ཏང་ཀྲུང་དབྱང་གིས་ཐེངས་འདིའི་ཆེད་དོན་ཞིབ་གྲོས་འཛིན་གྲྭ་གཉེར་བའི་དམིགས་ཡུལ་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གྲོས་ཆོད་ཞིབ་ཀློག་དང་གོ་བ་ཟབ་མོ་ལོན་པ་བྱས་ནས། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་ ཁོང་དུ་ཆུད་པ་དང་བེད་སྤྱོད་སྔར་ལས་ལྷག་པ་བྱེད་པ་དང་། ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་དཔའ་ངར་ཞུམ་མེད་ངང་མདུན་དུ་སྐྱོད་རྒྱུར་སྐུལ་སློང་བྱེད་པ་བཅས་བྱས་ནས་ཏང་གི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་དེ་ཡིན།
ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་ལ་ངས་ཡུལ་དུས་མང་པོར་བླང་བྱ་བཏོན་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ངས་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་གཞི་སྐོར་གྱི་ཏང་ཀྲུང་དབྱང་གི་བསམ་གཞིག་གླེང་སྐབས། ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་གསུམ་པ་གཏན་འབེབས་བྱེད་པའི་དགོས་ངེས་ཀྱི་རང་བཞིན་དང་། གལ་ཆེའི་རང་བཞིན། ཁོང་དུ་ཆུད་དགོས་པའི་གནད་དོན་གཙོ་བོ་བཅས་ནན་བཤད་བྱས་པ་ཡིན། ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ངས་འདི་ལྟར་ནན་བཤད་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་ཕྱོགས་བསྡོམས་བྱེད་པའི་དོན་སྙིང་གལ་ཆེན་གཏིང་ཟབ་མོར་ངོས་འཛིན་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ཐོག་མའི་བསམ་འདུན་དང་ལས་འགན་གཏིང་ཟབ་མོར་ངོས་འཛིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་གཏིང་ཟབ་མོར་ངོས་འཛིན། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་གཏིང་ཟབ་མོར་ངོས་འཛིན། ལོ་རྒྱུས་མེ་ལོང་བྱས་ནས་འབྱུང་འགྱུར་གསར་འབྱེད་བྱེད་པའི་བླང་བྱ་གལ་ཆེན་གཏིང་ཟབ་མོར་ངོས་འཛིན་བཅས་བྱེད་དགོས་པ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ་ཏང་གི་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་དང་གཙོ་ཐིག་དང་གཙོ་རྒྱུན་གྱི་ངོ་བོ་ཡང་དག་པར་ཁོང་དུ་ཆུད་དགོས་པ། ཏང་གི་འབད་འཐབ་ལོ་རྒྱུས་ཀྱི་བརྒྱུད་རིམ་ལས་བློ་གྲོས་དང་སྟོབས་ཤུགས་སྡུད་ལེན་བྱེད་དགོས་པ། ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། རང་རྟོགས་ངང་ཕུགས་བསམ་དང་དད་སེམས་བརྟན་སྲུང་བྱེད་དགོས་པ། ཏང་གི་ཆབ་སྲིད་འཛུགས་སྐྲུན་རྒྱུན་འཁྱོངས་དང་། ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་ཐོག་མཐའ་བར་གསུམ་དུ་འཛིན་སྐྱོང་བྱེད་དགོས་པ། འགན་འཁྲི་འཁུར་སེམས་བརྟན་དུ་གཏོང་བ་དང་། འཐབ་རྩོད་རླབས་པོ་ཆེ་བྱེད་པའི་བློ་སྟོབས་དང་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། རང་ཉིད་གསར་བརྗེ་རྒྱུན་འཁྱོངས་དང་། ཏང་གི་ངོ་བོ་དང་ཁ་མདོག་དང་བྲོ་བ་མི་འགྱུར་བ་འགན་ལེན་ཏན་ཏིག་བྱེད་དགོས་པ་བཅས་ཡིན། ཡུན་རིང་མ་འགོར་བའི་སྔོན་ལ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་སྐབས། ངས་ཏང་གི་ལོ་རྒྱུས་ཕྱོགས་བསྡོམས་དང་། སློབ་སྦྱོང་། སློབ་གསོ། དྲིལ་བསྒྲགས་བཅས་བྱེད་པ་ནི་ལོ་རྒྱུས་ཀྱི་གདེང་ཚོད་ཆེ་རུ་སྐྱེད་པ་དང་། མཐུན་སྒྲིལ་གཅིག་གྱུར་བྱེད་ཤུགས་ཆེ་རུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ་བཅས་ཀྱི་ཆེད་དུ་ཡིན་ཞེས་ནན་བཤད་བྱས་པ་ཡིན་ལ། ལྷག་པར་དུ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་རང་རྟོགས་ངང་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་བཅས་དོན་དངོས་དང་འཚམ་པོ་ཡོང་བ་འགན་ལེན། འགོ་ཁྲིད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བཅས་བྱེད་དགོས་ཞེས་ནན་བཤད་བྱས་པ་ཡིན།
ཐེངས་འདིར་འཚོགས་པ་ནི་ཆེད་དོན་ཞིབ་གྲོས་འཛིན་གྲྭ་ཡིན་པས་ངས་ལྷན་རྒྱས་དང་མཉམ་གཅིག་ཏུ་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ཞིབ་ཀློག་བྱེད་པའི་རྨང་གཞིའི་ཐོག་གནད་དོན་5གཙོ་གནད་དུ་བཟུང་ནས་གླེང་རྒྱུ་ཡིན།
གནད་དོན་དང་པོ། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་སྐུལ་འདེད་གཏོང་དགོས་པའི་སྐོར།
མི་རིགས་ཤིག་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་དགོས་ན། རིགས་པའི་གཞུང་ལུགས་ཀྱི་བསམ་གཞིག་སྐད་ཅིག་ཙམ་ལ་ཡང་མེད་དུ་མི་རུང་བ་དང་། ཡང་དག་པའི་བསམ་བློའི་སློབ་སྟོན་སྐད་ཅིག་ཙམ་ལ་ཡང་མེད་དུ་མི་རུང་། ཀྲུང་གོའི་གུང་ཁྲན་ཏང་འཇོན་པོ་ཡོད་དོན་གང་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་པོ་ཡོད་དོན་གང་ཡིན་ཞེ་ན། མཐར་གཏུགས་ན་མར་ཁེ་སི་རིང་ལུགས་འཕེར་པོ་ཡོད་པས་རེད། མར་ཁེ་སིའི་རིང་ལུགས་འཕེར་པོ་ཡོད་དོན་ནི། ཏང་གིས་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་མུ་མཐུད་སྐུལ་འདེད་བཏང་བ་མ་ཟད་ལག་ལེན་ལ་སློབ་སྟོན་བྱེད་པར་སྤྱད་པའི་དབང་གིས་རེད།
ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ཀྱིས་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་བརྒྱུད་རིམ་དུ་ཏང་གིས་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་མུ་མཐུད་སྐུལ་འདེད་བཏང་བའི་སྐོར་ལ་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས་ཏེ། མའོ་ཙེ་ཏུང་གི་དགོངས་པ་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྲུང་གོ་རུ་གསར་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་བཀོལ་སྤྱོད་དང་འཕེལ་རྒྱས་བཏང་བ་ཞིག་ཡིན་པ་དང་། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ལོ་རྒྱུས་རང་བཞིན་གྱི་འཕུར་མཆོང་དང་པོ་ཡིན་པ་ནན་བཤད་བྱས་ཡོད་པ་དང་། སྒྱུར་བཅོས་སྒོ་འབྱེད་ཀྱི་ལག་ལེན་ནང་དུ་ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་གསར་དུ་བཏོད་པ་དང་། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ཆགས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆགས་པ་བཅས་ཀྱི་ཐོག་ནས། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་འཕུར་མཆོང་གསར་པ་མངོན་དུ་གྱུར་པ་ནན་བཤད་བྱས་ཡོད་ལ། དུས་རབས་གསར་པར་སླེབས་རྗེས་ཏང་གིས་རང་གཏོད་རང་བཞིན་ལྡན་པའི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཏོད་དེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་འཕུར་མཆོང་གསར་པ་མངོན་དུ་གྱུར་པ་ནན་བཤད་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ཀྱིས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་ཕྱོགས་བསྡོམས་བྱེད་སྐབས་ནན་བཤད་བྱས་དོན། ཏང་གིས་མི་དམངས་ལ་འགོ་ཁྲིད་དེ་འཚོལ་ཞིབ་བྱེད་ཐེངས་རེ་རེ་དང་། བར་ཆད་བྱུང་ཐེངས་རེ་རེ། གསར་འབྱེད་བྱེད་ཐེངས་རེ་རེར་ཀྲུང་གོའི་ཆབ་སྲིད་ཀྱི་སྟོབས་ཤུགས་སྣ་ཚོགས་ཀྱིས་འགྲུབ་མི་ཐུབ་པའི་ལས་འགན་དཀའ་ཚེགས་ཅན་ལེགས་པར་འགྲུབ་ཐུབ་དོན་ནི། རྩ་བའི་ཐོག་ནས་བཤད་ན་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱ་རྒྱུ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་དང་། ལག་ལེན་ནི་བདེན་དོན་ཡིན་མིན་ཞིབ་བཤེར་བྱེད་པའི་ཚད་གཞི་ཉག་ཅིག་ཡིན་པ་རྒྱུན་འཁྱོངས། བྱ་བ་གང་སྒྲུབ་ཚང་མ་དངོས་ཡོད་ནས་འགོ་རྩོམ་པ་རྒྱུན་འཁྱོངས། དུས་རབས་ཀྱི་དྲི་བ་དང་མི་དམངས་ཀྱི་དྲི་བར་དུས་ཐོག་ཏུ་ལན་བཏབ་པ། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་མུ་མཐུད་སྐུལ་འདེད་བཏང་བ་བཅས་བྱས་ཡོད་པའི་དབང་གིས་རེད། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་བརྒྱུད་རིམ་ལས་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་དབྱེ་ཞིབ་དང་ཞིབ་འཇུག་དང་ཕྱོགས་བསྡོམས་བྱེད་པར་མཐོང་ཆེན་བྱ་རྒྱུ་ནི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ནང་དཀྱུས་གཅིག་ཏུ་བསྟར་བའི་ནང་དོན་གལ་ཆེན་ཞིག་ཡིན་པས། ང་ཚོས་ངེས་པར་དུ་གཏིང་ཟབ་མོར་སློབ་སྦྱོང་དང་ཕྱོགས་ཡོངས་ནས་གོ་བ་ལོན་པ་བྱེད་དགོས།
ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ནི། མར་ཁེ་སིའི་རིང་ལུགས་ཀྱིས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་ཁ་ཕྱོགས་གསལ་པོ་བསྟན་ཡོད་པ་དང་། དེ་ནི་ང་ཚོས་འཇིག་རྟེན་ངོས་འཛིན་དང་། ཆོས་ཉིད་ཁོང་དུ་ཆུད་པ། བདེན་དོན་བརྩོན་གཉེར། འཇིག་རྟེན་བསྒྱུར་བཀོད་བཅས་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ཆེན་ཞིག་ཡིན། མིའི་རིགས་ཀྱི་བསམ་བློའི་ལོ་རྒྱུས་སྟེང་མར་ཁེ་སིའི་རིང་ལུགས་ལྟ་བུ་མིའི་རིགས་ལ་ཤུགས་རྐྱེན་དེ་འདྲའི་རྒྱ་ཆེ་ཞིང་གཏིང་ཟབ་པ་བཞག་པའི་བསམ་བློ་དང་རིགས་པའི་གཞུང་ལུགས་གཅིག་ཀྱང་མེད། 《གུང་ཁྲན་ཏང་གི་བསྒྲགས་གཏམ་》སྤེལ་བ་ནས་ད་ལྟའི་བར་དུ། དུས་རབས་ལ་འཕོ་འགྱུར་ཇི་འདྲ་ཞིག་བྱུང་བ་དང་། ཚན་རིག་ཡར་ཐོན་ཇི་འདྲ་ཞིག་བྱུང་ན་ཡང་། མར་ཁེ་སི་རིང་ལུགས་ཀྱིས་སྔར་བཞིན་དྲང་བདེན་དང་བདེན་དོན་གྱི་བཙན་ས་ཟིན་ཡོད། དེར་བརྟེན་ང་ཚོས་མར་ཁེ་སིའི་རིང་ལུགས་ནི་ང་ཚོའི་ཏང་དང་རྒྱལ་ཁབ་འཛུགས་པའི་རྩ་བའི་སློབ་སྟོན་བསམ་བློ་ཡིན་ལ། ཏང་གི་བླ་སྲོག་དང་དར་ཆ་ཡང་ཡིན་ཞེས་བཤད་ཀྱི་ཡོད། དེ་དང་ཆབས་ཅིག་ཏུ་ང་ཚོས་ཤེས་དགོས་པ་ཞིག་ནི། མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ནི་ལུང་འཛིན་ཞིག་མིན་པར་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན་པས། ངེས་པར་དུ་ལག་ལེན་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་འཕེལ་རྒྱས་གཏོང་དགོས། མར་ཁེ་སིའི་རིང་ལུགས་ཀྱིས་ལག་ལེན་ཁྲོད་ནུས་པ་འདོན་ཐུབ་མིན་གྱི་འགག་རྩ་ནི་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དངོས་ཡོད་དང་དུས་རབས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱེད་ཐུབ་མིན་ལ་ཐུག་ཡོད།
