལ་མི་རིགས་བཅའ་སྡོད་སློབ་ཆུང་དུ་ཕྱག་ལས་གནང་བཞིན་ཡོད།
[གནད་བསྡུས] བྱིས་པ་ནི་ཕ་མ་རྣམས་ཀྱི་དཔྲལ་བའི་མིག་དང་། ཁོག་པའི་སྙིང་དུ་བསམ་བཞིན་ཡོད་པར་མ་ཟད། ད་དུང་རེ་བ་དང་གསོན་ཤུགས་ཀྱིས་བརྟས་པའི་ཚེ་སྲོག་སྙིང་རྗེ་པོ་ཞིག་ཏུ་རྩི་བཞིན་ཡོད། དག་གཙང་ཤོག་དཀར་ངོས་ལ་ནག་ཐིག་དྲི་ཙམ་མེད་པའི་རྣམ་རིག་ཅན་གྱི་བྱིས་པ་འདི་དག་སློབ་གྲྭར་བསྐྱལ་ནས་མི་ཚེ་ཞིག་ཤེས་རབ་ཀྱི་ཀློང་ལ་འཇུག་པར་སྐུལ་དུས་དགེ་རྒན་ཞིག་ལ་མཚོན་ན་སློབ་མའི་རྒྱུད་ལ་ཤེས་བྱ་སྣ་མང་འཇོག་ཐུབ་པ་དང་མདུན་ལམ་ཡག་པོ་སྟོན་ཐུབ་པའི་འགན་འཁྲི་ལྗིད་མོ་ཞིག་ཅིས་ཀྱང་ཡོད་དགོས། བརྗེད་དཀའ་བའི་དོན་དག་དེས་སློབ་གསོའི་ཐབས་ལམ་ལ་ལྷག་ཏུ་བསམ་གཞིག་འཇོག་ཐུབ་པ་ཞིབ་མོ་གཏོང་དགོས་པའི་ངེས་ཤེས་ཟབ་མོ་སྐྱེས།
[གནད་ཚིག] སློབ་གསོའི་བརྩེ་བ། སེམས་ཁམས་རྒྱུས་ལོན། ཐབས་ལམ། འབྲེལ་འདྲིས།
དངོས་བྱུང་གཏམ་གྱི་བརྒྱུད་རིམ།
ཟླ་གནང་རྗེས་ཀྱི་ཉིན་དང་པོར། ང་རང་ཅུང་ཙམ་སྔ་མོ་ནས་ལངས་ཏེ་གསུམ་གཅིག་འཛིན་གྲྭའི་སློབ་ཐུན་དང་པོའི་བོད་ཡིག་སློབ་ཁྲིད་བྱེད་དུ་སོང་བ་ཡིན། ལམ་བར་དུ་སློབ་གྲྭའི་ར་སྐོར་ནི་ནམ་རྒྱུན་བཞིན་དཔེ་ཀློག་གི་དབྱངས་རྟ་དང་། བྱིས་པའི་པྲ་ཚག་གི་ཉམས་འགྱུར་སྣ་ཚོགས། ཇ་མ་རྣམས་ཀྱི་བྲེལ་འཚུབ་ཀྱི་རྣམ་པ། བྱ་དང་བྱེའུའི་གསུང་སྙན། ལྗོན་ཤིང་གི་ལྕུག་མ་དལ་བྲེལ་མེད་པར་ཕར་གཡོ་ཚུར་གཡོ་བྱེད་པ། མེ་ཏོག་སྣ་ཚོགས་ཀྱི་བཀྲག་མདངས་རྣམ་པར་བཞད་པ་བཅས་གསོན་ཉམས་ལྡན་པའི་རྣམ་པས་ཁེངས་འདུག དགེ་རྒན་རྣམས་ཀྱང་རང་རང་ས་ནས་བྲེལ་འཚུབ་ངང་སློབ་ཁང་དུ་ཕེབས་བཞིན་མཆིས།
