* ཚུལ་ཁྲིམས། དགའ་བདེ་རྫོང་མི་རིགས་སློབ་འབྲིང་དུ་ཕྱག་ལས་གནང་བཞིན་ཡོད།
ཚུལ་ཁྲིམས། *
བྱུང་རིམ་གྱི་རྒྱབ་ལྗོངས་གསལ་བཤད།
ཕྲན་གྱིས་སྤྱི་ལོ2019ལོའི་ཟླ10པའི་ཚེས20ཉིན་གྱི་གཟའ་ཟླ་བའི་སློབ་ཐུན་བཞི་པའི་སློབ་ཁྲིད་ཀྱི་འཆར་གཞི་ནི་ཨ་ལགས་ཤ་ངག་དབང་བསྟན་དར་གྱིས་མཛད་པའི 《དག་ཡིག་འཁྲུལ་སྤོང་ལེགས་བཤད་སྐྱ་རེངས》ཞེས་པའི་སློབ་ཚན་དེ་ཡིན་ལ། སློབ་ཚན་དེའི་ནང་དོན་ཅུང་ཐུང་བས་ཉིན་དེར་རྒྱུན་ལྡན་གྱི་སློབ་ཁྲིད་གྲ་སྒྲིག་གཞིར་བཟུང་ནས་དང་པོ་མཛད་པ་པོའི་ཆེ་བ་དང་དེ་ནས་སློབ་ཁྲིད་དངོས་གཞིའི་སྒྲིག་གཞི་ལ་དབྱེ་ཞིབ། མཐར་བརྗོད་བྱའི་ཡང་སྙིང་སྤྱི་སྡོམ་བྱས་ནས་སློབ་ཁྲིད་བྱས་པ་ཡིན། མཛད་པ་པོའི་ཆེ་བ་བརྗོད་པའི་སྐབས་སུ་ཕྲན་གྱིས་སློབ་བུ་རྣམས་ལ“ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་གསེར་ཁྲི་སྟག་ཤ་རར་མ་བགོས་སྤྱི་ན་ཡོད”ཅེས་པའི་ཁ་དཔེ་འདིའི་ཡོངས་ཁུངས་བསྟན་དར་ལྷ་རམས་པའི་ལོ་རྒྱུས་དང་འབྲེལ་ནས་ཁོང་གི་ཨ་མས་ཁོང་ལ་སློབ་གཉེར་བྱེད་པར་གནང་བའི་སྐུལ་ལྕག་གི་ཚིག་ཅིག་ཡིན་ཚུལ་གསལ་བོར་བརྗོད་པ་མ་ཟད། རང་ཅག་སློབ་བུ་རྣམས་ཀྱང་ཏང་དང་རྒྱབ་ཁབ་ཀྱི་བཀའ་དྲིན་དང་མི་རིགས་སྲིད་ཇུས་བཟང་པོའི་འོག་ནས་ལུས་སེམས་བདེ་ཐང་དང་སྤྱོད་ཡོན་གཉིས་ལྡན་གྱི་སློབ་བུ་ཡ་རབས་ཤིག་ཏུ་འགྱུར་བར་ཕྱི་ནང་གི་མཐུན་རྐྱེན་ཁྱབ་མཉམ་དུ་ཡོད་ཚུལ་བཤད། དཔེ་དེ་དང་སྦྱར་ནས་འཕྲོས་དོན་གྱི་ཚུལ་དུ་སྤྱིར་ན་སློབ་ཚན་འདི་ནི་དམའ་འབྲིང་སློབ་མ་ཞིག་གི་ཤེས་ཡོན་བྱང་ཚད་མཐོར་འདེགས་དང་དག་ཡིག་གི་དགོས་པ་མངོན་པར་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་པས་སློབ་མ་ཚང་མས་བློར་འཛིན་དགོས་པའི་བླང་བྱ་བཏོན། ལྷག་པར་དུ་དག་ཡིག་སློབ་ཚན་འདིར་ཁ་སྐད་དང་ཡིག་སྐད། ད་དུང་བསྟན་བཅོས་ལ་གྲགས་པའི་མིང་བརྡ་རེ་འགའ་མཆིས་པར་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་དཔེ་བརྗོད་དང་སྦྱར་ནས་གསལ་བཤད་བྱས།
སློབ་ཁྲིད་གྲོལ་མ་ཐག་ལས་བྱ་བཀོད་སྒྲིག་བྱས་རྗེས་གཞུང་སྒྲུབ་ཁང་གི་ཕྱོགས་སུ་བྲེལ་འཚུབ་ཀྱིས་ལམ་ལ་ཆས། ལམ་བར་དུ་ཙག་རླུང་དང་བསྡོངས་ནས་ངའི་རྣ་ལམ་དུ“དགེ་རྒན”ཞེས་འབོད་པ་ཐོས་བྱུང་། ཕྱིར་འཁོར་དུས་སློབ་བུ་བཀྲ་ཤིས་རེད། ངས་བསམ་པར་ཡང་ཁོ་ལ་གནང་བ་ཞུ་བའི་དོན་ཞིག་ཡིན་སྙམ་ནས་བྲེལ་འཚུབ་ཀྱིས“འུ་གཉིས་གཞུང་ལས་ཁང་དུ་སོང་ནས་བཤད་ཆོག”ཅེས་བཤད།“ཡ་དགེ་རྒན”ཞེས་ལན་བཏབ།
གཞུང་སྒྲུབ་ཁང་ནས་ངས་ཁོ་ལ།“ཡ བཀྲ་ཤིས། དོན་དག་ཅི་ཞིག་ཡིན།”
བཀྲ་ཤིས་ནི་རྒྱུན་ལྡན་དང་མི་འདྲ་བར་ངོ་གདོང་འཛུམ་གྱིས་ཁེངས་ནས་ང་ལ་བཤད་རྒྱུར།“དགེ་རྒན། བཀའ་དྲིན་ཆེ། ངས་ད་ནས་བཟུང་མིང་འགྲེལ་ཚང་མ་བློར་འཛིན་རྒྱུ་ཡིན”ཞེས་པའི་དམ་བཅའ་ཞིག་བཞག་སོང་།
སྐབས་དེར་ང་ཧང་སང་ནས་རྒྱུ་མཚན་ཅི་ཡིན་ཞེས་དྲིས་པ་ན། ཁོས་ང་ལ“ལོ་གསུམ་པོའི་ཁྲོད་དེ་རིང་གི་སློབ་ཐུན་འདི་ཧ་ཅང་ཐུང་ལ་དེ་རིང་ངས་སློབ་ཁྲིད་ཀྱི་ནང་དོན་གསལ་བོར་གོ་ཐལ”ཞེས་ལན་བཏབ་བྱུང།
ང་ཧ་ཅང་དགའ་ནས“ཁྱོད་ཀྱིས་འབད་པ་བྱོས་དང་རྗེས་ཕྱོགས་ངས་ཁྱོད་ལ་བྱ་དགའ་སྟེར”ཞེས་བཤད། བཀྲ་ཤིས་ཀྱིས་ང་ལ།“དགེ་རྒན། ང་ལ་བྱ་དགའ་མི་དགོས། དེ་རིང་ལྟ་བུའི་དགེ་རྒན་ཁྱེད་ཀྱི་འཛུམ་མདངས་དང་ཡིད་འཇོག སློབ་གྲོགས་རྣམས་ཀྱི་གདེང་འཇོག་ཡོད་ན་དེས་ཆོག”ཅེས་བཤད།