ཀྲུང་གོ་རྙིང་པ་ནི་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་དཔལ་འབྱོར་དང་། ཚན་རྩལ། རིག་གནས་བཅས་ཧ་ཅང་རྗེས་ལུས་ཡིན་པ་མ་ཟད། མི་འབོར་མང་བའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། འགྲོ་ལམ་གང་འདྲ་ཞིག་བདམས་ན་ད་གཟོད་ཀྲུང་གོའི་གསར་བརྗེར་རྒྱལ་ཁ་འཐོབ་ཐུབ་བམ་ཞེས་པ་དེ་ནི་མར་ཁེ་སིའི་རིང་ལུགས་བྱུང་འཕེལ་ལོ་རྒྱུས་སྟེང་སྔར་བྱུང་མ་མྱོང་བའི་དཀའ་གནད་ཅིག་རེད། ལོ་ན་གཞོན་པའི་ཀྲུང་གོའི་གུང་ཁྲན་ཏང་གིས་སྐབས་ཤིག་རིང་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེའི་སྐོར་གྱི་སྤྱིར་བཏང་གི་རྩ་བའི་རིགས་པ་སླ་བཅོས་ཀྱིས་འདྲ་བཤུ་དང་ཨུ་རུ་སུའི་ཟླ་བ་བཅུ་པའི་གསར་བརྗེའི་གྲོང་ཁྱེར་གྱི་དྲག་པོའི་འོས་ལངས་ཀྱི་ཉམས་མྱོང་འདྲ་སྤོ་བྱས་པ་ལས་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཀྲུང་གོའི་གསར་བརྗེའི་དོན་དངོས་ལ་བསམ་གཞིག་དཔྱིས་ཕྱིན་པ་ཞིག་མ་བྱས་པས། ཀྲུང་གོའི་གསར་བརྗེར་བར་ཆད་ཆེན་པོ་བཟོས་པ་རེད། བློ་མཐུན་མའོ་ཙེ་ཏུང་ནི་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་གྱི་རླབས་ཆེན་གསར་འབྱེད་མཁན་ཡིན་ཏེ། ཁོང་གིས་གསར་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དངོས་ཡོད་དང་ཟུང་འབྲེལ་བྱ་རྒྱུའི་གནད་དོན་རབ་དང་རིམ་པ་ཐག་གཅོད་མཛད་པ་རེད། ཁོང་གིས་1938ལོའི་ཏང་གི་རྒྱས་འཛོམས་བྱེད་པའི་སྐབས་དྲུག་པའི་ཀྲུང་ཨུ་གྲོས་ཚོགས་ཐེངས་དྲུག་པའི་ཐོག་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་བརྗོད་གཞི་སྔ་ཤོས་སུ་བཏོན་གནང་བ་སྟེ། “མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བ་བྱས་ནས། དེ་ཉིད་ཀྱི་མཚོན་ཚུལ་རེ་རེའི་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པ་བྱེད་དགོས། ཡང་ཅིག་བཤད་ན། ཀྲུང་གོའི་ཁྱད་ཆོས་ལ་གཞིགས་ནས་དེ་ཉིད་བཀོལ་སྤྱོད་བྱེད་དགོས་པ་དང་། དེ་ཉིད་ཏང་ཡོངས་ཀྱིས་འཕྲལ་མར་རྒྱུས་ལོན་བྱ་རྒྱུར་ཐུག་ཡོད་པ་མ་ཟད་འཕྲལ་མར་ཐག་གཅོད་དགོས་རྒྱུར་ཐུག་པའི་གནད་དོན་ཞིག་ཏུ་འགྱུར་བ་བྱེད་དགོས། ” ཀྲུང་གོ་གསར་པ་དབུ་བརྙེས་རྗེས། བློ་མཐུན་མའོ་ཙེ་ཏུང་གིས་སུའུ་ལེན་མེ་ལོང་བྱས་ཏེ། མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་དངོས་ཡོད་གནས་ཚུལ་དང་“ཟུང་འབྲེལ་ཐེངས་གཉིས་པ་”བྱེད་དགོས་པ་དང་། “ཕྱོགས་གང་ཅིའི་ཐད་ནས་ཀྲུང་གོའི་གནས་ཚུལ་ལྟར་བྱ་བ་ཇི་ལྟར་བསྒྲུབ་རྒྱུར་བསམ་བློ་གཏོང་དགོས་”ཞེས་བཏོན་གནང་བ་དང་། ཀྲུང་གོའི་གནས་ཚུལ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་འགྲོ་ལམ་རང་ཚུགས་ཀྱིས་འཚོལ་ཞིབ་གནང་། སྒྱུར་བཅོས་སྒོ་འབྱེད་ཀྱི་དུས་སྐབས་གསར་པར་སླེབས་རྗེས། ཏང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་མོ་བྱས་པ་དང་། བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་གཏིང་ཟབ་མོར་གསལ་སྟོན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གཞི་རྩའི་ལམ་ཕྱོགས་གཏན་འབེབས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་སྒྱུར་བཅོས་དམིགས་འབེན་དང་གཞི་རྩའི་སྒྲོམ་གཞི་གཏན་འབེབས་སོགས་བྱས་པ་རེད། སྒྱུར་བཅོས་སྒོ་འབྱེད་བྱས་མ་ཐག་པའི་དུས་སུ། ང་ཚོས་རྒྱུན་དུ་“ཁྲག་ལམ་ཞིག་གཏོད་ཤོག་”ཅེས་བཤད་ཀྱི་ཡོད་མོད། འོན་ཀྱང་ཁྲག་ལམ་ཅིག་གཏོད་པར་ཡང་རིགས་པའི་གཞུང་ལུགས་ཀྱི་ཁྲིད་སྟོན་དགོས་པ་རེད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་དུ་ཏང་གིས་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་མུ་མཐུད་སྐུལ་འདེད་བཏང་མེད་ན། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐྱེ་སྟོབས་ཀྱི་དཔལ་རྒྱས་མི་སྲིད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་གིས་རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་གསར་པར་ཕྱོགས་ཡོངས་ནས་ལྟ་ཞིབ་བྱས་ཏེ། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་དུ་སྦྲེལ་བའི་ཐོག་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཇི་འདྲ་ཞིག་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཇི་ལྟར་བྱས་ནས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཇི་འདྲ་ཞིག་འཛུགས་སྐྲུན་བྱེད་དགོས་པ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཇི་ལྟར་བྱས་ནས་འཛུགས་སྐྲུན་བྱེད་དགོས་པ། དུས་ཡུན་རིང་པོར་སྲིད་དབང་སྐྱོང་བའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གང་འདྲ་ཞིག་འཛུགས་སྐྲུན་བྱེད་དགོས་པ། དུས་ཡུན་རིང་པོར་སྲིད་དབང་སྐྱོང་བའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཇི་ལྟར་བྱས་ནས་འཛུགས་སྐྲུན་བྱེད་དགོས་པ་སོགས་ཀྱི་དུས་རབས་ཀྱི་བརྗོད་གཞི་གལ་ཆེན་དག་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་དྲིས་ལན་བཏབ་སྟེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་འཕོ་འགྱུར་འབྱུང་བར་ཚན་རིག་གི་རིགས་པའི་གཞུང་ལུགས་ཀྱི་སློབ་སྟོན་འདོན་སྤྲོད་བྱས་ཡོད། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་པ་དང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་རྒྱུན་རྣམ་གསར་པར་སླེབས་པ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་བསྟུན་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་འཛུགས་པ་བཅས་བྱེད་དགོས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད། ཐོན་ཁུངས་བགོ་སྒྲིག་ཁྲོད་ཚོང་རས་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་པ་དང་སྲིད་གཞུང་གི་ནུས་པ་འདོན་སྤེལ་གང་ལེན་བྱེད་དགོས་པ། དབུལ་བྲལ་འགག་སྒྲོལ་གྱི་རྒྱལ་ཕམ་ཐག་གཅོད་པའི་དམག་འཐབ་རྒྱག་དགོས་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་དགོས་པ། གོ་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཅས་བྱེད་དགོས་པ། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་སྐུལ་སྤེལ་དང་། མི་དམངས་ཡོངས་རྫོགས་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བྱེད་དགོས་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས། དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་གཏོང་བའི་དམིགས་འབེན་དང་འཐབ་ཇུས། ཀྲུང་དབྱང་གིས་ཞང་ཀང་དང་ཨའོ་མོན་ལ་ཕྱོགས་ཡོངས་ནས་བདག་སྐྱོང་བྱེད་དབང་སྲུང་སྐྱོང་དང་ལག་བསྟར། མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་འཛུགས་པ། “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་འདེད་དང་། རྒྱལ་སྤྱིའི་འབྲེལ་བ་དཔེ་གསར་ཅན་འཛུགས་པར་སྐུལ་འདེད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཅས་བྱེད་དགོས་པ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུའི་འཐབ་ཇུས་ཀྱི་བྱེད་ཕྱོགས་ལག་བསྟར། རང་ངོས་གསར་བརྗེ་རླབས་པོ་ཆེ་བྱེད་པར་བརྟེན་ནས་སྤྱི་ཚོགས་ཀྱི་གསར་བརྗེ་རླབས་པོ་ཆེར་སྣེ་ཁྲིད་བཅས་བྱེད་དགོས་པ་ལ་སོགས་པ་བཏོན་པ་ཚང་མ་ནི། དེང་རབས་ཀྱི་ཀྲུང་གོ་དང་ད་ལྟའི་འཛམ་གླིང་གི་འཕེལ་རྒྱས་དང་འགྱུར་ལྡོག་ལ་དམིགས་ཏེ། དུས་བབ་ལ་རྟོག་དཔྱོད་དང་། ཚན་རིག་དང་མཐུན་པར་བརྡར་གཅོད། བསམ་གཞིག་ཟབ་མོ་བཅས་བྱས་ཏེ་བཏོན་པ་ཞིག་ཡིན་ཏེ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་ཚན་རིག་གི་རིགས་པའི་གཞུང་ལུགས་ཀྱི་སློབ་སྟོན་འདོན་སྤྲོད་བྱས་ཡོད།
མགྱོགས་མྱུར་ངང་འགྱུར་ལྡོག་འབྱུང་བའི་འཛམ་གླིང་དང་ཀྲུང་གོའི་མདུན་དུ་གལ་སྲིད་སྔར་སྲོལ་མཁྲེགས་འཛིན་དང་བསམ་བློ་རེངས་པོར་གྱུར་པ་དང་། རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་བློ་སྟོབས་མེད་པ། ཀྲུང་གོའི་དྲི་བ་དང་། འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ། དུས་རབས་ཀྱི་དྲི་བ་བཅས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དྲིས་ལན་འདེབས་མི་ཐུབ་པ་བཅས་བྱུང་ན། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་མུ་མཐུད་མདུན་སྐྱོད་བྱེད་ཐབས་མེད་པ་མ་ཟད། མར་ཁེ་སིའི་རིང་ལུགས་ཀྱི་སྐྱེ་སྟོབས་དང་གོ་སྐོན་བློ་འགུག་གི་ནུས་པའང་ཤོར་ངེས་རེད། མར་ཁེ་སིའི་རིང་ལུགས་ཀྱིས་ཀྲུང་གོར་འགྱུར་ལྡོག་ཟབ་མོ་བཏང་ཡོད་ལ། ཀྲུང་གོས་ཀྱང་མར་ཁེ་སིའི་རིང་ལུགས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། དེར་བརྟེན་ཀྲུང་གོའི་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་གླེང་བའི་སྐབས་སུ། ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ནང་། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་མུ་མཐུད་དེ་ལེགས་གྲུབ་བྱུང་བས། མར་ཁེ་སིའི་རིང་ལུགས་ཉིད་ཉམས་འགྱུར་གསར་རྐྱང་གི་ངོས་ནས་འཛམ་གླིང་སྟེང་འགྱིང་ངེར་གནས་ཐུབ་པ་བྱས་ཡོད་ལ། འཛམ་གླིང་གི་ཁྱབ་ཁོངས་སུ་སྤྱི་ཚོགས་རིང་ལུགས་དང་མ་རྩའི་རིང་ལུགས་གཉིས་ཏེ་འདུ་ཤེས་འཛིན་སྟངས་གཉིས་དང་སྤྱི་ཚོགས་ལམ་ལུགས་གཉིས་ཀྱི་ལོ་རྒྱུས་འཕེལ་འགྱུར་དང་འགྲན་སྡུར་དེ་སྤྱི་ཚོགས་རིང་ལུགས་ལ་ཕན་པའི་ཕྱོགས་སུ་འགྱུར་བ་ཆེན་པོ་འབྱུང་བར་བྱས་ཡོད།
ལག་ལེན་གྱི་འཕེལ་རྒྱས་ལ་ནམ་ཡང་རྫོགས་མཐའ་མེད་པས་ང་ཚོས་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་ལའང་ནམ་ཡང་རྫོགས་མཐའ་མེད། མར་ཁེ་སིའི་རིང་ལུགས་ལ་ལྟ་སྟངས་འཛིན་པའི་ཐད། ལུང་འཛིན་རིང་ལུགས་ཀྱི་རྣམ་འགྱུར་འཛིན་མི་རུང་བ་དང་། དངོས་ཕན་རིང་ལུགས་ཀྱི་རྣམ་འགྱུར་འཛིན་མི་རུང་བར། ཚན་རིག་གི་རྣམ་འགྱུར་ཐོག་ནས་ཚན་རིག་ལ་ལྟ་སྟངས་འཛིན་དགོས་པ་དང་། བདེན་དོན་གྱི་སྙིང་སྟོབས་བཅངས་ནས་བདེན་དོན་དོན་གཉེར་བྱེད་དགོས།
དེང་རབས་ཀྱི་ཀྲུང་གོས་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་ཆེས་རྒྱ་ཆེ་ཞིང་ཐུན་མོང་མ་ཡིན་པའི་ལག་ལེན་གསར་གཏོད་བྱེད་ཀྱིན་ཡོད་པས། སྒྱུར་བཅོས་འཕེལ་རྒྱས་བརྟན་བརླིང་གསུམ་གྱི་ལས་འགན་ལྗིད་མོ་དང་། འགལ་བ་ཉེན་ཁ་འགྲན་སློང་གསུམ་གྱི་གྲངས་འབོར་མང་བ། རྒྱལ་སྲིད་སྐྱོང་བའི་ཚོད་བགམ་ཆེ་བ་བཅས་ནི་སྔར་བྱུང་མ་མྱོང་བ་ཞིག་ཡིན་པ་དང་། འཛམ་གླིང་ཐོག་ལོ་ངོ་བརྒྱ་ཕྲག་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོའི་འགྱུར་བ་ཆེན་པོ་སྔར་བྱུང་མ་མྱོང་བ་ཞིག་ཡིན་ཞིང་། འཕྲལ་མར་དྲིས་ལན་གདབ་དགོས་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་སྐོར་གྱི་བརྗོད་གཞི་མང་པོ་བཏོན་ཡོད། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལས་འགན་ཇེ་ཡང་དུ་སོང་མེད་པར་སྔར་ལས་ཇེ་ལྗིད་དུ་སོང་ཡོད། ང་ཚོས་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་གནད་དུ་འཁེལ་བར་ཁོང་དུ་ཆུད་པ་དང་། མིའི་རིགས་འཕེལ་རྒྱས་ཀྱི་མདུན་གྲལ་དུ་ལངས་ཕོད་པ། མི་དམངས་ཀྱི་བསམ་འདུན་ལ་ཉན་པ། དངོས་ཡོད་ཀྱི་དགོས་མཁོར་ལན་སློག་པ། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་དང་བདེན་སྲུང་གསར་གཏོད་རྒྱུན་འཁྱོངས། མར་ཁེ་སིའི་རིང་ལུགས་རྒྱུན་འཁྱོངས་དང་མར་ཁེ་སིའི་རིང་ལུགས་འཕེལ་རྒྱས་གཏོང་རྒྱུ་གཉིས་སྔར་ལས་ལེགས་པར་གཅིག་གྱུར། མར་ཁེ་སིའི་རིང་ལུགས་ཀྱི་“མདའ་མོ་”དེ་དུས་རབས་གསར་པའི་ཀྲུང་གོའི་“འབེན་”ལ་འཕེན་རྒྱུ་རྒྱུན་འཁྱོངས། མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱ་རྒྱུ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཅས་བྱས་ཏེ། མར་ཁེ་སིའི་རིང་ལུགས་ལ་ཀྲུང་གོའི་ཁྱད་ཆོས་དང་། ཀྲུང་གོའི་ཉམས་འགྱུར། ཀྲུང་གོའི་ཉམས་བཟང་བཅས་ཀྱིས་ཕྱུག་པ་དང་། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ལེ་ཚན་གསར་པ་མུ་མཐུད་དེ་རྩོམ་དགོས།
“གནམ་ནི་གསར་ཚེ་འཁོར་བ་དང་། །མི་ནི་གསར་ཚེ་འཚོ་བའོ། །” ང་ཚོས་དངོས་ཐོག་བདེན་འཚོལ་གྱིས་འགྱུར་བའི་ཆ་དང་མི་འགྱུར་བའི་ཆ་ལ་དབྱེ་ཞིབ་དང་། དུས་བསྟུན་མདུན་སྐྱོད་ཀྱིས་ང་ཚོའི་རིགས་པའི་གཞུང་ལུགས་ལ་ལྟ་ཞིབ་བྱས་ཏེ། རྒྱུན་འཁྱོངས་བྱེད་དགོས་རིགས་རྒྱུན་འཁྱོངས་དང་། ལེགས་སྒྲིག་བྱེད་དགོས་རིགས་ལེགས་སྒྲིག །གསར་གཏོད་བྱེད་དགོས་རིགས་གསར་གཏོད་བཅས་བྱེད་དགོས་པ་ལས། སྡོང་རྩར་བསྡད་ནས་རི་བོང་སྒུག་པ་དང་གྲུ་རྟགས་ཤུལ་དུ་རལ་གྲི་འཚོལ་བ་གཏན་ནས་བྱེད་མི་རུང་། ང་ཚོས་རྒྱུན་དུ་ད་ལྟའི་འགོ་ཁྲིད་ལས་བྱེད་པར་“འཇོན་ཐང་གི་འཇིགས་སྣང་”ཞེས་པའི་གནད་དོན་ཡོད་ཅེས་བཤད་ཀྱི་ཡོད་པ་དང་། དེའི་ནང་ནས་ཆེས་རྩ་བར་གྱུར་པའི་འཇོན་ཐང་གིས་མི་འདང་བ་ནི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་ཀྱིས་མི་འདང་བ་དེ་རེད། ང་ཚོས་ཏང་གི་རིགས་པའི་གཞུང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་། གཞི་རྩའི་རྩ་དོན། གཞི་རྩའི་ལྟ་བ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་། དུས་མཚུངས་སུ་དུས་སྐབས་ངེས་ཅན་ནང་གི་བྱེ་བྲག་གི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་དེའང་འགྱུར་བ་གཏན་ནས་མེད་པ་ཞིག་ཡོང་མི་སྲིད་ཅིང་། དེ་ལས་བྱུང་བའི་བྱེ་བྲག་གི་བྱེད་ཕྱོགས་དང་སྲིད་ཇུས་ཀྱང་འགྱུར་བ་གཏན་གནས་མེད་པ་ཞིག་ཡོང་མི་སྲིད། དཔེར་ན། འཕེལ་རྒྱས་ནི་རྒྱུན་ཆད་མེད་པར་འགྱུར་ལྡོག་འབྱུང་བའི་འཕེལ་རིམ་ཞིག་ཡིན་པ་དང་། འཕེལ་རྒྱས་ཀྱི་ཁོར་ཡུག་འགྱུར་བ་མེད་པ་ཞིག་མིན་ལ། འཕེལ་རྒྱས་ཀྱི་ཆ་རྐྱེན་ཡང་འགྱུར་བ་མེད་པ་ཞིག་མིན་པས། འཕེལ་རྒྱས་ཀྱི་འདུ་ཤེས་ཀྱང་འགྱུར་བ་མེད་པ་ཞིག་མིན། ཏང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད་པས། ཏང་ཡོངས་ཀྱིས་དེ་གཞིར་བྱས་ནས་འཕེལ་རྒྱས་ལས་དོན་ལ་བསམ་གཞིག་དང་། ཇུས་འགོད། སྐུལ་འདེད་བཅས་བྱེད་དགོས་པ་ལས། ཕྱོགས་འཛོལ་དང་གཡོ་འགུལ་གཏོང་མི་རུང་།
མདོར་ན། དུས་རབས་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། ལས་དོན་ཡར་རྒྱས་འབྱུང་བཞིན་ཡོད་པས། ང་ཚོས་མར་ཁེ་སི་དང་། ཨེན་ཀེ་སི། ལེ་ཉིན་བཅས་ཀྱི་སྐབས་དེ་དུས་ཀྱི་གསུང་བཤད་སླ་བཅོས་ཀྱིས་ད་ལྟའི་ཀྲུང་གོའི་དངོས་ཡོད་སྟེང་དུ་སྤྱོད་མི་རུང་ལ། ཏང་གིས་སྔོན་ཆད་བཏོན་པའི་བྱེ་བྲག་གི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་དང་དེ་ལས་བྱུང་བའི་བྱེ་བྲག་གི་སྲིད་ཇུས་དང་ཐབས་ཚུལ་སླ་བཅོས་ཀྱིས་ད་ལྟའི་ལས་དོན་སྟེང་སྤྱོད་མི་རུང་། བསྒྲུབ་བྱའི་དོན་དག་ཚང་མ་ལོ་ངོ་བརྒྱའི་སྔོན་ལ་ཇི་ལྟར་བཤད་པ་དང་། ལོ་ངོ་བཅུ་ཕྲག་ཁ་ཤས་སྔོན་ལ་ཇི་ལྟར་བཤད་པར་ལྟོས་ཏེ་བཀག་རྒྱ་ལས་གོམ་པ་གང་ཡང་བརྒལ་མི་ཐུབ་པར་བསྟུན་རྐྱང་བྱས་ན། མདུན་སྐྱོད་ཇི་ལྟར་བྱེད་དམ། དེ་ནི་མར་ཁེ་སིའི་རིང་ལུགས་ངོ་མ་མ་རེད།
གནད་དོན་གཉིས་པ། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་ལྟེ་བའི་ལས་འགན་གནད་དུ་འཁེལ་བར་ཁོང་དུ་ཆུད་བྱེད་དགོས་པའི་སྐོར།
གནའ་མིའི་གཏམ་ལ། “སྲིད་སྐྱོང་ལུགས་ལ་མཁས་པ་དེས། །རྩ་བ་འཛིན་ཞིང་ཡན་ལག་འགྲོལ། །”ཞེས་ཟེར་བ་ལྟར། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་བརྒྱུད་རིམ་ལས་ཤེས་ཐུབ་པ་ནི། ཏང་དང་མི་དམངས་ཀྱི་བྱ་གཞག་ཉིད་ཡང་དག་པའི་ཁ་ཕྱོགས་དེད་ནས་མདུན་དུ་སྐྱོད་ཐུབ་མིན་དེ་ང་ཚོས་གནད་དུ་འཁེལ་བའི་སྒོ་ནས་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ངོས་འཛིན་དང་ཁོང་དུ་ཆུད་ཐུབ་མིན་དང་ལྟེ་བའི་ལས་འགན་གཏན་འཁེལ་བྱེད་ཐུབ་མིན་ལ་རག་ལས་ཡོད་པ་ཡིན། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་ལྟེ་བའི་ལས་འགན་བརྡར་ཤ་གནད་འཁེལ་གཅོད་ཐུབ་ཚེ། ཏང་དང་མི་དམངས་ཀྱི་བྱ་གཞག་བདེ་བླག་ངང་འཕེལ་རྒྱས་འགྲོ་ཐུབ། དེ་ལྟར་མ་བྱས་ན་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་བར་ཆད་འབྱུང་ངེས་རེད།
ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ནང་། ཏང་གིས་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་ལྟེ་བའི་ལས་འགན་འཛིན་མཁས་པོ་བྱས་ཏེ་ཁྱོན་ཡོངས་ཀྱི་ལས་ཀ་སྐུལ་ཁྲིད་བྱ་རྒྱུའི་ཐད་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་ཐོག །ཉེ་རབས་ཀྲུང་གོའི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་བཙན་རྒྱལ་རིང་ལུགས་དང་ཀྲུང་ཧྭ་མི་རིགས་བར་གྱི་འགལ་བ་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས་དང་མི་དམངས་མང་ཚོགས་བར་གྱི་འགལ་བ་ཡིན་པས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་ངེས་པར་དུ་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱེད་དགོས་པ་ནན་བཤད་བྱས་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་རྗེས། རྒྱལ་ནང་གི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་དཔལ་འབྱོར་དང་རིག་གནས་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་སྐབས་དེའི་དཔལ་འབྱོར་དང་རིག་གནས་ཀྱིས་མི་དམངས་ཀྱི་དགོས་མཁོ་སྐོང་མི་ཐུབ་པའི་གནས་ཚུལ་བར་གྱི་འགལ་བ་ཡིན་ཞིང་། རྒྱལ་ཡོངས་མི་དམངས་ཀྱི་ལས་འགན་གཙོ་བོ་ནི་སྟོབས་ཤུགས་གཅིག་སྡུད་ཀྱིས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་དང་། རྒྱལ་ཁབ་བཟོ་ལས་ཅན་དུ་འགྱུར་བ་བྱས་ནས་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་རིམ་བཞིན་སྐོང་རྒྱུ་ནན་བཤད་བྱས་པ། སྒྱུར་བཅོས་སྒོ་འབྱེད་བྱས་རྗེས་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་དང་རྗེས་སུ་ལུས་པའི་སྤྱི་ཚོགས་ཐོན་སྐྱེད་བར་གྱི་འགལ་བ་ཡིན་ཞིང་། འགལ་བ་གཙོ་བོ་འདི་ཐག་གཅོད་བྱ་རྒྱུ་ནི་ང་ཚོའི་ལྟེ་བའི་ལས་འགན་ཡིན་པ་ནན་བཤད་བྱས་པ། དུས་རབས་གསར་པའི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་དགའ་སྐྱིད་འཚོ་བའི་དགོས་མཁོ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བ་ཡིན་ཏེ། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་དང་མི་དམངས་ཡོངས་རྫོགས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་ཐད་འཕེལ་སྐྱེད་དོན་ལྡན་འཐོབ་པར་སྐུལ་འདེད་བཅས་བྱེད་དགོས་པ་ནན་བཤད་བྱས་ཡོད། ཏང་གི་ལོ་བརྒྱའི་འབད་འཐབ་བརྒྱུད་རིམ་ལས་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་ལྟེ་བའི་ལས་འགན་ལ་ལ་དབྱེ་ཞིབ་དང་ཞིབ་འཇུག་དང་ཕྱོགས་བསྡོམས་བྱེད་པར་མཐོང་ཆེན་བྱ་རྒྱུ་ནི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ནང་དཀྱུས་གཅིག་ཏུ་བསྟར་བའི་ནང་དོན་གལ་ཆེན་ཞིག་ཡིན་པས། ང་ཚོས་ངེས་པར་དུ་གཏིང་ཟབ་མོར་སློབ་སྦྱོང་དང་ཕྱོགས་ཡོངས་ནས་གོ་བ་ལོན་པ་བྱེད་དགོས།