སློབ་ཁང་དུ་སླེབས་མ་ཐག ངས་ཉིན་རྒྱུན་བཞིན་ཟླ་གནང་རྗེས་ཀྱི་སློབ་ཐུན་དང་པོ་འདི་མགོ་མ་བརྩམས་པའི་སྔོན་ལ་ཐོག་མར་བྱིས་པ་རེ་རེ་ཡི་མིང་ནས་བོས་ཏེ་སློབ་མ་རྣམས་ཚང་རྩིས་བྱས། དེ་ནས་བློར་རྒྱུགས་བླངས་པ་ན་ལ་ལས་ཤར་མར་བློར་སྐྱོར་ཚར་ལ། ལ་ལར་བྱང་ཆ་ཐོན་མེད་ཀྱང་གང་འཚམ་གྱིས་བློར་འདོན་ཐུབ་པ་བྱུང་། ཡིན་ཡང་ནམ་རྒྱུན་རིག་པ་ཡག་ལ། གཞུང་རྒྱུད་དྲང་བ། སྤྲོ་དགའ་ཆེ་བའི་སྟོབས་ལྡན་གྱིས་མགོ་བོ་སྨད་དེ་བློར་མི་འཛིན་པ་མ་ཟད། ངའི་གདོང་ལའང་བལྟ་མི་ཕོད།
ང་ནི་སློབ་ཐུན་གྱི་དུས་ཚོད་ལ་སེར་སྣ་དང་། བྱིས་པ་གཞན་ལ་བར་ཆད་གཏོང་མི་འདོད་པའི་བྲེལ་འཚུབ་དང། ལྷག་ཏུ་སྟོབས་ལྡན་གྱི་གཤིས་ཀ་གློ་བུར་གྱོང་བོར་གྱུར་པར་ཡིད་མ་རངས་པས། ཁོ་ལ་དྲི་བ་འགའ་བསྟུད་མར་དྲིས།
ངས་སྐད་མགོ་ཅུང་འབྲིང་ཙམ་གྱིས“ཨ་རོ། སྟོབས་ལྡན། ཁྱོད་ཀྱིས་བློར་ཅིའི་ཕྱིར་མ་བཟུང་བ་ཡིན།” ཞེས་དྲིས་པ་ན། སྟོབས་ལྡན་གྱིས་མིག་ཟུང་ཀེམ་ཀེམ་དུ་ང་ལ་བལྟ་ཞོར། སླར་ཡང་མྱུར་དུ་མགོ་བོ་སྨད་ནས་ལག་གི་དཔེ་དེབ་ལ་རེག་ཙམ་བྱས་ནས་བསྡད་འདུག
“ཨ་རོག། ཁྱོད་ཀྱིས་ངའི་སྐད་ཆ་མི་གོའམ། ཁྱོད་ཀྱིས་སྐད་ཆ་མི་བཤད་པའི་རྒྱུ་མཚན་ཅི་ཡིན།”ཞེས་སྐད་མགོ་སྔར་ལས་མཐོ་བས་འཛིན་གྲྭ་གང་བོས་སྟོབས་ལྡན་ལ་ཅེར་འདུག སློབ་གྲོགས་ལ་ལ་ད་དུང་གད་མོ་དགོད་ཀྱིན་འདུག སྟོབས་ལྡན་གྱིས་དབུགས་རིང་ཞིག་ལེན་ཞོར་སེམས་སྐྱོ་བའི་ངང་སྔར་བཞིན་ཁ་རོག་གེར་བསྡད་བྱུང་།
“སོང་། ཕྱིར་འདུག་སྟེགས་སུ་སོང་ནས་ལོངས་ལ་སྡོད། གུང་ཇའི་སྐབས་སུ་ཁྱོད་ངའི་གཞུང་ལས་ཁང་དུ་ཤོག”ཅེས་ལབ་སྟེ་བོད་ཡིག་སློབ་ཐུན་ཧྲིལ་བོར་སྟོབས་ལྡན་ལངས་སུ་བཅུག།