“དེ་རིང་གི་སློབ་ཁྲིད་ཀྱི་དུས་ཡུན་ཧ་ཅང་ཐུང” ཞེས་པའི་སྐད་ཆ་འདི་གཙོ་བྱས་ནས་སྐད་ཆ་གཞན་དག་ལ་ཕྱིར་འདང་དང་བཅས་བསམ་གཞིག་ཅིག་བྱས་པ་ན་སེམས་པ་འཚབ་ཅིང་མགྲིན་པ་དངངས་ནས་སྨྲ་བརྗོད་ཀྱང་ལེགས་པོ་མི་ཡོང་བའི་ཚུལ་དུ་སླེབས།
ཞིབ་ཏུ་བསམས་ན་སློབ་བུ་ཁོའི་སྐད་ཆ་འདི་ནི་ཁོ་རང་གཅིག་པུའི་བསམ་ཚུལ་ཙམ་མ་ཡིན་པར་འཛིན་གྲྭའི་ཡར་སྐུལ་སློབ་བུའམ་སྦྱངས་དམན་སློབ་མ་མང་པོ་ཞིག་གི་མགྲིན་ཚབ་རུང་བའི་གོ་བརྡ་ཞིག་མིན་པ་སུ་ཞིག་གིས་ཡིད་ཆེས་བྱེད། གཟའ་འཁོར་གཅིག་གི་དུས་ཡུན་ལ་ངའི་དྲན་འཛིན་གྱི་མེ་ལོང་ངོས་སུ་ཡལ་ཐབས་མེད་པ་ནི་སློབ་བུ་འདིའི་སྐད་ཆ་དེ་དག་ཡིན་ནོ། །
འདི་དང་འབྲེལ་ནས་ཕྲན་གྱིས་རང་ནུས་ཅི་ལྕོགས་ཀྱིས་དཔེ་ཀློག་དང་བློར་འདྲི། སློབ་མའི་སེམས་ཁམས་ལ་རྒྱུས་ལོན་ཐེངས་གཅིག་མི་བྱེད་ཀ་མེད་དུ་གྱུར། ངའི་འཛིན་གྲྭ་ལ་མཚོན་ན་སློབ་མ52ཡོད། ངས་ཁྲིད་པའི་བསླབ་ཚན་ལ་དགའ་མོས་ཡོད་པའི་སློབ་མ28ཡོད། དེ་ལས་གཞན་པ་རྣམས་སྤྱིར་བཏང་གི་བསླབ་ཚན་ཚད་གཞི་དང་བསྡུར་ན་ཅུང་དམའ་བར་འདུག ཕྲན་ལ་མཚོན་ན་རྒྱུན་པར་བཀྲ་ཤིས་ཀྱིས་མཚོན་པའི་སློབ་བུ་མང་པོ་ཞིག་གི་སློབ་སྦྱོང་གི་འདུ་ཤེས་ལ་དོ་སྣང་ཆེར་མེད་པས་ཁོ་ཚོའི་བག་ལ་ཞ་བའི་མོས་པ་མང་པོ་ཞིག་རང་འདོད་ཀྱི་སློབ་ཁྲིད་འདུ་ཤེས་རེ་འགའ་ཞིག་གིས་གཞོམ་བཞིན་ཡོད་པ་ཤེས་མེད་ཚོར་མེད་ངང་འགྱུར་བཞིན་ཡོད་པ་ཤ་སྟག་གོ ། དེ་བས་ངས་སློབ་མའི་ལུས་སེམས་ལ་ཡིད་འཇོག་བྱས་ནས་དགའ་ཕྱོགས་སྐྱེད་སྲིང་བྱ་དགོས་ཞེས་པའི་གོ་དོན་དེ་གཞི་ནས་རྟོགས་སོང་།
སློབ་བུ་ཞིག་གི་སྐད་ཆ་ཚིག་གཅིག་གིས་ང་ལ་བྱིན་པའི་ཚོར་སྣང་གི་དབྱེ་ཞིབ་དང་འབྲེལ་རྗེས་ཕྱོགས་སློབ་ཁྲིད་ལ་སྒྲིག་གཞི་གསར་བ་ཞིག་མི་བཟོ་རང་བཟོ་རུ་གྱུར་པ་གཤམ་ལྟར།
དང་པོ། སྦྱོར་བ་སྔོན་འགྲོ་ཡི་ཆ།