བློ་མཐུན་མའོ་ཙེ་ཏུང་གིས་《འགལ་བའི་རྣམ་བཤད་》ནང་བསྟན་དོན། “འགལ་བའི་དོ་མི་མཉམ་པའི་གནས་ཚུལ་སྣ་ཚོགས་ལ་ཞིབ་འཇུག་བྱ་རྒྱུ་སྟེ། འགལ་བ་གཙོ་བོ་དང་འགལ་བ་གཙོ་བོ་མིན་པ་དང་། འགལ་བའི་ཕྱོགས་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོ་མིན་པ་རྣམས་ལ་ཞིབ་འཇུག་བྱ་རྒྱུ་ནི་གསར་བརྗེའི་སྲིད་ཏང་གིས་རང་གི་ཆབ་སྲིད་དང་དམག་དོན་གྱི་འཐབ་ཇུས་དང་འཐབ་རྩལ་གྱི་བྱེད་ཕྱོགས་ཡང་དག་པར་ཐག་གཅོད་བྱེད་ཐབས་ཤེས་གལ་ཆེ་བའི་གྲས་ཤིག་ཡིན་པས་གུང་ཁྲན་ཏང་མི་ཚང་མས་དེར་དོ་སྣང་བྱེད་དགོས།” ཉེ་རབས་ཚུན་དུ་ཀྲུང་གོའི་སྤྱི་ཚོགས་ཀྱི་འགལ་བ་རྙོག་འཛིང་ཆེ་བ་སྟེ། བཙན་རྒྱལ་རིང་ལུགས་དང་ཀྲུང་ཧྭ་མི་རིགས་བར་གྱི་འགལ་བ་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས་དང་མི་དམངས་མང་ཚོགས་བར་གྱི་འགལ་བ། འབྱོར་ལྡན་གྲལ་རིམ་དང་འབྱོར་མེད་གྲལ་རིམ་བར་གྱི་འགལ་བ། ལོག་སྤྱོད་དབང་སྒྱུར་གྲལ་རིམ་ནང་ཁུལ་གྱི་འགལ་བ་བཅས་ཡོད་ཅིང་། དེ་དག་ལས་བཙན་རྒྱལ་རིང་ལུགས་དང་ཀྲུང་ཧྭ་མི་རིགས་བར་གྱི་འགལ་བ་ནི་འགལ་བ་སྣ་ཚོགས་ནང་གི་འགལ་བ་གཙོ་ཆེ་ཤོས་ཡིན། གསར་བརྗེ་ཆེན་པོའི་དུས་སྐབས་སུ། ཏང་གིས་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་བཙན་རྒྱལ་རིང་ལུགས་དང་ཀྲུང་ཧྭ་མི་རིགས་ཀྱི་འགལ་བ་ཡིན་ཞེས་གསལ་པོར་བཏོན་ནས། “བཙན་དབང་རྒྱལ་ཁབ་དང་དམག་ཤེད་ཅན་རྩ་མེད་གཏོང་བ་”ཞེས་པའི་ལྟེ་བའི་ལས་འགན་གཏན་འཁེལ་བྱས་ཤིང་། མི་དམངས་ཀྱི་འགོ་ཁྲིད་དེ་གསར་བརྗེ་ཆེན་པོའི་མཐོ་རླབས་འཕྱུར་བར་བྱས། ས་ཞིང་གསར་བརྗེའི་དམག་འཁྲུག་གི་དུས་སྐབས་སུ། ཏང་གིས་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་གོ་མིན་ཏང་དམག་ཤེད་ཅན་གསར་པ་དང་མི་དམངས་མང་ཚོགས་ཀྱི་འགལ་བར་གྱུར་ཡོད་པ་ཤེས་ནས། དུས་ཐོག་ཏུ་ལྟེ་བའི་ལས་འགན་ལེགས་སྒྲིག་བྱས་ཏེ། ས་ཞིང་གསར་བརྗེ་དང་དྲག་པོའི་འཐབ་རྩོད། གནས་གཞིའི་ས་ཁུལ་འཛུགས་སྐྲུན་བཅས་བྱས། ལྗར་འགོག་དམག་འཁྲུག་ལངས་རྗེས། ཏང་གིས་ལྗར་པན་བཙན་རྒྱལ་རིང་ལུགས་དང་ཀྲུང་ཧྭ་མི་རིགས་བར་གྱི་འགལ་བ་དེ་འགལ་བ་གཙོ་བོར་གྱུར་པ་བསྟན་ཏེ། ལྗར་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་འཛུགས་རྒྱུ་དང་། ལྗར་པན་བཙན་རྒྱལ་རིང་ལུགས་རྩ་མེད་གཏོང་རྒྱུའི་ལྟེ་བའི་ལས་འགན་ལ་དམིགས་ནས། ཀྲུང་གོའི་ལྗར་འགོག་དམག་འཁྲུག་གི་མདུན་སྐྱོད་ཁ་ཕྱོགས་ལ་ཁྲིད་སྟོན་བྱས་ཤིང་། མི་རིགས་ཡོངས་ཀྱི་ལྗར་འགོག་དམག་འཁྲུག་གི་སྲོག་ཤིང་ལྟ་བུར་གྱུར་པ་རེད། བཅིངས་འགྲོལ་དམག་འཁྲུག་གི་སྐབས་སུ། ཏང་གིས་ཀྲུང་གོ་མི་དམངས་དང་ཨ་རི་བཙན་རྒྱལ་རིང་ལུགས་ཀྱིས་རྒྱབ་སྐྱོར་བྱས་པའི་གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་བར་གྱི་འགལ་བ་དེ་འགལ་བ་གཙོ་བོར་གྱུར་པ་ཤེས་ཏེ། “ཅང་ཅེ་ཧྲི་ཕམ་པར་བཏང་ནས་ཀྲུང་གོ་ཡོངས་རྫོགས་བཅིངས་འགྲོལ་གཏོང་དགོས་”ཞེས་བཏོན་པ་མ་ཟད། ལྟེ་བའི་ལས་འགན་དེའི་སློབ་སྟོན་འོག་བཅིངས་འགྲོལ་དམག་འཁྲུག་གི་རྒྱལ་ཁ་རླབས་པོ་ཆེ་བླངས་ནས་ཀྲུང་གོ་གསར་པ་བཙུགས་པ་རེད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཏང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་འགྱུར་ལྡོག་ལ་གཞིགས་ནས་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་བརྡར་ཤ་གསར་པ་རྒྱུན་ཆད་མེད་པར་བཅད་པ་མ་ཟད། རྨང་གཞི་དེའི་ཐོག་ཏང་གི་ལྟེ་བའི་ལས་འགན་བཏོན་ཞིང་། ཏང་དང་མི་དམངས་ཀྱི་བྱ་གཞག་མུ་མཐུད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱས་པ་བརྒྱུད། ཏང་གིས་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་དགའ་སྐྱིད་འཚོ་བའི་དགོས་མཁོ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བར་གྱུར་པ་ཤེས་རྟོགས་བྱུང་བ་རེད། འདི་ནི་ཏང་གིས་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བའི་ཁྱད་ཆོས་གསར་པར་གཞིགས་ནས་བཞག་པའི་འཐབ་ཇུས་ཀྱི་བརྡར་གཅོད་གནད་ཆེན་ཞིག་ཡིན། དུས་རབས་གསར་པའི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བ་དེས། ང་ཚོས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་གནས་སའི་ལོ་རྒྱུས་དུས་རིམ་ལ་བཞག་པའི་བརྡར་གཅོད་ལ་འགྱུར་ལྡོག་བྱུང་མེད་མོད། འོན་ཀྱང་དེ་ནི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འགྱུར་ལྡོག་ཞིག་ཡིན་ཏེ། རང་རྒྱལ་གྱི་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་ཁྱད་ཆོས་གསར་པ་དེ་གཙོ་གནད་དུ་བཟུང་ཡོད། ཏང་གིས་དུས་རབས་གསར་པའི་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་ལས་བྱུང་བའི་བླང་བྱ་གསར་པར་ངོས་འཛིན་གཏིང་ཟབ་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་གསུམ་དང་ལས་ཀའི་བཀོད་སྒྲིག་བཅས་གཏན་འབེབས་བྱས་པ་དང་། ཕྱོགས་གང་ཅིའི་ཐད་ནས་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་དགའ་སྐྱིད་འཚོ་བའི་དགོས་མཁོ་སྔར་ལས་ལྷག་པར་འཕར་སྣོན་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྔར་ལས་ལྷག་པར་བསྐངས་ཡོད།
རྙོག་འཛིང་ཆེ་བའི་གནས་བབ་དང་འགལ་བ་དང་། ལྗིད་རྫོབ་ཆེ་བའི་ལས་འགན་བཅས་ཀྱི་མདུན་དུ། གཙོ་ཕལ་དང་ཁྱད་པར་མི་འབྱེད་པར་རིག་རིག་ཚང་མ་ལྟད་མོ་དང་གོ་གོ་ཚང་མ་སྐད་ཆར་བརྩིས་ན་ལས་དོན་ཡག་པོ་ཞིག་སྒྲུབ་ཐུབ་ཀྱི་མ་རེད། ལྷག་པར་དུ་གལ་ཏེ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་བརྡར་གཅོད་འཛོལ་བ་ཡིན་ན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གནོད་སྐྱོན་ཚབས་ཆེན་འབྱུང་སྲིད་པ་དང་། ཐ་ན་རྩ་སློག་རང་བཞིན་གྱི་གནོད་སྐྱོན་འབྱུང་སྲིད། དཔེར་ན། སྔོན་ཆད་རང་རྒྱལ་གྱི་གྲལ་རིམ་གནས་བབ་དང་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་གནས་བབ་ལ་ནོར་འཁྲུལ་གྱིས་ཚོད་དཔག་བྱས་པས། “རིག་གནས་གསར་བརྗེ་ཆེན་པོ་”བསླངས་ནས་ལོ་བཅུའི་ནང་འཁྲུག་བྱུང་བས། ཏང་དང་རྒྱལ་ཁབ་དང་མི་དམངས་ལ་ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་གྱི་བར་ཆད་དང་གྱོང་གུན་ཚབས་ཆེན་བཟོས་པ་རེད། ང་ཚོར་ཁྱོན་ཡོངས་ཀྱི་ལྟ་བ་ཡོད་དགོས། འགལ་བ་སྣ་ཚོགས་གསལ་པོར་ཤེས་པ་བྱེད་དགོས་པ་དང་། དེ་དང་ཆབས་ཅིག་ཏུ་འགལ་བ་གཙོ་བོ་དང་ལྟེ་བའི་ལས་འགན་རྩེ་གཅིག་ཏུ་དམིགས་ནས། འགལ་བ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོ་དམིགས་བསལ་གྱིས་སྔོན་ལ་ཐག་གཅོད་བྱེད་དགོས་ཏེ། དེར་བརྟེན་ནས་འགལ་བ་གཞན་དག་ཐག་གཅོད་བྱེད་པར་སྐུལ་ཁྲིད་བྱེད་དགོས་པ་དང་། སྤྱི་ཡོངས་ལས་གཙོ་གནད་ཐོད་བརྒལ་ཡོང་བར་སྐུལ་འདེད་བྱེད་དགོས་ལ། གཙོ་གནད་ཐོད་བརྒལ་བྱུང་བའི་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་སྤྱི་ཡོངས་ནས་མཐོར་འདེགས་ཡོང་བར་སྐུལ་ཁྲིད་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་མུ་མཐུད་མདུན་སྐྱོད་བྱེད་དགོས།
གནད་དོན་གསུམ་པ། འཐབ་ཇུས་དང་ཐབས་ཇུས་ཀྱི་གནད་དོན་ལ་མཐོང་ཆེན་བྱེད་དགོས་པའི་སྐོར།
འཐབ་ཇུས་ཀྱི་གནད་དོན་ནི་སྲིད་ཏང་ཞིག་དང་རྒྱལ་ཁབ་ཅིག་གི་རྩ་བའི་གནད་དོན་ཡིན། འཐབ་ཇུས་ཀྱི་ཐོག་ནས་བརྡར་ཤ་ཡང་དག་པ་ཆོད་པ་དང་། འཐབ་ཇུས་ཀྱི་ཐོག་ནས་ཇུས་འགོད་ཚན་རིག་དང་མཐུན་པ་བྱེད་པ། འཐབ་ཇུས་ཀྱི་ཐོག་ནས་རང་དབང་ཟིན་པ་བཅས་བྱུང་ཕྱིན། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་རེ་བ་ཆེན་པོ་ཡོད་པ་རེད། ལོ་ངོ་བརྒྱ་ཡི་རིང་ལ་ཏང་གིས་ནམ་ཡང་ལོ་རྒྱུས་འཕེལ་རྒྱས་ཀྱི་འགག་རྩ་རེ་རེར་འཐབ་ཇུས་ཀྱི་ཐོག་ནས་མདུན་དུ་ལྷགས་པའི་ལོ་རྒྱུས་ཀྱི་བརྗོད་གཞི་གལ་ཆེན་ངོས་འཛིན་དང་། དབྱེ་ཞིབ། བརྡར་གཅོད་བཅས་བྱས་ཐོག །ཡང་དག་པའི་ཆབ་སྲིད་ཀྱི་འཐབ་ཇུས་དང་ཐབས་ཇུས་གཏན་འབེབས་བྱས། དེ་ནི་ཏང་གིས་ཉམས་ཉེན་དང་འགྲན་སློང་གྲངས་མེད་ལས་རྣམ་པར་རྒྱལ་བ་དང་། རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་མུ་མཐུད་བསྐྱོད་ཐུབ་པའི་འགན་ལེན་ནུས་ལྡན་ཡིན།
ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ཀྱིས་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་བརྒྱུད་རིམ་ལས་ཏང་གིས་འཐབ་ཇུས་དང་ཐབས་ཇུས་ཀྱི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ཚན་རིག་དང་མཐུན་པའི་འཐབ་ཇུས་དང་ཐབས་ཇུས་མུ་མཐུད་བཏོན་པའི་སྐོར་ལ་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས་ཏེ། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ་ཏང་གིས་གྲོང་ཁྱེར་ཆེན་པོར་རྒོལ་བ་ནས་གྲོང་གསེབ་ཏུ་དཔུང་འཇུག་བྱེད་པར་བསྒྱུར་བ་ནི་ཀྲུང་གོའི་གསར་བརྗེའི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པའི་འགོ་རྩོམ་ས་གསར་པ་ཞིག་ཡིན་པ་དང་། ཏང་གིས་ཡང་དག་པའི་ལྗར་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་ལག་བསྟར་དང་། རྒྱུན་སྲིང་དམག་འཁྲུག་གི་འཐབ་ཇུས་ཀྱི་སྤྱིའི་བྱེད་ཕྱོགས་དང་ཆ་ཚང་བའི་མི་དམངས་དམག་འཁྲུག་གི་འཐབ་ཇུས་དང་འཐབ་རྩལ་བཏོན་པ་དང་ལག་བསྟར། གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་གིས་བསླངས་པའི་ཕྱོགས་ཡོངས་ཀྱི་ནང་འཁྲུག་གི་མདུན་དུ་ཏང་གིས་རྒྱ་ཆེའི་དམག་དམངས་ལ་འགོ་ཁྲིད་བྱས་ཏེ་རིམ་གྱིས་འགོག་སྲུང་ཧུར་ཐག་བྱེད་པ་ནས་དང་འཐབ་ཇུས་ཀྱི་ཕར་རྒོལ་བྱེད་པར་བསྒྱུར་བ་བཅས་ནན་བཤད་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་དུས་སྐབས་སུ་ཏང་གིས་དམངས་གཙོ་རིང་ལུགས་གསར་པ་ནས་སྤྱི་ཚོགས་རིང་ལུགས་སུ་འཕོ་འགྱུར་ཡོང་བར་སྐུལ་འདེད་དང་། ཆབ་སྲིད་དང་། དཔལ་འབྱོར། དམག་དོན་སོགས་ཀྱི་ཐད་ནས་འཐབ་ཇུས་དང་ཐབས་ཇུས་རབ་དང་རིམ་པ་བཏོན་པ། བར་བརྒལ་དུས་སྐབས་ཀྱི་སྤྱིའི་ལམ་ཕྱོགས་བཏོན་པ། དུས་བབ་དང་བསྟུན་ནས་ཕྱི་འབྲེལ་འཐབ་ཇུས་ལེགས་སྒྲིག །འཛམ་གླིང་ཁག་གསུམ་དུ་དབྱེ་བའི་འཐབ་ཇུས་བཏོན་པ། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་བ་ལ་སོགས་པ་ནན་བཤད་བྱས་ལ། སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་གསར་པའི་ནང་ཏང་གིས་འགོ་ཁྲིད་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ལྟེ་གནད་འཐབ་ཇུས་ཐོག་ནས་སྤོ་སྒྱུར་བྱས་པ་དང་། དུས་རབས་21པའི་དུས་དཀྱིལ་བར་གོམ་པ་གསུམ་དུ་ཕྱེ་ནས་བགྲོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་གཏན་འབེབས་བྱས་པ་དང་། ཞི་བདེ་དང་འཕེལ་རྒྱས་ནི་ད་ལྟའི་དུས་རབས་ཀྱི་བརྗོད་དོན་ཡིན་པ་བཏོན་པ་ནན་བཤད་བྱས་ཡོད། དུས་རབས་གསར་པར་སླེབས་རྗེས་ཏང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་ཐོག་ལོ་ངོ་བརྒྱ་ཕྲག་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་གཅིག་འདོམས་ཀྱིས་སྟངས་འཛིན་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་ཆེན་པོ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་གསལ་པོར་བསྟན་པ། འཐབ་རྩོད་རླབས་པོ་ཆེ་དང་། ལས་གྲྭ་རླབས་པོ་ཆེ། བྱ་གཞག་རླབས་པོ་ཆེ། ཕུགས་འདུན་རླབས་པོ་ཆེ་བཅས་སྡེབ་འཛིན། “འདུ་ཤེས་བཞི་”ཆེ་རུ་སྐྱེད་པ་དང་། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”ཐུབ་པ་བྱེད་རྒྱུ་བཅས་བཏོན་པ། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་དགོས་པ་དང་། “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས་པ་བཏོན་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་དགོས་པ། རང་གཏོད་རང་བཞིན་གྱི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འཐབ་ཇུས་གསར་པ་རབ་དང་རིམ་པ་བཏོན་པ་བཅས་ནན་བཤད་བྱས་ཡོད། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་བརྒྱུད་རིམ་ལས་འཐབ་ཇུས་དང་ཐབས་ཇུས་ལ་ཞིབ་འཇུག་དང་ཤེས་རྟོགས་བྱེད་པར་དབྱེ་ཞིབ་དང་ཞིབ་འཇུག་དང་ཕྱོགས་བསྡོམས་བྱེད་པར་མཐོང་ཆེན་བྱ་རྒྱུ་ནི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ནང་དཀྱུས་གཅིག་ཏུ་བསྟར་བའི་ནང་དོན་གལ་ཆེན་ཞིག་ཡིན་པས། ང་ཚོས་ངེས་པར་དུ་གཏིང་ཟབ་མོར་སློབ་སྦྱོང་དང་ཕྱོགས་ཡོངས་ནས་གོ་བ་ལོན་པ་བྱེད་དགོས།
འཐབ་ཇུས་ནི་ཁྱོན་ཡོངས་དང་། ཕུགས་རིང་། འཕེལ་ཕྱོགས་བཅས་ལ་གཞིགས་ནས་བརྡར་གཅོད་དང་ཇུས་གཅོད་བྱས་པ་ཞིག་ཡིན། བློ་མཐུན་མའོ་ཙེ་ཏུང་གིས་གསོན་ཉམས་ལྡན་པའི་སྒོ་ནས་གནད་དོན་དེའི་སྐོར་གསུངས་མྱོང་ཡོད་དེ། “བཀོད་འདོམས་སྡིངས་ཆའི་སྟེང་བསྡད་ནས་གལ་ཏེ་ཅི་ཡང་མི་མཐོང་ན། དེར་འགོ་ཁྲིད་ཅེས་ཟེར་མི་རུང་། བཀོད་འདོམས་སྡིངས་ཆའི་སྟེང་བསྡད་ནས་ས་གཞིའི་སྟེང་བྱུང་ཟིན་པའི་ཡོངས་ཁྱབ་ཀྱི་བྱ་དངོས་འབོར་ཆེན་ཁོ་ན་ལས་མི་མཐོང་ན། དེ་ནི་སྤྱིར་བཏང་བའི་བྱེད་སྟངས་ཤིག་ཏུ་ཟད་པས། དེའང་འགོ་ཁྲིད་ལ་བརྩི་མི་རུང་། གསལ་རྗེན་དུ་བསྟན་པའི་བྱ་དངོས་འབོར་ཆེན་ད་དུང་མ་བྱུང་བའི་སྐབས་སུ་དང་། དར་ཤིང་གི་རྩེ་མོ་ཕྱི་ལ་བུད་མ་ཐག་པའི་སྐབས་སུ། དེ་ནི་ཡོངས་ཁྱབ་ཀྱི་བྱ་དངོས་འབོར་ཆེན་དུ་འཕེལ་རྒྱས་འགྲོ་ངེས་པ་མཐོང་ཐུབ་པ་མ་ཟད། དེ་ཉིད་སྟངས་འཛིན་ཐུབ་པ་ཡིན་ན། དེ་ལ་ད་གཟོད་འགོ་ཁྲིད་ཅེས་ཟེར།” བློ་མཐུན་མའོ་ཙེ་ཏུང་གིས་གསུངས་པའི་འགོ་ཁྲིད་ནི་འཐབ་ཇུས་ཀྱི་འགོ་ཁྲིད་རེད།
ལྗར་པན་གྱིས་ཕྱོགས་ཡོངས་ནས་ཀྲུང་གོར་བཙན་འཛུལ་བྱེད་པའི་དམག་འཁྲུག་བསླངས་པའི་རྗེས་སུ། ཀྲུང་ཧྭ་མི་རིགས་ལ་སྔར་བྱུང་མ་མྱོང་བའི་ཉམས་ཉེན་འཕྲད་པ་དང་། དམག་འཁྲུག་ལ་རྒྱལ་ཁ་ལེན་ཐུབ་བམ། རྒྱལ་ཁ་ཇི་ལྟར་ལེན་ནམ། དེ་ནི་རྒྱལ་ཡོངས་མི་དམངས་ཀྱི་སེམས་ཁུར་ཆེ་ཤོས་ཀྱི་གནད་དོན་དུ་གྱུར། བློ་མཐུན་མའོ་ཙེ་ཏུང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་གནད་དོན་དེར་དྲིས་ལན་གནང་བ་སྟེ། ཁོང་གིས་1938ལོར་སྤེལ་བའི་《རྒྱུན་སྲིང་དམག་འཁྲུག་སྐོར་བཤད་པ་》ཞེས་པའི་རྩོམ་ཡིག་ནང་། དགྲ་བོ་སྟོབས་ཆེ་ལ་རང་ཉིད་སྟོབས་ཞན་པ་དང་། དགྲ་བོ་མར་འགྲོ་དང་རང་ཉིད་ཡར་འགྲོ་ཡིན་པ། དགྲ་བོའི་མངའ་ཁོངས་ཆུང་ལ་མི་འབོར་ཉུང་བ་དང་རང་རྒྱལ་གྱི་མངའ་ཁོངས་ཆེ་ལ་མི་འབོར་མང་བ། དགྲ་བོར་བདེན་མེད་པ་ལ་རོགས་ཉུང་བ་དང་རང་ཉིད་ལ་བདེན་ཡོད་པ་བཅས་ཏེ། ལྗར་འགོག་དམག་འཁྲུག་གི་ཁྱད་ཆོས་བཞི་པོར་དབྱེ་ཞིབ་མཛད་དེ། ལྗར་འགོག་དམག་འཁྲུག་དེ་འགོག་སྲུང་བྱེད་པ་ནས་ཕན་ཚུན་སྲ་འཛིན་བྱེད་པའི་བར་དང་། མཐར་ཕར་རྒོལ་བྱེད་པའི་བར་གྱི་དུས་རིམ་གསུམ་པོ་གནད་དུ་འཁེལ་བའི་སྒོ་ནས་སྔོན་དཔག་མཛད་པ་དང་། ལྗར་འགོག་དམག་འཁྲུག་གི་རྒྱལ་ཁ་ལེན་པའི་རྒྱབ་རྟེན་སྟོབས་ཤུགས་དང་འཐབ་ཇུས་དང་འཐབ་རྩལ་རྒྱུད་རིམ་ལྡན་པའི་སྒོ་ནས་བཏོན་གནང་བས། རྒྱལ་ཡོངས་མི་དམངས་ཀྱིས་ལྗར་འགོག་དམག་འཁྲུག་གི་འཕེལ་རིམ་དང་མདུན་ལམ་ལ་ངོས་འཛིན་གསལ་པོ་བྱེད་དུ་བཅུག་ལ། རྒྱལ་ཡོངས་དམག་དམངས་ཀྱིས་ལྗར་འགོག་དམག་འཁྲུག་རྒྱུན་འཁྱོངས་བྱེད་པའི་ཡིད་ཆེས་ཇེ་བརྟན་དུ་བཏང་བ་རེད།
1945ལོར་ཏང་གི་ཚོགས་ཆེན་ཐེངས་བདུན་པའི་ཐོག་ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས་ཏང་གི་འཕེལ་རྒྱས་ཀྱི་མདུན་ལམ་སྐོར་གྲོས་བསྡུར་བྱེད་སྐབས། བློ་མཐུན་མའོ་ཙེ་ཏུང་གིས་འདི་ལྟར་གསུངས་མྱོང་ཡོད་དེ། “ང་ཚོའི་ཏང་དང་། ཀྲུང་གོའི་གསར་བརྗེའི་ཉེ་དུས་ཀྱི་མདུན་ལམ་ནས་བལྟས་ན། བྱང་ཤར་ས་ཁུལ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། གལ་ཏེ་ང་ཚོས་ད་ཡོད་ཀྱི་གནས་གཞིའི་ས་ཁུལ་ཚང་མ་བོར་བརླག་ཏུ་བཏང་བ་ཡིན་ནའང་། ང་ཚོར་བྱང་ཤར་ཡོད་ན་ཀྲུང་གོའི་གསར་བརྗེར་རྨང་གཞི་བརྟན་པོ་ཞིག་ཡོད་པ་རེད། གནས་གཞིའི་ས་ཁུལ་གཞན་དག་བོར་བརླག་ཏུ་བཏང་མེད་པ་མ་ཟད། བྱང་ཤར་ཡང་བདག་ཏུ་ཡོད་ན། ཀྲུང་གོའི་གསར་བརྗེའི་རྨང་གཞི་དེ་བས་སྲ་བརྟན་དུ་གྱུར་པ་རེད།” ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས། ང་ཚོའི་ཏང་གིས་མགྱོགས་མྱུར་ངང་ལས་བྱེད་པ་ཁྲི་2དང་དམག་དཔུང་ཁྲི་11བསྡུས་ནས་བྱང་ཤར་བདག་བཟུང་བྱས་པ་དང་། ཚོགས་ཆེན་ཐེངས་བདུན་པའི་ཐོག་ཀྲུང་དབྱང་ཨུ་ཡོན་དང་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་ཁྱོན་བསྡོམས་མི་གྲངས་77བདམས་ཐོན་བྱུང་བའི་ནང་བྱང་ཤར་དུ་ལས་ཀ་བྱེད་པར་བཏང་བའི་མི་གྲངས་20ཡོད་པ་རེད། དེ་ནི་ཇི་འདྲའི་ཕུགས་རྒྱང་རིང་བའི་འཐབ་ཇུས་ཀྱི་བརྡར་གཅོད་ཅིག་རེད་ཨང་། ཕྱིས་སུ་བྱུང་བའི་འཕེལ་རྒྱས་ཀྱིས་འཐབ་ཇུས་ཀྱི་བརྡར་གཅོད་དེས་བཅིངས་འགྲོལ་དམག་འཁྲུག་གི་རྒྱལ་ཁབ་ལེན་པའི་ཐད་དུ་ནུས་པ་གལ་ཆེན་ཐོན་པ་ར་སྤྲོད་བྱས་ཡོད།
ང་ཚོ་ནི་ཏང་ཆེན་པོ་ཞིག་ཡིན་པ་དང་། རྒྱལ་ཁབ་ཆེན་པོ་ཞིག་ལ་འགོ་ཁྲིད་བྱེད་བཞིན་ཡོད་པ་དང་། བྱ་གཞག་རླབས་པོ་ཆེ་སྒྲུབ་བཞིན་ཡོད་པས། འཐབ་ཇུས་རང་བཞིན་གྱི་ནོར་འཁྲུལ་གཏན་ནས་འབྱུང་དུ་འཇུག་མི་རུང་། ཆུང་བའི་ཕྱོགས་མ་མཐོང་བའི་དབང་གིས་ནོར་འཁྲུལ་འདྲ་མིན་སྣ་ཚོགས་འབྱུང་བ་རྩ་བ་ནས་བཀག་འགོག་བྱེད་དཀའ་མོ་རེད། ཡིན་ནའང་ནོར་འཁྲུལ་དེ་རིགས་ནི་གནད་དང་དོན་དག་རེ་གཉིས་དང་འབྲེལ་བའི་གནད་དོན་ཡིན་པས། ཤུགས་རྐྱེན་ཆེན་པོ་མེད་ལ་ཡོ་བསྲང་བྱེད་སླ་མོ་རེད། གལ་ཏེ་འཐབ་ཇུས་ཐོག་ནོར་འཛོལ་བྱུང་ན། མཇུག་འབྲས་ཧ་ཅང་ཚབས་ཆེན་འབྱུང་ངེས་རེད་ལ། རིན་དོད་ཀྱང་ཧ་ཅང་ཆེན་པོ་གཏོང་དགོས་ངེས་རེད། ཏང་ལ་ཐོག་མའི་དུས་སྐབས་སུ་བརྗེད་དཀའ་བའི་བསླབ་བྱ་ཐོབ་མྱོང་། ཀྲུང་དབྱང་གསར་བརྗེའི་གནས་གཞིའི་ས་ཁུལ་དུ་“སྐོར་བཅོམ་”ངོ་རྒོལ་ཐེངས་ལྔ་པ་བྱེད་སྐབས་འཐབ་ཇུས་ཐོག་ནས་བརྡར་གཅོད་ནོར་འཛོལ་བྱུང་སྟེ། དགྲ་དང་རང་ཕྱོགས་བར་གྱི་སྟོབས་ཤུགས་ཀྱི་བསྡུར་ཚད་ཀྱི་ཧེ་བག་མ་མཐོང་བས། “དགྲ་བོ་རང་སའི་ཕྱི་རོལ་དུ་བཀག་འགོག་”བྱས་མཐར་རིན་དོད་ཧ་ཅང་ཆེན་པོ་བཏང་བ་རེད། དེར་བརྟེན། ངས་ནམ་ཡང་འགོ་ཁྲིད་ལས་བྱེད་པས་འཐབ་ཇུས་ཐོག་ནས་བསམ་གཞིག་བྱེད་མཁས་པ་དང་། འཐབ་ཇུས་ཐོག་ནས་གནད་དོན་ལ་བལྟ་རྒྱུ་དང་གནད་དོན་ལ་བསམ་བློ་གཏོང་རྒྱུ་བྱེད་མཁས་པ་བྱེད་དགོས་ཞེས་ནན་བཤད་བྱེད་ཀྱིན་ཡོད།