གུང་གསེང་གི་དུས་ཚོད་བེད་སྤྱད་ནས་སློབ་མའི་ཟླ་གནང་གི་རྩོམ་ཡིག་ལ་བལྟས། སྔ་དྲོའི་དུས་སུ་སྟོབས་ལྡན་གྱི་གནས་ཚུལ་ཡིད་ལ་དྲན་ནས་ཁོའི་རྩོམ་ཡིག་བྲིས་ཡོད་མེད་ལ་བལྟས་པ་ཡིན། དགའ་འོས་པ་ཞིག་ལ་ཁོས་རྩོམ་ཡིག་འབྲི་དེབ་ཡར་སྤྲད་འདུག་པས་སེམས་ཅུང་བདེ་བའི་ངང་ཐོག་མར་ཁོའི་རྩོམ་ཡིག་ལ་བལྟས།
ཉིན་ཐོ་ལས་མངོན་པའི་སློབ་མའི་སེམས་ཁམས།
ཉིན་ཐོ།
གཟའ་ཉི་མ། གནམ་གཤིས་དྭངས།
དེ་རིང་ཁྱིམ་དུ་ཉི་འོད་ཤིན་ཏུ་དྲོ། བྱིས་པ་རྣམས་དགའ་དགའ་སྤྲོ་སྤྲོའི་ངང་སྡེ་བའི་མ་ཎི་ཁང་ན་གང་འདོད་དུ་རྩེ་བཞིན་འདུག ཡིན་ཡང་དེ་རིང་ངས་རྨོ་མོར་རོགས་བྱས་ཏེ་ཕྱུགས་རྫི་བྱེད་དགོས་ལ། ད་དུང་རྟ་ལ་རྟ་ཆས་སྟེར་བ་དང་། ལུ་གུ་བསྣུན་པ། ཆུ་ལེན་པ་སོགས་ཀྱི་ཁྱིམ་ལས་བྱེད་དགོས། རྒྱུ་མཚན་ནི་ངའི་ཨ་མར་གློ་བུར་ན་ཚ་དྲག་པོ་བྱུང་སྟེ་ད་ནངས་ཨ་ཕ་དང་ཤ་ཉེ་ཚོས་སྨན་ཁང་དུ་འཁྱེར་སོང་ལ། ཨ་མ་སྨན་ཁང་དུ་འགྲོ་དུས་མོའི་རྒྱུ་ཞབས་ལ་ཟུག་གཟེར་ཆེན་པོ་རྒྱག་བཞིན་འདུག་ལ། གདོང་ལ་རྔུལ་ཆུ་དང་མ་ཁ་སོ་བཅིངས་ཀྱིས་བཟོད་བསྲན་བྱས་ཏེ་ངུ་སྐད་མི་ཤོར་བའི་རྣམ་པ་དེས་ངའི་སེམས་པ་ཤིན་ཏུ་སྐྱོ་ནའང་ཨ་མ་སེམས་སྡུག་རྒྱུ་རེད་འདོད་ནས་ངུ་མ་ཕོད།
ཉིན་རྒྱུན་ལས་ལ་བརྩོན་པའི་ཕ་མས་བདག་གི་སློབ་སྦྱོང་བཟང་པོ་བྱེད་པའི་ཆེད་དུ་ཟས་བརྗེད་གཉིད་བཅག་གིས་ངལ་རྩོལ་བྱས་པར་མ་ཟད། ད་དུང་གོས་གང་ཡག་དང་། ཟས་གང་ཞིམ་ང་ལ་སྦྱིན་ནས་སློབ་སྦྱོང་ལ་གྲུབ་འབྲས་ཡག་པོ་ཡོང་བའི་རེ་བ་བཅངས་བཞིན་ཡོད། ཡིན་ནའང་། ངས་ནི་བསམ་མེད་ངང་དུས་ཚོད་མང་པོ་ཞིག་རྩེད་འཇོ་ལས་ཟད་པ་མ་ཟད། ཕ་མར་རོགས་རམ་བྱས་པ་ཞིག་ཀྱང་མི་དྲན་པས་ད་ནི་ཨ་མ་བྱང་ཆར་སོང་ཡོད་པའི་ལས་ཀ་འདི་དག་ང་ལ་མཚོན་ན་ཧ་ཅང་རྒྱུས་ཆ་མེད་པ་མ་ཟད། ད་དུང་ཤིན་ཏུ་དཀའ་ཚེགས་ཆེ་བ་ཞིག་ཡིན་པའང་ཤེས། རྨོ་མོས་བཤད་ན་ནད་ལྕི་མོ་ཡིན་ཚེ་སྨན་རིན་ལྷག་ཏུ་མཐོ་བ་རེད་ཟེར་བས་སེམས་པ་ལྗིད་ཏིག་གེར་སོང་།
ས་རུབ་དུས་ཨ་མ་ད་དུང་སྨན་ཁང་ནས་ཕྱིར་ལོག་རྒྱུ་མ་བྱུང་བས། ངས་ཨ་མ་ལྷག་ཏུ་དྲན་ལ་ཁོ་མོས་དུས་རྒྱུན་དུ་ང་ལ་བཤད་པའི་སྐད་ཆ་སྟེ“འབད་པ་བྱོས་དང་། སྐྱོན་ཡོད་པ་མ་རེད”ཅེས་པ་ཡིད་ལ་ཡང་ཡང་དྲན། ཨ་མ་ནི་ངའི་སེམས་ཀྱི་རྟེན་ས་དང་། བདེ་སྐྱིད་ཀྱི་འབྱུང་ཁུངས། ཁྱིམ་ཚང་གི་དྲོད་ཁོལ་ཡིན་པས་ཁོ་མོའི་བདེ་སྡུག་ལ་ང་རང་སེམས་ཁྲལ་ཤིན་ཏུ་ཆེ་བས་རང་ཉིད་མྱུར་དུ་འཚར་ལོངས་བྱུང་ན་སྙམ། ཁྱིམ་ལས་ཚར་རྗེས་རྨོ་མོས་བཤད་རྒྱུར་སང་ཉིན་ཨ་ཁུ་ཟླ་བ་ཚང་གིས་རའི་ཁུ་ལུ་ལེན་རྩིས་ཡོད་ལ།“ཉིན་གླ་སྒོར་ལྔ་བཅུ་རེད། མོ་དེར་ལས་ཀ་བྱེད་དུ་འགྲོ ཁྱོད་ཀྱིས་ཟླ་གནང་ལས་བྱ་ཕྲིས”ཟེར། ངས་རྨོ་མོ་ལ“ང་རང་ཡང་འཁྲིད་རོགས། ངས་ལས་བྱ་བྲིས་ཚར་ཡོད། བློར་འཛིན་རྒྱུ་མ་གཏོགས་མེད། དེ་ང་ཕྱིར་སློབ་གྲྭ་སོང་ནས་བཟུང་ཆོག”ཅེས་བཤད་རྗེས། རྨོ་མོའང་འཐད་པ་བྱུང་ནས་ངའི་ཐོད་པར་འོ་ཞིག་བྱས་སོང་། ངས་རང་གི་ལག་ཟུང་ལ་བརྟེན་ནས་ཕ་མར་རོགས་རམ་བྱས་ནས་ངའི་དྲིན་ཆེན་མ་ལོའི་ནད་གཞི་མྱུར་དུ་དྲག་ན་སྙམ།