འཛིན་གྲྭའི་སློབ་མ་ཡོངས་ཀྱི་མོས་པ་སྐྱེད་སྲིང་དང་འདྲ་མཉམ་གུང་བཀུར་གྱི་འདུན་པ་ཚགས་དམ་ཞིང་སློབ་ཁྲིད་ཀྱི་རེ་བ་ཚུལ་མཐུན་ཞིག་ཡོང་ཆེད་ཕྱོགས་གསུམ་དམིགས་ཚད་གཞི་བྱས་ཏེ་ཁྲིད་མཁན་རང་ངོས་ནས་སློབ་བུ52ཀྱི་དགའ་ཕྱོགས་རྒྱུས་ལོན་ཅུང་བྱས་པ་གཤམ་གྱི་སྡོམ་རྩིས་རི་མོ་ལས་གསལ།
སྤྱིར་ན་འཛིན་གྲྭ་ཡོངས་ལས་འཁྲིད་བྱའི་ནང་དོན་གྱི་དགའ་ཕྱོགས་ལ་གཞིགས་ན། དག་ཡིག་སློབ་ཁྲིད་ཀྱི་བྱེད་ཐབས་ཅུང་བཟང་མོད། འོན་ཀྱང་སློབ་གྲོགས་བཀྲ་ཤིས་ཀྱི་སྐད་ཆ་དང་ཁོའི་སྣང་ཚུལ་དེ་དང་བསྟུན་འཁྲིད་བྱའི་སློབ་ཁྲིད་ཀྱི་བརྗོད་བྱ་གང་དུ་འཁེལ་ན་མོས་པ་དང་དགའ་ཕྱོགས་མཐུན་པའི་སློབ་བུ་རྣམས་ལ་ཡག་ཐོག་ཡག་བརྩེགས་ཀྱི་རེ་འདུན་འདོན་པ་དང་མོས་པ་ཅུང་དམན་པ་རྣམས་ལ་ཁོ་ཚོའི་ཁམས་དང་བསྟུན་ནས་རེ་འདུན་དམིགས་བསལ་བ་རེ་འདོན་དགོས་པ་སྨྲ་མི་དགོས་ལ་སློབ་ཁྲིད་སྐབས་སུ་བཀྲ་ཤིས་ལྟ་བུའི་ལན་འདེབས་མི་ཕོད་པ་དང་བསམ་གཞིག་གཏོང་མི་ནུས་པའི་སློབ་བུ་རྣམས་ངེས་པར་དུ་སྔོག་འདོན་བྱེད་པ་ནི་སློབ་ཁང་སློབ་ཁྲིད་དང་དོ་མཉམ་སློབ་གསོའི་དགོས་ངེས་ཀྱི་བླང་བྱ་ཞིག་ཏུ་འཇོག་དགོས།
གཉིས་པ། དངོས་གཞི་འཇུག་ལྡོག་གི་ཆ།
གང་ཤེས་ཁྲིད་པ་རུལ་མའི་བུ་གཉོར་ལུགས་ཀྱི་དཔེ་ བཞིན། སློབ་ཁྲིད་ནི་རང་གི་འཇོན་ཐང་ངོམ་པའི་གར་སྟེགས་ལྟ་བུ་ཞིག་ཏུ་མི་འཛིན་པར་ཁམས་དང་མོས་པ་མཐུན་ཞིང་སློབ་མ་རྣམས་ཀྱི་ཤེས་རྟོགས་ནུས་པས་ཅི་ལྕོགས་ལ་ཞིབ་འཇུག་དང་རྒྱུས་ལོན་ཡོད་པའི་ངང་ནས་བརྗོད་བྱ་རྒྱས་བསྡུས་འཚམ་ཞིང་རྗོད་བྱེད་ཁ་བསྐང་བའི་ཚུལ་དུ་ཁྲིད་པ་མ་ཟད། ད་དུང་འཁྲིད་བྱ་གང་དེའི་ནང་དོན་དང་འབྲེལ་འཁྲིད་ཡུལ་སློབ་མའི་ཡུལ་དུས་གང་ལ་ཡང་སྐུལ་འདེད་དང་དཔེ་སྟོན་གྱི་ནུས་པ་ཆེ་ཞིང་བག་ལ་ཞ་བའི་སྤོབས་པ་འདོན་པར་རིག་བློ་བག་འཁུམས་ཀྱི་རྣམ་པ་ཐར་ཆགས་སུ་བསྐྱེད་ནས་བློ་དང་འཚམ་པའི་སྨྲ་བརྗོད་ཀྱི་གར་སྟེགས་ཤིག་བསྐྲུན་པ་ཤིན་ཏུ་གལ་ཆེའོ་སྙམ། མདོར་ན་ཁྲིད་མཁན་རང་གིས་སློབ་བུ་རྣམས་ལ་ཤེས་བྱ་ངོ་སྤྲོད་དང་ཁྲིད་གཞིའི་རེ་འདུན་འོས་འཚམ་ཡོང་བར་ཡང་རྒྱུ་ ཚོགས་ལེགས་པོ་བསགས་པའི་ཐབས་དམ་པ་རུ་འགྲོ་བ་རེད། གང་ལྟར་སྤྱི་ཚོགས་ཀྱི་གནས་བབ་དང་སློབ་མའི་མཐོང་ཐོས་མྱོང་གསུམ་བསྐྱེད་པའི་ཆེད་དུ་འབྲེལ་ཡོད་སློབ་ཚན་དང་སྦྲགས། ཡིག་ཚང་ངོ་སྤྲོད་དང་དཔེ་ཀློག་ལ་སྐུལ་འདེད་བྱེད་པའི་ནུས་པ་ཞར་དུ་བཏོན་ནས་བསླབ་ཕྱིའི་སློབ་སྦྱོང་གི་འདུན་པ་ཡར་བསྐྱེད་དང་བསླབ་ཚན་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་ལ་ཡང་རམ་འདེགས་ཆེན་པོ་ཐོན་ཐུབ། ལྷག་པར་དུ་སློབ་ཚན་འདི་དང་འབྲེལ་ནས་སློབ་མ་རྣམས་ལ་སློབ་གྲྭའི་དཔེ་མཛོད་ཁང་དུ་མཛད་པ་པོའི་ལོ་རྒྱུས་དང་གཞན་པའི་དག་ཡིག་དཔེ་དེབ་ལ་ལྟ་ཀློག་བྱེད་པར་ལས་བྱ་བཀོད་སྒྲིག་བྱེད་པ། དཔེ་ཀློག་ཟིན་བྲིས་འབྲི་སྟངས་སོགས་མཚམས་སྦྱོར་བྱས་ན་སྦྱངས་བཟང་སློབ་མ་མང་པོ་ཞིག་རིམ་གྱིས་དཔེ་ཀློག་དང་སློབ་སྦྱོང་གི་ལམ་ལ་བསྐུལ་ཐུབ། ཡང་སྒོས་བཀྲ་ཤིས་དཔེ་མཚོན་ཡིན་པའི་སློབ་མ་རྣམས་ལ་ཁ་སྐད་དང་སྟབས་བདེ་བའི་དཔེ་བརྗོད་དང་འབྲེལ་ནས་ཁོ་ཚོའི་དང་བ་དྲངས་ཏེ་སློབ་ཐུན་གཅིག་གི་དུས་ཡུན་ཧ་ཅང་ཐུང་བར་སྣང་བའི་སྤྲོ་སྣང་འདི་ལྟ་བུ་ཡང་དང་ཡང་དུ་འབྱུང་བར་འབད་པ་དང་ཞིབ་འཇུག་བྱེད་པ་ནི་རང་ཉིད་ཀྱི་འོས་འགན་ཉག་ཅིག་ཡིན། བསླབ་ཚན་གང་དེར་སྤྲོ་བ་ཡོད་པ་དང་རང་ཉིད་ཀྱི་སློབ་སྦྱོང་གི་ཁ་ཕྱོགས་ལ་ཡིད་ཆེས་ཡོད་པ་མ་ཟད། མ་འོངས་པའི་སློབ་སྦྱོང་གི་འདུན་པ་ལ་ཆོད་སེམས་དང་མོས་པ་ཡོད་པར་བྱེད་དགོས་ན་འཁྲིད་ཡུལ་སློབ་མའི་རིག་སྒྲིམ་དུས་ཡུན་དང་འཁྲིད་བྱ་བློ་དང་འཚམ་པའི་ངང་བརྡ་སྤྲོད་པའི་ཐབས་ལ་བསམ་གཞིག་བྱེད་དགོས། དེ་ལྟར་བྱས་ན་བསླབ་ཚན་དམིགས་ཡུལ་འགྲུབ་པར་ཕན་པ་རྒྱ་ཆེན་པོ་ཡོད་ལ་སྐར་འབྲས་ཆ་ཡོངས་ནས་ཇེ་བཟང་དུ་འགྲོ་བར་ཡང་ཐེམ་སྐས་རང་བཞིན་གྱི་འབྲས་བུ་འབྱུང་སྲིད།
གསུམ་པ། རྗེས་ཀྱི་རེ་སྐུལ་གྱི་ཆ།
སྤྱིར་ན་སློབ་ཁྲིད་ཀྱི་འདུན་པ་སྐྱེད་སྲིང་དང་འབྲས་ལེགས་སློབ་ཁྲིད་ཀྱི་དམིགས་ཡུལ་གཙོ་བོ་ནི་སློབ་མ་ལ་རབ་འབྲིང་མེད་པར་ཆ་ཡོངས་ནས་འཕེལ་རྒྱས་ཡོང་བར་བྱེད་པ་དང། སློབ་པའི་གཞི་རྩ་ཤེས་བྱ་གང་དེར་བརྟེན་ནས་སློབ་མཁན་གང་དེས་ཀུན་སྤྱོད་དང་བདེ་ཐང་། བཟང་ཕྱོགས་སོགས་ཆ་མང་པོ་ཚད་ལྡན་ཡོང་བ་ནི་དེང་རབས་སློབ་གསོའི་དམིགས་འབེན་གཙོ་བོ་ཡིན་པ་སློབ་གསོ་པ་གྲགས་ཅན་ཐོ་ཞོན་ཀྲི་ཡིས“ཁྲིད་པ་ཀུན་གྱི་རྩ་བ་བདེན་པ་དང་། ། བསླབ་པ་ཐམས་ཅད་གཤིས་ཀ་སྐྱོང་བར་རག”ཅེས་པ་དང་བསླབ་ཚན་ཚད་གཞིའི་སློབ་མའི་ལྟ་ཚུལ་གྱི་སྙིང་བོ་ལས་ཀྱང“འཚར་ལོངས་གཞི་ལ་རྟོག་པ་སྤོ་མིན་དེ། ། གང་ཞིག་གོམས་ལ་བསླབ་པ་ཀུན་ལས་མཆོག།།”ཅེས་གཙོ་བོ་སློབ་ཁྲིད་ཀྱིས་མི་གཤིས་སྐྱོང་དགོས་པ་སོགས་ཀྱི་བླང་བྱ་བཏོན་ཡོད།
དཔེ་གཞི་བསླབ་ཚན་འདི་དང་སློབ་མ་བཀྲ་ཤིས་ཀྱི་སེམས་ནང་གི་ཆེས་ཐུང་བའི་སློབ་ཐུན་འདི་གཉིས་ལས་ཕྲན་གྱི་སློབ་ཁྲིད་ལ།
“འཁྲིད་བྱས་ཁྲིད་ལུགས་གཞི་མ་མོས་པར་བཅོལ། །
འཁྲིད་ཡུལ་རྒྱུས་མངའ་ཆེ་ཞིང་འཁྲིད་བྱར་བྱང་། །
ཁྲིད་ཀྱི་སྦྱོར་དངོས་རྗེས་གསུམ་སློབ་མར་གཏད། །
ཁྲིད་དུས་བཞིན་གསལ་དཔེ་དང་ལུང་རིགས་ལྡན། །”