ཁོས་བྲིས་པའི་རྩོམ་ལས་གནས་ཚུལ་གསལ་བོར་ཤེས་སོང་། སྟོབས་ལྡན་གྱི་སེམས་སྐྱོ་བའི་ཉམས་དང་ཅུང་ཉོབ་པའི་ལུས་པོ་ཡིད་ལ་དྲན་པས་ཨ་ཙི་ངས་ཁོར་སྐད་མགོ་མཐོན་པོའི་དྲི་བ་དྲིས་པ་བཙན་འདུག་པ་མ་ཟད་སློབ་ཁྲིད་ཧྲིལ་བོར་ལངས་སུ་བཅུག། མ་ཉེས་ཁག་གཡོགས་དེས་ཁོའི་སེམས་ལ་རྨ་ཁ་བཟོས་ཨེ་ཡོད་སྙམ་ནས་འདང་རྒྱག་དུས།“ཡར་ཞུ།”ཟེར་བའི་སྒྲས་ང་རང་ཧད་པར་བྱས་སོང་ལ། སྟོབས་ལྡན་ཐོན་འདུག་པས་ངས་ཁོ་རང་ནང་དུ་བསུས། སྟོབས་ལྡན་གྱིས་སྐྲག་མ་དངངས་ཀྱིས་དགེ་རྒན་ངས་བློར་མ་བཟུང་བ་ངའི་ཨ་མ་གློ་བུར་དུ་ན་ནས་ངས་རྨོ་མོར་རོགས་བྱས་པ་ཡིན་ལ། ཡུལ་ནས་ཐང་ཆད་དྲགས་པས་ད་ནངས་གཉིད་ལ་ཤོར་ཏེ་བློར་འཛིན་ཁོམ་མ་བྱུང་ཞེས་གསལ་བརྗོད་ལྷུག་པོར་བྱས་སོང་། ངས་ཁོའི་སྐྱོ་མདངས་ཀྱི་མིག་ཟུང་ལ་བལྟས་ཏེ་འོ་ན་ཁྱོད་ཀྱིས་ད་ནངས་སློབ་ཁང་ནས་ང་ལ་ཅིའི་ཕྱིར་གསལ་བཤད་མི་བྱེད་པ་ཡིན་ཟེར་ནས་དྲིས། སློབ་གྲོགས་ཚོས་ངའི་ལྭ་བ་བཙོག་པོ་དང་ངོ་གདོང་ནག་པོ་རེད་ཟེར་ནས་ང་ལ་དམའ་འབེབས་བྱས་སོང་ལ། དགེ་རྒན་གྱིས་ཀྱང་གཅར་རྒྱུ་རེད་འདོད་ནས་ལན་སྟེར་མ་ཐུབ་ཟེར། ངས་ཁོ་ལ་དོན་དག་འདི་ལྟ་བུའི་ཁྲོད་ནས་ཁྱོད་ལ་རང་གི་ལག་ཟུང་ལ་བརྟེན་ནས་རང་གི་ཉེ་མི་ལ་བདེ་སྐྱིད་སྐྲུན་པའི་བསམ་པ་ཡོད་པ་འདི་ཤིན་ཏུ་ཡག ད་ནངས་ངས་གནས་ཚུལ་མ་ཤེས་པས་ཁྱོད་ལ་ཆད་པ་བཅད་སོང་། ཞེས་ལབ་པས་ཁོའི་ཡུན་རིང་བསྲན་པའི་མིག་ཆུ་གཞི་ནས་གདོང་ལས་ལྷུང་། ངའི་སེམས་ལ་མིག་མདུན་གྱི་བྱིས་པ་འདི་གློ་བུར་དུ་ནར་སོན་འདུག་སྙམ་པའི་སེམས་ཚོར་ཞིག་དང་ལྷན་དུ་ཁོའི་ངུ་ཁ་བཀག་སྟེ་སེམས་གསོ་བྱས། དེ་རིང་ཕྱི་དྲོ་སློབ་ཐུན་གྲོལ་རྗེས་ངེད་གཉིས་ཁྱོད་ཀྱི་ཨ་མར་བལྟ་རུ་འགྲོ་ཞེས་ཁས་བླངས་པས་ཁོའི་གདོང་གི་འཛུམ་མདངས་སླར་ཡང་རྒྱས།
མཇུག་འབྲས་ལས་བསླངས་པའི་བློ་སྐྱེད།
དོན་དག་ཆུང་ཆུང་འདི་བརྒྱུད་ནས་ངས་རང་ཉིད་ཀྱི་སློབ་གསོའི་ཐབས་ལམ་ལ་ཕྱིར་རྟོག་དང་བསམ་བློ་བཏང་རྗེས། ཕྱོགས་གསུམ་ནས་ངོས་ཟིན་ཐོབ་པ་འདི་ལྟ་སྟེ།
དང་པོ། དགེ་རྒན་གྱིས་སློབ་མར་རྒྱུས་ལོན་བྱ་རྒྱུར་ཧ་ཅང་གལ་ཆེ། ཁོ་རང་ལོ་རིམ་གསུམ་པར་ཐོན་ཡོད་ནའང་། ངས་ཁོ་ཚང་གི་གནས་ཚུལ་དང་། འབྱོར་བ་ཞན་པ། ཁོར་ཡུག་ཆ་རྐྱེན་སོགས་ལ་རྒྱུས་ལོན་བྱས་པ་མི་འདང་ལ། ཁོ་ནི་གཞན་གྱི་འཕྱ་སྨོད་དང་དམའ་འབེབས་མྱོང་མི་འདོད་པའི་མི་རང་གཤིས་ཅན་ཞིག་ཡིན་པ་རྟོགས་མི་འདུག ད་དུང་དགེ་རྒན་གྱི་ཐོབ་ཐང་བེད་སྤྱད་ནས་ཨུ་ཚུགས་དང་བཙན་བཀོལ་ནས་བྱིས་པའི་རང་བརྩི་ལ་དོ་སྣང་མ་བྱས་པའང་ཡིད་ལ་ཤར་ཡོང་ལ། ཐ་ན་ཉིན་རྒྱུན་གྱི་སློབ་གསོ་ཁྲོད་ནས་བྱིས་པ་རྣམས་ཀྱི་སློབ་ཁྲིད་ནང་དོན་ཏེ་ཀ་ངོ་ཡིག་ངོ་ཆོད་པའི་ཕྱིར་དུ་འབད་འབུངས་དང་། རྒྱུགས་སྐར་འཕེལ་རྒྱས་སུ་འགྲོ་བའི་ཆེད་དུ་ཐབས་སྣ་ཚོགས་འཐེན་པ་ལས། ཁོ་ཚོའི་སེམས་ཁམས་དང་། འབྲེལ་འདྲིས། སློབ་གྲོགས་བར་གྱི་མཛའ་བརྩེ། བདེ་སྡུག་གི་ཚོར་བ་སོགས་ལ་ཞིབ་རྒྱུས་ལོན་ཐུབ་ཀྱིན་མེད་པ་ནི་དགེ་རྒན་གྱི་འཐུས་ཤོར་དང་ནོར་འཁྲུལ་ཡིན་པ་གཞི་ནས་རྟོགས། གཉིས་པ། སློབ་མར་བརྩི་མཐོང་དང་གདེང་འཇོག་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ། རྒྱའི་བྱིས་པའི་སློབ་གསོ་པ་གྲགས་ཅན་ཅ་རུང་ཐའོ(贾容韬)ན་རེ། “བྱིས་པར་འགྱུར་བ་ཡོང་དགོས་ན་ཐོག་མར་རང་ཉིད་ལ་འགྱུར་བ་གཏོང་དགོས”ཟེར་བ་བཞིན། དགེ་རྒན་གྱིས་ཐོག་མར་རང་གི་ལས་གནས་དང་། འཇོན་ཐང་། འགན་འཁུར་ལ་གོ་བ་ཟབ་མོ་བླངས་ཏེ་ཁྲིད་སྟེགས་སྟེང་འགྲེང་བ་ལས་ང་མཐོ་ང་རྒྱལ་དང་། དགེ་རྒན