ཞེས་པའི་དམིགས་ཡུལ་དང་རེ་འདུན་ལ་སྦྱར་ནས་སློབ་མ་སུ་དང་གང་ལ་ཡང་ཕྱོགས་རིས་ཀྱི་བསམ་པས་མ་བཅད་པར་གོ་བསྐོན་བློ་འགུགས་ཀྱི་ནུས་པ་ལྡན་པའི་དཔེ་འདྲེན་དང་ག་ཞ་བྱེད་ཞོར་སློབ་མའི་རྣམ་གཡེང་གི་རིག་པ་སློབ་ཐུན་གྱི་ཡང་སྙིང་ཕྱོགས་ལ་དང་བ་འདྲེན་པའི་སྒྲིག་གཞི་འཐུས་ཚང་ཞིག་ཁ་སྐོང་བ་ལ་ཐུན་རེ་དང་ཉིན་རེ། ལོ་རེ་བྱས་ནས་འབད་འབུངས་དང་འདོར་ལེན་བྱ་རྒྱུ་ནི་ཤེས་རྟོགས་རབ་འབྲིང་ཐ་གསུམ་ཡོད་པའི་གཅེས་ཕྲུག་རེ་རེ་ཤེས་རིག་གི་ཞིང་ཁམས་ལ་ཁྲིད་མཁན་གྱི་མིང་ཙམ་གཡར་བའི་ཕྲན་གྱི་རྩ་བའི་བླང་བྱ་ཡིན་པ་གཞི་ནས་རྟོགས།
མཇུག་གི་གཏམ།
མདོར་ན་བཀྲ་ཤིས་ཀྱི་སྐད་ཆ་ཚིག་གཅིག་གིས་ཕྲན་གྱིས་ལོ་ངོ་མང་པོར་ཁྲིད་སྟེགས་ཀྱི་གོ་ས་བཅད་པའི་རིན་ཐང་ལ་གསོན་ཤུགས་བླ་ན་མེད་པ་ཞིག་བསྩལ་བ་ནི་ཁྲིད་ཡུལ་སློབ་མའི་ཁམས་དང་མོས་པ་སྣ་ཚོགས་ལ་འོས་འཚམ་གྱི་ཐད་སོར་བབས་པའི་ཁྲིད་ཐབས་སྣ་ཚོགས་ཤིག་གཡར་ལེན་དང་ཞིབ་འཇུག་བྱ་དགོས་ལ། རྗེས་ཕྱོགས་སློབ་མ་སྐྱོང་བར་ཐོག་མའི་ཀུན་སློང་ཡར་སྐུལ་དང་སློབ་ཁང་སློབ་ཁྲིད་ཀྱི་རྩ་བའི་བླང་བྱ་ཉེར་ལེན། སློབ་མའི་ཤེས་ནུས་ལ་ཕན་པ་མེད་པའི་ཤེས་མདོག་གི་སྨྲ་བ་མང་པོའི་ལུང་གཏམ་རྐྱང་རྐྱང་གིས་རང་ཉིད་ལ་འཇོན་ཐང་ཡོད་མདོག་གི་ཚུལ་འཆོས་ཀྱི་ཁེངས་པ་གཞོམ་པའི་སྨན་ལྟ་བུར་གྱུར་པ་མ་ཟད། ད་དུང་བྱ་བ་གང་ཡིན་ཡང་ཆུང་ས་ནས་ཆེ་སར་སྤོ་བ་དང་ལས་དོན་གང་ཞིག་སྒྲུབ་ཀྱང་བྱེ་བྲག་ལ་འབབ་དགོས་པའི་ཁ་ཕྱོགས་འཚོལ་སྙེག་དང་། ཡང་སྒོས་སློབ་ཁང་སློབ་ཁྲིད་ཀྱི་ཀུན་སློང་དེ་སློབ་མ་རེ་རེ་ལ་དམིགས་ཤིང་། ཁྲིད་མཁན་གྱི་ངག་དག་ཅིང་དོན་གྱིས་སློབ་མའི་ཡིད་ཀྱི་དང་བ་འདྲེན་པ། ཁྲིད་ཐབས་སྣ་ཚོགས་ཀྱི་ལམ་ལ་བསྟེན་ནས་དུས་དང་མཐུན་པའི་དོ་མཉམ་སློབ་གསོ་ཞིག་སྤེལ་བའི་ཐབས་དམ་པ་རུ་གྱུར་ཏོ། །