་གྱི་གོ་གནས་བེད་སྤྱད་དེ་བྱིས་པར་གདུང་རྡེག་དང་། བཙན་ཤུགས། ཕྱོགས་རིས་བེད་སྤྱད་ཚེ། དེའི་གམ་གྱི་བྱིས་པ་ལའང་ངང་ངམ་ཤུགས་ཀྱིས་ཤན་ཤུགས་ཐེབས་ཏེ་བྱིས་པ་ཕན་ཚུན་བར་ལའང་ཕྱོགས་རིས་འཐེན་འཁྱེར་གྱི་རྣམ་པ་དང་། མཛའ་བ་དང་གདུང་སེམས་ཀྱི་ཉམས་སྣང་མེད་པར་ཆགས་འགྲོ་ལ། བྱིས་པར་སྐྲག་སྣང་གིས་ཁེངས་ཏེ་སྐད་ཆ་བཤད་མི་ཕོད་པ་དང་། དྲག་ཤུགས་ལ་འཇིགས་ཏེ་དྲང་གཏམ་མི་བཤད་པ། དེ་མིན་དགེ་རྒན་ལ་ཡིད་ཆེས་མེད་པའི་སྣང་ཚུལ་འདིས་བྱིས་པའི་མི་གཞི་དང་། ཀུན་སྤྱོད། བདེ་ཐང་གི་སེམས་ཁམས་ལ་གནོད་པ་ཚབས་ཆེན་བཟོ་བཞིན་ཡོད་པའང་གོང་གི་འདས་དོན་ལས་གསལ་བོར་ཤེས་ཐུབ། དེ་བས་ང་ཚོ་དགེ་རྒན་རང་ངོས་ནས་བྱ་སྤྱོད་ལ་འགྱུར་བ་བཏང་ནས་སློབ་མ་ལ་བྱམས་པའི་སེམས་ཀྱིས་སྙོར་ཏེ་དགེ་རྒན་གྱིས་མ་ཤེས་པ་རེད་ཟེར་དུས་བྱིས་པའི་མིག་ཆུ་དང་ལྷན་དུ་ནང་སེམས་ཀྱི་སྡུག་བསྔལ་ཡང་ཞི་བར་བྱེད་ནུས་པ་འདི་ནི་ཐེངས་འདིའི་དོན་དག་གིས་ང་ལ་བཏང་བའི་སློབ་གསོ་ཟབ་མོ་དེ་རེད།
གསུམ་པ། ཐབས་ལ་མཁས་ན། བྱིས་པའི་ནང་སེམས་ཀྱི་འཇིག་རྟེན་རྟོགས་ཐུབ་པས། བྱིས་པའི་སེམས་ཁམས་ལ་རྒྱུས་མངའ་བྱེད་རྒྱུ་ཤིན་ཏུ་གལ། ལྷག་པར་དུ་བྱིས་པ་རྣམས་ཕ་མ་དང་མཉམ་དུ་ཡུན་རིང་སྡོད་མི་ཐུབ་པའི་གནས་སྟངས་འོག་ཁྱིམ་བདག་དང་སློབ་གྲྭའི་དགེ་རྒན་གྱི་འབྲེལ་འདྲིས་ཤིན་ཏུ་གལ་ཆེེ། ནར་མ་སོན་པའི་བྱིས་པ་རྣམས་ལ་མཚོན་ན་ནང་སེམས་ལ་བརྩེ་བ་དྲོན་མོ་ཞིག་དང་། བདེ་འཇགས་ཀྱི་ཚོར་བ། ད་དུང་བརྩི་བཀུར་དང་མཐོང་ཆེན། དེ་མིན་བསམ་བློའི་འཁྱེར་སོ་ཐད་ནས་ཁོ་ཚོ་རང་ཉིད་ལ་འཚམ་པའི་སྣེ་འདྲེན་ཡག་པོ་ཞིག་བྱེད་རྒྱུ་ཤིན་ཏུ་གལ་ཆེ་སྟེ། ཨུ་རུ་སུའི་རྩོམ་པ་པོ་གྲགས་ཅན་ཀོར་ཅིས།“སུ་བྱིས་པར་མི་དགའ་ན། བྱིས་པའང་དེ་ལ་མི་དགའ་ཞིང་། བྱིས་པ་ལ་དགའ་བའི་མི་ཁོ་ནས་དེ་ལ་སློབ་གསོའང་བཟང་པོ་སྤྲོད་ཐུབ”ཅེས་པ་ནང་བཞིན་སློབ་གསོར་དགའ་དགོས་ན། ཐོག་མར་ལྷད་མེད་དྭངས་གཙང་གི་བྱིས་བློ་ཡག་པོ་དང་། རྣམ་རིག་བཀྲ་བའི་བྱིས་པ་ཚོར་ཅིས་ཀྱང་སེམས་ཁོང་ནས་དགའ་སྟེ་བྱིས་པའི་པྲ་ཆལ་དང་། རྩེད་མཚར་དང་འཆར་ཡན་གྱིས་ཕྱུག་པའི་བྱིས་བློ་རྣམས་ཅིས་ཀྱང་དང་ལེན་བྱེད་ཐུབ་དགོས།
མདོར་ན། སློབ་མར་བརྩེ་བས་སྐྱོང་བ་ནི་ཁོ་ཚོར་བརྩི་འཇོག་བྱས་པ་ཡིན་ལ། བརྩི་འཇོག་བྱས་ཚེ་གཞི་ནས་སློབ་མ་རྣམས་ཀྱིས་ཡིད་ཆེས། བསམ་ཤེས། ཞན་ཆ་དང་ལེན། དགའ་སྐྱོ་མཉམ་མྱོང་སོགས་བྱ་ཐུབ། དགེ་རྒན་ནི་ཤེས་བྱ་རིག་གནས་ཀྱིས་ཕྱུག་པ་ཙམ་མ་ཡིན་པར་བྱིས་པ་ལ་བྱམས་དང་བརྩེ་བའི་ས་བོན་དག་སློབ་མའི་སེམས་ཁམས་ཀྱི་ཞིང་སར་འདྲེན་ཐུབ་དགོས་པ་མ་ཟད། ད་དུང་དོན་དངོས་ཀྱི་འཚོ་བའི་ནང་འཕྲད་སྲིད་པའི་གནས་ལུགས་ཡོད་ཚད་སྤྱི་སྡོམ་གྱིས་སློབ་མའི་འཚོ་བའི་ལམ་སྣེ་འདྲེན་ཐུབ་པ་ཞིག་དགོས། དེ་ལྟར་བྱུང་ཚེ་སློབ་མ་རྣམས་ལ་གུ་ཡངས་ཤིང་སྤྲོ་སྣང་ལྡན་པའི་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་ཞིག་སྐྲུན་ཐུབ་ལ། ཁོ་ཚོའི་སྦྱངས་འབྲས་ཡར་རྒྱས་ཡོང་བར་ཡང་མངོན་གསལ་གྱི་ནུས་པ་ཐོན་སྲིད་པས། མི་སེམས་དྲོད་ཀྱིས་བསྐྱངས་ཏེ་རིག་པའི་བུ་ཆུང་གི་སྣ་འདྲེན་དང་ཤེས་བྱ་ཀུན་ལྡན་གྱི་ལམ་སྟོན་པ་ཞིག་ཏུ་ཆགས་སུ་འཇུག་པར་འབད་རྒྱུ་ནི་དེང་རབས་སློབ་གསོའི་ཐབས་ལམ་ཀྱི་གནད་དམ་པ་རེད་སྙམ་མོ། །