གནའ་མིའི་གཏམ་ལ། “ཐབས་ཇུས་སྔོན་ལ་བཏིངས་ན་གཞི་ནས་བྱས་རྗེས་ཐོན་ཡོང་གི་རེད། ཐབས་ཇུས་འདིང་བ་ལ་སླ་བཅོས་བྱེད་མི་རུང་ལ། བྱས་རྗེས་ཀྱང་སྟེས་དབང་གིས་ཐོན་པ་ག་ལ་སྲིད།” ཅེས་ཟེར་བ་ལྟར། ཡང་དག་པའི་འཐབ་ཇུས་ནི་ཡང་དག་པའི་ཐབས་ཇུས་ལ་བརྟེན་ནས་དོན་འཁྱོལ་བྱེད་དགོས། ཕྱོགས་གང་ཅིའི་འཐབ་རྩོད་ལ་རྒྱལ་ཁ་འཐོབ་དགོས་ན། ང་ཚོར་འཐབ་ཇུས་ཀྱི་བཀོད་པ་དང་བློ་སྟོབས་བརྟན་པོ་ཡོད་དགོས་པ་མ་ཟད། ཐབས་ཇུས་དང་བློ་གྲོས་དང་བྱེད་ཐབས་བཅས་ཀྱང་ཡོད་དགོས། ཐབས་ཇུས་ནི་འཐབ་ཇུས་ཀྱི་སློབ་སྟོན་འོག་འཐབ་ཇུས་ལ་ཞབས་འདེགས་ཞུ་བྱེད་ཅིག་ཡིན། འཐབ་ཇུས་དང་ཐབས་ཇུས་ནི་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བ་ཡིན་པས། འཐབ་ཇུས་ཀྱི་འགྱུར་མེད་རང་བཞིན་དང་ཐབས་ཇུས་ཀྱི་བབ་བསྟུན་རང་བཞིན་ཟུང་འབྲེལ་བྱེད་དགོས་ལ། མཐོ་སར་ལངས་ནས་དོན་དག་ངོ་མ་བསྒྲུབ་དགོས་པ་དང་། ཁ་ཕྱོགས་འཛིན་པ་དང་། དོན་ཆེན་དམ་འཛིན། ཕུགས་དོན་ཇུས་འགོད་བཅས་བྱེད་དགོས་ལ། ལས་ཀའི་འགོ་འཛུགས་ས་དང་ཤུགས་འདོན་ས་གནད་ལ་འཁེལ་བར་དམ་འཛིན་ཡག་པོ་བྱེད་པ་དང་། རྩིས་ཆེན་པོ་དང་སྡོམ་རྩིས་རྒྱག་དགོས་ལ། རྩིས་ཆུང་བ་དང་ཞིབ་རྩིས་ཀྱང་རྒྱག་དགོས། གལ་ཏེ་འཐབ་ཇུས་ཀྱི་ངེས་ཤུགས་དང་ཐབས་ཇུས་ཀྱི་གསོན་ཤུགས་འདང་ངེས་ཤིག་མེད་ན། ཐོབ་ཤོར་ཁོ་ནར་ལྟ་བ་དང་། ཐེ་ཚོམ་བྱེད་པ། འགྲོ་ལྡོག་གཉིས་དཀའ་བཅས་ཀྱི་གནད་དོན་ཐོན་སླ་ཞིང་འཕེལ་རྒྱས་ཀྱི་གོ་སྐབས་ཤོར་ངེས་རེད།
བཅིངས་འགྲོལ་དམག་འཁྲུག་གི་དུས་མཇུག་ཏུ་ཏང་གིས་འགོ་ཁྲིད་དེ་ས་ཞིང་སྒྱུར་བཅོས་བྱས། དེ་ནི་རྒྱ་ཆེའི་ཞིང་པ་རྣམས་ཀྱི་རྒྱབ་སྐྱོར་ཐོབ་པ་བྱེད་པའི་འཐབ་ཇུས་ཀྱི་ཐབས་ཚུལ་ཞིག་ཡིན། ཡིན་ནའང་དེ་ཉིད་ལག་ལེན་དུ་ཇི་ལྟར་བསྟར་དགོས་སམ་ཞེ་ན། དོན་དངོས་དང་མཐུན་པའི་སྲིད་ཇུས་དང་བྱེད་ཐབས་སྤྱོད་དགོས། ས་ཞིང་སྒྱུར་བཅོས་ཀྱི་ལས་ཀ་འགོ་རྩོམ་དུས་ཟང་ཟིང་ཆེ་ཙམ་བྱུང་ཡོད་པ་དང་། ས་གནས་ཁ་ཤས་སུ་“གཡོན་”ལྷུང་ཆེ་ཙམ་བྱུང་ཡོད་ནའང་། རྗེས་སུ་དུས་ཐོག་ཏུ་ཡོ་བསྲང་བྱས་པ་རེད། བློ་མཐུན་མའོ་ཙེ་ཏུང་གིས་ས་ཁུལ་མི་འདྲ་བར་གཞིགས་ཏེ་ཐབས་ཇུས་མི་འདྲ་བ་སྤྱོད་དགོས་ཞེས་བསྟན་གནང་བ་སྟེ། རིགས་དང་པོ་ནི་ལྗར་པན་མགོ་མ་བཏགས་གོང་གི་བཅིངས་འགྲོལ་ས་ཁུལ་རྙིང་པ་རྣམས་ཡིན། ས་ཁུལ་དེ་རིགས་སུ་ཧ་ལམ་སྔ་མོ་ནས་ས་ཞིང་བགོ་བཤའ་བརྒྱབ་ཚར་བ་ཡིན་སྟབས་ས་ཞིང་ཁག་ཅིག་སྙོམ་སྒྲིག་ཙམ་ལས་བྱེད་མི་དགོས། རིགས་གཉིས་པ་ནི་ལྗར་པན་མགོ་བཏགས་པ་ནས་1947ལོའི་ཟླ་8པའི་བར་ཏེ་ཕར་རྒོལ་ཆེན་པོ་མ་བྱས་གོང་བཅིངས་འགྲོལ་བཏང་བའི་ས་ཁུལ་ཡིན། ས་ཁུལ་དེ་རིགས་སུ་ས་ཞིང་སྐོར་གྱི་བཅའ་ཁྲིམས་ཡོངས་སུ་སྤྱད་འཐུས་པས་ཡོངས་སུ་ཁྱབ་ཅིང་དཔྱིས་ཕྱིན་པའི་སྒོ་ནས་ས་ཞིང་བགོ་བཤའ་རྒྱག་དགོས། རིགས་གསུམ་པ་ནི་ཕར་རྒོལ་ཆེན་པོ་བྱས་རྗེས་གསར་དུ་བཅིངས་འགྲོལ་བཏང་བའི་ས་ཁུལ་ཡིན། ས་ཁུལ་དེ་རིགས་སུ་མང་ཚོགས་སྐུལ་སློང་ད་དུང་བྱས་མེད་པས། སྒྲུབ་ཐེངས་གཅིག་ལ་ས་ཞིང་སྐོར་གྱི་བཅའ་ཁྲིམས་ལག་ལེན་བསྟར་ཐུབ་པའི་རེ་བ་མི་བྱེད་པར་དུས་རིམ་གཉིས་སུ་ཕྱེ་ནས་ས་ཞིང་སྐོར་གྱི་བཅའ་ཁྲིམས་ལག་ལེན་བསྟར་དགོས། དེ་ཡང་ཁྱད་པར་ཡོད་པའི་ཐབས་ཇུས་ཡང་དག་པ་ལག་བསྟར་བྱས་པའི་རྐྱེན་གྱིས་ས་ཞིང་སྒྱུར་བཅོས་བདེ་བླག་གི་ངང་ནས་བྱས་པ་དང་། བཅིངས་འགྲོལ་ས་ཁུལ་རྙིང་པ་དང་ཡང་ན་བཅིངས་འགྲོལ་ས་ཁུལ་གསར་པ་གང་ཡིན་རུང་ཏང་ལ་རྒྱ་ཆེའི་ཞིང་པའི་བརྩི་བཀུར་དང་རྒྱབ་སྐྱོར་ཟོལ་མེད་ཐོབ་པ་རེད།
ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་ལས་ཀའི་བསམ་ཕྱོགས་དང་། ལས་ཀའི་བཀོད་སྒྲིག ། སྲིད་ཇུས་དང་བྱེད་ཐབས་བཅས་གཏན་འཁེལ་བྱེད་ཚེ། རང་རྟོགས་ངང་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་དང་ཚད་བསྡུར་བྱེད་པ་དང་། དུས་ཐོག་ཏུ་ནོར་འཛོལ་ཡོ་བསྲང་བྱས་ནས་ཏང་ཀྲུང་དབྱང་གི་འཐབ་ཇུས་ཀྱི་བཀོད་ཇུས་ངེས་པར་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་ལག་བསྟར་བྱས་ཏེ། ཁ་ཕྱོགས་མི་འཛོལ་བ་དང་། བསྟུན་མཁས་མི་བྱེད་པ། ངོ་བོ་མི་འགྱུར་བ་བཅས་འགན་ལེན་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་ཏང་ཀྲུང་དབྱང་གི་འཐབ་ཇུས་ཀྱི་བཀོད་ཇུས་ལག་ལེན་བསྟར་ཚེ་ས་ཁུལ་རང་དང་སྡེ་ཁག་རང་གི་དོན་དངོས་ལ་གཞིགས་ནས་ཐབས་ཇུས་གཏན་འབེབས་བྱ་རྒྱུ་ནི་དགོས་ངེས་ཡིན། དུས་མཚུངས་སུ་དོ་སྣང་བྱེད་དགོས་པ་ཞིག་ནི། ཚང་མས་བཏོན་པའི་ཐབས་ཇུས་སྣ་ཚོགས་ལས་ལ་ལ་ནི་ཀྲུང་དབྱང་གི་འཐབ་ཇུས་དང་མཐུན་སྲིད་པ་དང་། ལ་ལ་ནི་ཀྲུང་དབྱང་གི་འཐབ་ཇུས་དང་ཕྱོགས་འཛོལ་འབྱུང་སྲིད་པས། དུས་ཐོག་ཏུ་ཕྱོགས་བསྡོམས་དང་དཔྱད་དཔོག་བྱ་རྒྱུར་དོ་སྣང་བྱེད་དགོས་པ་དང་། ཕྱོགས་འཛོལ་བྱུང་ན་འཕྲལ་མར་ལེགས་སྒྲིག་བྱེད་དགོས།
གནད་དོན་བཞི་པ། ཏང་གི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གི་རང་བཞིན་ནམ་ཡང་མི་འགྱུར་བར་བྱེད་དགོས་པའི་སྐོར།
ལོ་བརྒྱའི་འབད་འཐབ་ཀྱི་བརྒྱུད་རིམ་ནང་། ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་གྲུབ་འབྲས་རླབས་པོ་ཆེ་ཡང་ཡང་བླངས་པ་དང་། དཀའ་ཉེན་སྣ་ཚོགས་ཁྱད་བསད་ཡང་ཡང་བྱས་པ། ཞུན་བརྡར་ཡང་ཡང་བྱས་ཀྱང་སྔར་བཞིན་སྐྱེ་སྟོབས་ཀྱི་དཔལ་འབར་བ། མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་དང་བརྩི་བཀུར་ཐོབ་ཐུབ་པ་བཅས་ཀྱི་རྒྱུ་རྐྱེན་ནི། ཏང་གིས་རང་སྟེང་དུ་གནས་པའི་གནད་དོན་ལ་ཐད་ཀར་གདོང་གཏོད་ཕོད་པ་དང་། རང་ངོས་གསར་བརྗེ་བྱེད་ཕོད་པ། དུས་ནམ་ཡང་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་སྲུང་འཛིན། གསར་གཏོད་ནུས་པ་དང་། གོང་བུར་འགྲིལ་ཤུགས། འཐབ་འཛིང་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གི་རང་བཞིན་ནམ་ཡང་མི་འགྱུར་བར་བྱེད་པ་བཅས་ཡིན།
ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ཀྱིས་ལོ་བརྒྱའི་འབད་འཐབ་ཀྱི་བརྒྱུད་རིམ་ལས་ཏང་གིས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་པ་དང་། རང་ངོས་གསར་བརྗེར་མུ་མཐུད་སྐུལ་འདེད་བཏང་བའི་སྐོར་ལ་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས་ཏེ། དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ་ཏང་གིས་ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་ལག་བསྟར་དང་སྐུལ་འདེད་བཏང་བ་དང་། བསམ་བློའི་ཐོག་ནས་ཏང་འཛུགས་སྐྲུན་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུར་མཐོང་ཆེན་བྱས་ཏེ། རྒྱལ་ཡོངས་སུ་ཁྱབ་ཅིང་རྒྱ་ཆེའི་མང་ཚོགས་ཀྱི་རང་བཞིན་ལྡན་ལ་བསམ་བློ་དང་ཆབ་སྲིད་དང་རྩ་འཛུགས་བཅས་ཀྱི་ཐོག་ཡོངས་སུ་སྲ་བརྟན་ཡིན་པའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་འཛུགས་སྐྲུན་ཧུར་ཐག་བྱས་ནས། ཏང་ཡོངས་བསམ་བློ་དང་ཆབ་སྲིད་དང་རྩ་འཛུགས་བཅས་ཀྱི་ཐོག་སྔར་བྱུང་མ་མྱོང་བའི་གཅིག་གྱུར་དང་མཐུན་སྒྲིལ་ཡོང་བར་བྱས་པ་ནན་བཤད་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་དུས་སྐབས་སུ་ཏང་གིས་སྲིད་དབང་སྐྱོང་བའི་ཆ་རྐྱེན་འོག་ཏང་འཛུགས་སྐྲུན་བྱ་རྒྱུའི་གནད་ཆེའི་བརྗོད་གཞི་བཏོན་པ་དང་། བསམ་བློ་དང་རྩ་འཛུགས་དང་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དང་ཏང་གི་འགོ་ཁྲིད་སྲ་བརྟན་དུ་བཏང་བ། “ངེས་པར་དུ་བྱེད་དགོས་པ་གཉིས་”རྒྱུན་འཁྱོངས་བཅས་བྱས་ནས་ཏང་ཡོན་ལས་བྱེད་པ་ངན་རུལ་དུ་འགྱུར་བར་ཚད་མཐོའི་དོགས་ཟོན་བྱས་པ་མ་ཟད་ཤུགས་བརྒྱབ་ནས་འགོག་ཟོན་བྱས་པ་ནན་བཤད། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་པའི་ནང་ཏང་གིས་རྒྱལ་ཁབ་སྐྱོང་དགོས་ན་ངེས་པར་དུ་སྔོན་ལ་ཏང་སྐྱོང་དགོས་པ་དང་། ཏང་སྐྱོང་དགོས་ན་ངེས་པར་དུ་ནན་པོར་སྐྱོང་དགོས་པ་རྒྱུན་འཁྱོངས་བྱས་ཐོག །ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པ་གསར་འབྱེད་དང་སྐུལ་འདེད་བཏང་ནས། ཏང་ནང་ཁུལ་གྱི་བསམ་བློ་དང་སྤྱོད་ཚུལ་དང་རྩ་འཛུགས་རྣམ་དག་མིན་པའི་གནད་དོན་ཤུགས་ཆེན་པོས་ཐག་གཅོད་དང་། ཏང་གི་འགོ་ཁྲིད་ཆུ་ཚད་དང་སྲིད་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་དང་། རུལ་འགོག་འགྱུར་ཟོན་དང་ཉེན་ཁ་སྔོན་འགོག་བྱེད་པའི་ནུས་པ་ཆེ་རུ་གཏོང་བའི་ལོ་རྒྱུས་རང་བཞིན་གྱི་ཞིབ་འཇུག་བྱ་གཞི་ཆེན་པོ་གཉིས་ཤུགས་ཆེན་པོ་ཐག་གཅོད། ཏང་གི་སྲིད་སྐྱོང་ནུས་པའི་འཛུགས་སྐྲུན་དང་སྔོན་ཐོན་རང་བཞིན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་བཅས་ནན་བཤད། དུས་རབས་གསར་པར་སླེབས་རྗེས་ཏང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འཐབ་ཇུས་ཀྱི་བྱེད་ཕྱོགས་གཏན་འབེབས་གསལ་པོ་བྱས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་བཏོན་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་དང་། བསམ་བློ་འཛུགས་སྐྲུན། རྩ་འཛུགས་འཛུགས་སྐྲུན། སྤྱོད་ཚུལ་འཛུགས་སྐྲུན། སྒྲིག་ཁྲིམས་འཛུགས་སྐྲུན་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་། ལམ་ལུགས་འཛུགས་སྐྲུན་དེ་དག་གི་ནང་དཀྱུས་གཅིག་ཏུ་ཁྱབ་པར་བྱས་པ། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་དོན་འཁྱོལ། རུལ་རྒོལ་ལ་བཀག་སྡོམ་ཁུལ་མེད་པ་དང་། ཡོངས་སུ་ཁྱབ་པ། བཟོད་སྒོམ་གཏན་ནས་མེད་པ་བཅས་རྒྱུན་འཁྱོངས་བྱས་ཤིང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དེ་ཏང་འཛུགས་སྐྲུན་གྱི་ཕྱོགས་གང་ཅིར་དཀྱུས་གཅིག་ཏུ་ཁྱབ་པར་བྱས་པ། རང་ངོས་གསར་བརྗེ་རླབས་པོ་ཆེ་བྱེད་པར་བརྟེན་ནས་སྤྱི་ཚོགས་ཀྱི་གསར་བརྗེ་རླབས་པོ་ཆེར་སྣེ་ཁྲིད་བྱས་པ་ལ་སོགས་ནན་བཤད་བཅས་བྱས་ཡོད། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གྲོས་ཆོད་ནང་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་དོན་སྙིང་ཕྱོགས་བསྡོམས་བྱས་ཡོད་ཅིང་། དོན་ཚན་ལྔ་པ་ནི་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་ཀྲུང་གོའི་གུང་ཁྲན་ཏང་སྐྲུན་བཟོ་བྱས་པ་དེ་ཡིན། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་ཕྱོགས་བསྡོམས་བྱས་ཤིང་། དོན་ཚན་བཅུ་པ་ནི་རང་ངོས་གསར་བརྗེ་རྒྱུན་འཁྱོངས་བྱེད་པ་དེ་ཡིན། དེའི་ནང་རང་ངོས་གསར་བརྗེ་བྱེད་ཕོད་པ་ནི་ཀྲུང་གོའི་གུང་ཁྲན་ཏང་འདི་ཉིད་སྲིད་ཏང་གཞན་དང་མི་འདྲ་བའི་ཁྱད་རྟགས་མངོན་གསལ་དོད་པོ་ཞིག་ཡིན་ལ། རང་ངོས་གསར་བརྗེའི་སྙིང་སྟོབས་ནི་ཏང་གི་ལང་ཚོའི་གསོན་ཤུགས་ནམ་ཡང་མི་ཉམས་པར་བྱེད་པའི་འདེགས་སྐྱོར་ཆེན་པོ་ཞིག་ཡིན་པ་ནན་བཤད་བྱས་ཡོད། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་བརྒྱུད་རིམ་ལས་རང་ངོས་གསར་བརྗེ་ལ་ཞིབ་འཇུག་དང་ཤེས་རྟོགས་བྱེད་པར་དབྱེ་ཞིབ་དང་ཞིབ་འཇུག་དང་ཕྱོགས་བསྡོམས་བྱེད་པར་མཐོང་ཆེན་བྱ་རྒྱུ་ནི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ནང་དཀྱུས་གཅིག་ཏུ་བསྟར་བའི་ནང་དོན་གལ་ཆེན་ཞིག་ཡིན་པས། ང་ཚོས་ངེས་པར་དུ་གཏིང་ཟབ་མོར་སློབ་སྦྱོང་དང་ཕྱོགས་ཡོངས་ནས་གོ་བ་ལོན་པ་བྱེད་དགོས།
ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག །ཏང་གི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གི་རང་བཞིན་ནམ་ཡང་མི་འགྱུར་བར་བྱེད་དགོས་ན། འགག་རྩ་ནི་ང་ཚོའི་ཏང་རང་ཉིད་ལ་བརྟེན་དགོས། དེར་བརྟེན། ངས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་འདི་ལྟར་ནན་བཤད་བྱས་ཡོད། ང་ཚོའི་ཏང་ལ་ལོ་རྒྱུས་རིང་པོ་འདི་འདྲ་ཡོད་ལ། གཞི་ཁྱོན་ཆེན་པོ་འདི་འདྲ་ཡོད་པ་དང་། སྲིད་སྐྱོང་ཡུན་རིང་འདི་འདྲ་བྱས་པས། ལོ་རྒྱུས་རེས་འཁོར་འགྲོས་ཚད་ལས་ཇི་ལྟར་ཐར་དགོས་སམ་ཞེ་ན། བློ་མཐུན་མའོ་ཙེ་ཏུང་གིས་ཡན་ཨན་གྱི་ས་དོང་ནང་དུ་མི་དམངས་ཀྱིས་སྲིད་གཞུང་ལ་ལྟ་སྐུལ་བྱེད་དུ་བཅུག་ན། སྲིད་གཞུང་གིས་ད་གཟོད་ལྷོད་གཡེང་བྱེད་མི་ཕོད་ཅེས་དྲིས་ལན་དང་པོ་བཏབ་གནང་བ་རེད། ལོ་བརྒྱའི་འབད་འཐབ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལག་ལེན་གསར་པའི་ཐོག་ནས་རང་ངོས་གསར་བརྗེ་བྱེད་དགོས་ཞེས་དྲིས་ལན་གཉིས་པ་བཏབ་ཡོད།
ངས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་ཀྲུང་གོའི་གུང་ཁྲན་ཏང་གིས་ཁེ་ཕན་ཚོགས་པ་གང་རུང་དང་། དབང་འཛིན་ཚོགས་པ་གང་རུང་། ཁྱད་དབང་རིམ་གྲས་གང་རུང་གི་ཁེ་ཕན་ནི་ཐོག་མ་ཉིད་ནས་མཚོན་གྱི་མེད་ཅེས་ནན་བཤད་བྱས་ཡོད། ཐེངས་འདིའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གྲོས་ཆོད་ནང་དུ་ཡང་བསྐྱར་སྐད་ཆ་འདི་ནན་བཤད་བྱས་ཡོད། ན་ནིང་གི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་ངས་གནད་དོན་དེའི་སྐོར་ཡང་བསྐྱར་གསལ་བཤད་བྱས་ཏེ། ཏང་གི་མཐོ་རིམ་ལས་བྱེད་པར་འགོ་ཁྲིད་དབང་ཆ་དང་། ཇུས་གཅོད་དབང་ཆ། བཀོད་འདོམས་དབང་ཆ་བཅས་ཆེན་པོ་ཡོད་པས། གལ་ཏེ་ལངས་ཕྱོགས་བརྟན་པོ་མེད་པ་དང་། “ལྟ་བ་གསུམ་”རྣམ་དག་མིན་པ། རང་གཅུན་ནན་པོ་མི་བྱེད་པ་བཅས་བྱུང་ན། ཆབ་སྲིད་དང་སྲིད་ཇུས་ཐོག་ཕྱོགས་འཛོལ་འབྱུང་སླ་བ་དང་། ཤེས་མེད་ཚོར་མེད་དང་ཐ་ན་བློ་མོས་ཡིད་སྤྲོའི་ངང་ཁེ་ཕན་ཚོགས་པ་དང་། དབང་འཛིན་ཚོགས་པ། ཁྱད་དབང་རིམ་གྲས་སྣ་ཚོགས་ཀྱི་མགྲིན་ཚབ་པར་འགྱུར་སྲིད་པ་དང་། མཇུག་འབྲས་ནི་ཧ་ཅང་ཚབས་ཆེན་ཡིན་ཞེས་ནན་བཤད་བྱས་ཡོད། སུའི་དོན་དུ་སྲིད་དབང་སྐྱོང་བ་དང་། སུའི་དོན་དུ་དབང་ཆ་སྤྱོད་པ། སུའི་དོན་དུ་ཁེ་ཕན་གཉེར་བ་བཅས་ཀྱི་ཆེད་དུ་སྲིད་དོན་སྐྱོང་བ་དང་། སུའི་ཆེད་དུ་དབང་ཆ་སྤྱོད་པ། སུའི་ཆེད་དུ་ཁེ་ཕན་གཉེར་བ་བཅས་ཀྱི་རྩ་བའི་གནད་དོན་འདིའི་སྟེང་ང་ཚོས་རིག་པ་ཧ་ཅང་གསལ་པོ་དང་ལངས་ཕྱོགས་ཤིན་ཏུ་བརྟན་པོ་ཡོང་དགོས། ཏང་ཡོངས་ཀྱི་བློ་མཐུན་ཚང་མས་སྤྱོད་ཚུལ་ཤེས་པ་དང་། ཀུན་སྤྱོད་སྲུང་བ། རང་སྤྱོད་ཟིན་པ་བཅས་དང་། མི་སྐྱོན་མེད་ལྷད་མེད་ཅིག་བྱེད་ཅིང་བྱ་བ་གཙང་མ་གཙང་རྐྱང་ཞིག་སྒྲུབ་པ། སྒེར་དོན་བསྐྱུར་ནས་སྤྱི་དོན་ལ་གཞོལ་ཞིང་བསྲི་ཚགས་ལ་བརྟེན་ནས་ལུས་སེམས་གསོ་བ་བཅས་ཀྱི་ཐོག་ནས་གཞུང་དྲང་སྤྱོད་གཙང་གི་ཆབ་སྲིད་ཀྱི་རང་བཞིན་ནམ་ཡང་མི་ཉམས་པ་བྱེད་དགོས།
“སྲིད་སྐྱོང་བྱེད་པ་ལ་དཔོན་རིགས་ཀྱི་སྤྱོད་ལམ་གཙང་མ་ཡོང་རྒྱུ་ཤིན་ཏུ་གལ་ཆེ།” རང་ངོས་གསར་བརྗེ་བྱེད་པའི་འགག་རྩ་ནི་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པའི་རང་རྟོགས་དང་གྲི་ཁ་ནང་ལ་བསྐོར་བའི་བློ་སྟོབས་ཡོད་དགོས་པ་དེ་ཡིན། རུལ་སུངས་གནད་དོན་ད་དུང་རྩ་བ་ནས་བཀག་འགོག་བྱེད་ཐུབ་མེད་པས། སྤྱོད་གཙང་རང་གཅུན་དང་རུལ་རྒོལ་གཙང་སྤེལ་གྱི་གནད་དོན་ནི་ངས་བཤད་ཡང་ཡང་བཤད་པའི་གནད་དོན་ཞིག་ཡིན། ད་ལྟ་རུལ་རྒོལ་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་མ་ཟད་ཕྱོགས་ཡོངས་ནས་སྲ་བརྟན་བཏང་ཡོད་མོད། འོན་ཀྱང་ཏང་ནང་ཁུལ་དུ་སྔར་བཞིན་“ཡོད་པ་བདུན་”བྱེད་པ་དང་། དབང་ཆར་བརྟེན་ནས་སྒེར་དོན་སྒྲུབ་པ། དངུལ་དབང་ཉོ་ཚོང་། ལྐོག་ཟ་རྔན་ལེན། མང་ཚོགས་ལ་བརྙས་བཅོས་གཉའ་གནོན་བྱེད་པ་སོགས་ཀྱི་གནད་དོན་གནས་ཡོད། དེར་བརྟེན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ངས་འདི་ལྟར་དམིགས་བསལ་གྱིས་ནན་བཤད་བྱས་ཡོད་དེ། ཏང་ཡོངས་ཀྱི་བློ་མཐུན་ཚོས་རང་ངོས་གསར་བརྗེ་ནམ་ཡང་རྒྱུན་འཁྱོངས་བྱས་ནས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་ནི་ནམ་ཡང་བྱེད་བཞིན་པའི་ལམ་ན་ཡོད་པའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་བསྐྱེད་དགོས་པ་ལས། ནན་པོའི་མཐར་ཐུག་པའི་སུན་སྣང་གཏན་ནས་སྐྱེ་མི་རུང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་བྱེད་པ་ནི་ནམ་ཡང་བྱེད་བཞིན་པའི་ལམ་ན་ཡོད་པས། སྐད་ཅིག་ཙམ་ལ་ཡང་ལྷོད་གཡེང་བྱེད་མི་རུང་བར་བྱས་པའི་རྗེས་དང་དྲུད་པའི་ཤུལ་ཡོད་པའི་བློ་སྟོབས་ལ་བརྟེན་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་མུ་མཐུད་ཡག་པོར་རྒྱག་དགོས། འདིར་ངས་ཡང་བསྐྱར་ནན་བཤད་ཅིག་བྱ་རྒྱུ་ཡིན། ཏང་ཀྲུང་དབྱང་གི་རྣམ་འགྱུར་ནི་ཧ་ཅང་གསལ་པོ་ཡིན་ཏེ། མི་སུ་ཞིག་ཡིན་རུང་ཏང་ཁྲིམས་དང་རྒྱལ་ཁྲིམས་ཐད་གནད་དོན་བྱུང་ཚེ། ཏང་ཁྲིམས་རྒྱལ་ཁྲིམས་ཀྱིས་གུ་ཡངས་གཏན་ནས་མི་གཏོང་། ལྷག་པར་དུ་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་འཕྲོག་པ་དང་། ཏང་གི་སྲིད་སྐྱོང་རྨང་གཞིར་རུལ་བསླད་བཟོ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཀྱི་སྲིད་དབང་གཡོ་འགུལ་གཏོང་བའི་མི་དང་། ཏང་ནང་ཁུལ་དུ་ཆབ་སྲིད་ཀྱི་ཚོགས་ཁག་དང་། ཚོགས་ཁག་ཆུང་བ། ཁེ་ཕན་གྱི་ཚོགས་ཁག་བཅས་སྤེལ་བའི་མི་ལ་སྙིང་རྗེ་སྤུ་ཙམ་ཡང་མི་བྱེད་པར་རྩད་གཅོད་མཐའ་གཅིག་ཏུ་བྱེད་དགོས།
གནད་དོན་ལྔ་པ། ཏང་གི་ལོ་རྒྱུས་སྐོར་གྱི་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་པའི་སྐོར།
ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ཀྱིས་ལོ་བརྒྱའི་འབད་འཐབ་བརྒྱུད་རིམ་ལས་ཏང་གིས་ཏང་གི་ལོ་རྒྱུས་སྐོར་གྱི་སློབ་སྦྱོང་དང་སློབ་གསོ་ལ་མཐོང་ཆེན་བྱེད་པར་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས་ཏེ། ཏང་ཡོངས་ཀྱིས་དངོས་གཙོའི་ལོ་རྒྱུས་ལྟ་བ་དང་ཡང་དག་པའི་ཏང་གི་ལོ་རྒྱུས་ལྟ་བ་རྒྱུན་འཁྱོངས་བྱས་ཐོག །ཏང་གི་ལོ་བརྒྱའི་འབད་འཐབ་ནང་དུ་སྔོན་ཆད་ང་ཚོར་གྲུབ་འབྲས་ཐོབ་དོན་གང་ཡིན་པ་དང་། ང་ཚོས་ཇི་ལྟར་བྱས་ན་མ་འོངས་པར་མུ་མཐུད་གྲུབ་འབྲས་འཐོབ་ཐུབ་པ་ཤེས་རྟོགས་བྱས་ཏེ། སྔར་ལས་བློ་རྩ་བརྟན་པོ་དང་སྔར་ལས་རང་རྟོགས་ཀྱི་སྒོ་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་དགོས་པ་དང་། དུས་རབས་གསར་པར་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་ཞེས་ནན་བཤད་བྱས་ཡོད། དེ་ནི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་བཏོན་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས་ང་ཚོས་མུ་མཐུད་དེ་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས།
ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གྲོས་ཆོད་འདི་བལྟས་པ་ཙམ་གྱིས་ཤེས་སོང་སྙམ་པའི་ངོས་འཛིན་བྱེད་མི་རུང་། དོན་དངོས་ནི་དེ་འདྲ་ཞིག་མ་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་མ་འཚོག་གོང་གི་ཏང་གི་ལོ་རྒྱུས་ཐོག་གི་དོན་རྐྱེན་གནད་ཆེན་དང་། གྲོས་ཚོགས་གལ་ཆེན། མི་སྣ་གལ་ཆེན་བཅས་ཀྱི་སྐོར་ལ། ལོ་རྒྱུས་ཀྱི་གྲོས་ཆོད་སྔ་མ་གཉིས་དང་། ཏང་གི་ཚད་ལྡན་ཡིག་ཆ་གལ་ཆེན་རབ་དང་རིམ་པ་བཅས་ཀྱི་ནང་རྣམ་བཤད་མང་པོ་བྱས་ཡོད་ལ། གཟབ་ནན་གྱིས་སྡོམ་ཚིག་ཀྱང་བཀོད་ཡོད། ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་ཆོད་ནང་གཞི་རྩའི་རྣམ་བཤད་དང་སྡོམ་ཚིག་དེ་དག་རྒྱུན་འཁྱོངས་བྱས་ཡོད། དེ་དང་ཆབས་ཅིག །ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་གསུམ་པའི་ནང་ང་ཚོའི་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་སྐོར་གྱི་ངོས་ཟིན་གསར་པ་མཚོན་ཡོད། གྲོས་ཆོད་ནང་ཏང་གི་ལོ་རྒྱུས་སྐོར་གྱི་གཞི་རྩའི་གསུང་རྩོམ་གྱི་གྲུབ་འབྲས་དང་ཏང་གི་ལོ་རྒྱུས་ལས་རིགས་ཀྱི་རིག་གཞུང་ཞིབ་འཇུག་གི་གནད་སྨིན་གྲུབ་འབྲས་སྤྱོད་རྒྱུར་མཐོང་ཆེན་བྱས་ཡོད་པ་དང་། ཆོད་གཏམ་གསར་པ་དང་བརྗོད་པ་གསར་པ་གལ་ཆེན་རབ་དང་རིམ་པ་ཆགས་ཡོད། དཔེར་ན། ལོ་རྒྱུས་ཀྱི་གྲོས་ཆོད་དང་པོ་དང་གཉིས་པའི་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་ཀྱི་ཏང་གི་ལོ་རྒྱུས་ཀྱི་དུས་རིམ་དབྱེ་སྟངས་སྐོར་གྱི་བརྗོད་པ་འཐུས་ཚང་དུ་བཏང་སྟེ། ཏང་གི་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་ནི་“ཏང་བཙུགས་མ་ཐག་པའི་དུས་སྐབས་དང་གསར་བརྗེ་ཆེན་པོའི་དུས་སྐབས་”དང་། “ས་ཞིང་གསར་བརྗེའི་དམག་འཁྲུག་གི་དུས་སྐབས།” “ལྗར་འགོག་དམག་འཁྲུག་གི་དུས་སྐབས།” “བཅིངས་འགྲོལ་དམག་འཁྲུག་གི་དུས་སྐབས་”བཅས་དུས་རིམ་བཞི་རུ་གཏན་འཁེལ་ བྱས་ཡོད། དེའི་སྐོར་ལོ་རྒྱུས་ཀྱི་གྲོས་ཆོད་གཉིས་པའི་ནང་འདི་ལྟར་བརྗོད་ཡོད་དེ། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ་ཏང་གིས་“གོ་གུང་མཉམ་ལས་བྱས་པའི་བྱང་འདུལ་དམག་འཁྲུག་དང་། ས་ཞིང་གསར་བརྗེའི་དམག་འཁྲུག །ལྗར་འགོག་དམག་འཁྲུག་དང་རྒྱལ་ཡོངས་བཅིངས་འགྲོལ་དམག་འཁྲུག་བཅས་དུས་རིམ་བཞི་བརྒྱུད་ཡོད།” དཔེར་ན། “གྲོང་ཁྱེར་ཆེན་པོར་རྒོལ་བ་ནས་གྲོང་གསེབ་ཏུ་དཔུང་འཇུག་བྱེད་པར་བསྒྱུར་བ་”ནི་“ཀྲུང་གོའི་གསར་བརྗེའི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པའི་འགོ་རྩོམ་ས་གསར་པ་”ཡི་མཚོན་རྟགས་ཡིན་པ་གཏན་འཁེལ་བྱས། དཔེར་ན། ཙུན་དབྱི་གྲོས་ཚོགས་ཀྱི་རྩ་འཛུགས་ཀྱི་བཀོད་སྒྲིག་བྱེ་བྲག་པ་དང་ཙུན་དབྱི་གྲོས་ཚོགས་ཀྱི་གནད་ཆེའི་ལོ་རྒྱུས་དོན་སྙིང་དང་ཟུང་འབྲེལ་བྱས་ཏེ། གྲོས་ཚོགས་ཀྱིས་“དོན་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་དང་དམར་དམག་ནང་གི་བློ་མཐུན་མའོ་ཙེ་ཏུང་གི་འགོ་ཁྲིད་ཀྱི་གོ་གནས་གཏན་འཁེལ་བྱས་”ཞེས་དངོས་ཐོག་བདེན་འཚོལ་གྱིས་གདེང་འཇོག་བྱས་ཡོད་པ་དང་། “བློ་མཐུན་མའོ་ཙེ་ཏུང་གིས་སྐུ་ཚབ་གཙོ་བོ་གནང་བའི་མར་ཁེ་སིའི་རིང་ལུགས་ཀྱི་ལམ་ཕྱོགས་ཡང་དག་པ་ཏང་ཀྲུང་དབྱང་གི་འགོ་ཁྲིད་གོ་གནས་སུ་གཏན་འཁེལ་བྱེད་འགོ་ཚུགས་ཤིང་། བློ་མཐུན་མའོ་ཙེ་ཏུང་གིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་ཚན་པ་རབས་དང་པོ་གྲུབ་འགོ་ཚུགས་ནས། ཏང་གིས་རང་བཙན་རང་བདག་ངང་ཀྲུང་གོའི་གསར་བརྗེའི་གནད་དོན་དངོས་ཐག་གཅོད་བྱེད་པའི་དུས་རིམ་གསར་པ་བཏོད་”ཅེས་པའི་ནང་དོན་བསྣན་ཡོད་ལ། ཙུན་དབྱི་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་སྐོར་གྱི་ཕྱོགས་བསྡོམས་དང་སྡོམ་ཚིག་རྒྱ་སྐྱེད་བཏང་ཡོད། དཔེར་ན། “ལོ་14རིང་གི་ལྗར་འགོག་དམག་འཁྲུག་”དང་དཀྱུས་གཅིག་ཏུ་ཟུང་འབྲེལ་བྱས་ཏེ་ལྗར་འགོག་དམག་འཁྲུག་གི་ལོ་རྒྱུས་ཀྱི་གོ་གནས་དང་ལོ་རྒྱུས་ཀྱི་བྱས་རྗེས་ཕྱིར་དྲན་དང་ཕྱོགས་བསྡོམས་བྱས་པ་དང་། ལོ་རྒྱུས་ཀྱི་གྲོས་ཆོད་གཉིས་པའི་ལྗར་འགོག་དམག་འཁྲུག་“ལོ་བརྒྱད་རིང་”བྱས་པ་ཞེས་པའི་སྐོར་གྱི་བརྗོད་ཚུལ་བཟོ་བཅོས་བརྒྱབ་སྟེ། ལྗར་འགོག་དམག་འཁྲུག་1931ལོར་འགོ་ཚུགས་པ་དང་དེའི་མཚོན་རྟགས་དགུ་པའི་བཅོ་བརྒྱད་ཀྱི་དུས་འགྱུར་ཡིན་པ་གཏན་འཁེལ་བྱས་པ་དང་། ཏང་གིས་འགོ་ཁྲིད་བྱེད་པའི་ལོ་14རིང་གི་ལྗར་འགོག་དམག་འཁྲུག་གི་ལོ་རྒྱུས་ཀྱི་བྱས་རྗེས་དང་ལོ་རྒྱུས་ཀྱི་དོན་སྙིང་ཕྱོགས་ཡོངས་ནས་ཕྱིར་དྲན་དང་ཕྱོགས་བསྡོམས་བྱས། དཔེར་ན། “གསར་བརྗེའི་འཐབ་རྩོད་ནང་ཏང་གིས་བདེན་དོན་རྒྱུན་འཁྱོངས་བྱེད་པ་དང་། ཕུགས་བསམ་བརྟན་པོར་འཆང་བ། ཐོག་མའི་བསམ་འདུན་ཉམས་སུ་ལེན་པ། འགན་འཁྲི་འཁུར་དུ་ལེན་པ། བློས་གཏོང་རྒྱུར་མི་འཛེམ་པ། དཔའ་ངར་གྱིས་འཐབ་རྩོད་བྱེད་པ། ཏང་ལ་བློ་དཀར་བ། མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བ་བཅས་ཀྱི་ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་”ཞེས་པའི་ལྟ་བ་ཐེངས་དང་པོར་ལོ་རྒྱུས་ཀྱི་གྲོས་ཆོད་ནང་བཀོད། དཔེར་ན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ནང་ཕྱོགས་བསྡོམས་བྱས་པའི་“ཁ་གསལ་བརྒྱད་”དེ་“ཁ་གསལ་བཅུ་”རུ་རྒྱ་བསྐྱེད་དེ། “ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་”ཅེས་པ་“ཁ་གསལ་”དང་པོར་བཀོད་པ། “ཁ་གསལ་”བདུན་པ་བསྣན་པ་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ངེས་པར་དུ་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས་ཐོན་ཁུངས་བགོ་སྒྲིག་ཁྲོད་ཚོང་རས་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་ཐུབ་པར་བྱེད་པ་དང་། སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱེད་པ། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་སོགས་ཀྱི་ནང་དོན་བསྣན་ཡོད། “ཁ་གསལ་”བཅུ་པ་སྟེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འཐབ་ཇུས་བྱེད་ཕྱོགས་ཁ་གསལ་བཟོས་ཤིང་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་བཏོན་པ་དང་། རང་ངོས་གསར་བརྗེ་རླབས་པོ་ཆེ་བྱེད་པར་བརྟེན་ནས་སྤྱི་ཚོགས་ཀྱི་གསར་བརྗེ་རླབས་པོ་ཆེར་སྣེ་ཁྲིད་བྱས་པ། གཞན་ཡང་། “ཁ་གསལ་”གཉིས་པའི་ནང་“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་དགོས་”ཞེས་པའི་བརྗོད་སྟངས་བསྣན་ཡོད། “ཁ་གསལ་”གསུམ་པའི་ནང་“གོ་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་དགོས་”ཞེས་པ་དང་། “མི་དམངས་ཡོངས་རྫོགས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བར་མངོན་སུམ་གྱི་འཕེལ་སྐྱེད་ཡོང་བར་བྱེད་དགོས་”ཞེས་པའི་བརྗོད་སྟངས་བསྣན་ཡོད། ཆོད་གཏམ་གསར་པ་དང་བརྗོད་པ་གསར་པ་དེ་དག་ལ་སློབ་སྦྱོང་དང་ཤེས་རྟོགས་ཟབ་མོ་བྱས་ནས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྔར་ལས་ལྷག་པར་ངོས་འཛིན་དང་ཁོང་དུ་ཆུད་པར་ཕན་ཐོགས་པ་བྱེད་དགོས།
ངས་ཐོག་མཐར་བར་གསུམ་དུ་ཏང་གི་ལོ་རྒྱུས་སྐོར་གྱི་སློབ་སྦྱོང་དང་སློབ་གསོའི་དྲིལ་བསྒྲགས་ལ་མཐོང་ཆེན་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། ངས་སྔ་རྗེས་སུ་བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་ངོ་120འཁོར་བ་དང་། བློ་མཐུན་ཏེང་ཞའོ་ཕིན་སྐུ་འཁྲུངས་ནས་ལོ་ངོ་110འཁོར་བ། དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བ། ལྔ་བཞིའི་ལས་འགུལ་བྱུང་ནས་ལོ་ངོ་100འཁོར་བ། ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་75འཁོར་བ། ཀྲུང་གོའི་མི་དམངས་དང་བླངས་དམག་གིས་རྒྱལ་ཕྱིར་བསྐྱོད་ནས་ཨ་འགོག་ཁྲའོ་རོགས་ཀྱི་དམག་འཐབ་བྱས་ནས་ལོ་ངོ་70འཁོར་བ་སོགས་ལ་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་དང་ཚོགས་ཆེན་ཐོག་དང་། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་95འཁོར་བ་དང་། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་90འཁོར་བ། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བ། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་སོགས་ལ་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་ཏེ། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་སློབ་སྦྱོང་དང་སློབ་གསོ་དང་དྲིལ་བསྒྲགས་བྱེད་པའི་ཐད་ལ་བླང་བྱ་གསལ་པོ་བཏོན་ཡོད།
2019ལོར། ངས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་དོན་ཆེན་འདིར་དམིགས་ནས་ཏང་གི་ལོ་རྒྱུས་ཕྱོགས་བསྡོམས་དང་། སློབ་སྦྱོང་། སློབ་གསོ། དྲིལ་བསྒྲགས་བཅས་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་སྔོན་ཚུད་ནས་བསམ་གཞིག་དང་ཇུས་འགོད་བྱས་ལ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་སློབ་སྦྱོང་ཟབ་མོ་བྱེད་པར་སྣེ་ཁྲིད་བྱེད་དགོས་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཐོག་མའི་བསམ་འདུན་ཉམས་མེད་རྒྱུན་འཁྱོངས་དང་འགན་འཁྲི་འཁུར་ཕོད་པ་བྱེད་པར་སློབ་གསོ་དང་སྣེ་ཁྲིད་བྱེད་དགོས་པ་ནན་བཤད་བྱས་པ་ཡིན། 2020ལོར། ངས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བ་དེ་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་པ་དང་གཅིག་འདོམས་ཀྱིས་བསམ་གཞིག་བྱས་ཏེ་བླང་བྱ་ཐེངས་མང་པོ་བཏོན་པ་ཡིན། 2021ལོའི་ཟླ་2པར། ངས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་དང་། སྤྱིའི་བླང་བྱ། དམིགས་འབེན་ལས་འགན་བཅས་བཤད་པ་ཡིན་ལ། གཙོ་བོ་ཏང་གི་ལོ་རྒྱུས་སྦྱོང་དགོས་དོན་གང་ཡིན་པ་དང་། ཏང་གི་ལོ་རྒྱུས་ཐད་གང་ཞིག་སྦྱོང་དགོས་པ། ཏང་གི་ལོ་རྒྱུས་ཇི་ལྟར་སྦྱོང་དགོས་པ་བཅས་ཀྱི་གནད་དོན་སྐོར་བཤད་པ་ཡིན། དེའི་རྗེས་སུ་ངས་ཏང་གི་ལོ་རྒྱུས་ཕྱོགས་བསྡོམས་དང་། སློབ་སྦྱོང་། སློབ་གསོ། དྲིལ་བསྒྲགས་བཅས་བྱེད་པའི་ཐད་བླང་བྱ་ཐེངས་མང་པོ་བཏོན་པ་ཡིན།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ས་གནས་སུ་རྟོག་ཞིབ་ཐེངས་70ལྷག་ལ་བསྐྱོད་མྱོང་བ་དང་། ས་ཆ་རེར་ཡོང་ཐེངས་རེར་ངས་ཏང་གི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་གསར་བརྗེའི་གནས་མཆོག་དང་། དམར་པོའི་གནས་རྙིང་། གསར་བརྗེའི་ལོ་རྒྱུས་ཀྱི་དྲན་གསོའི་གནས་ཡུལ་བཅས་ལ་ངོས་མཇལ་བྱེད་ཀྱི་ཡོད་པ་དང་། ཐེངས་ལ་ལར་ནི་ཆེད་དུ་གསར་བརྗེའི་གནས་རྙིང་དང་དྲན་གསོའི་གནས་ཡུལ་ལ་ངོས་མཇལ་བྱེད་དུ་སོང་བ་ཡིན་ལ། གཙོ་བོ་རྣམས་ཧ་ལམ་ངོས་མཇལ་ཐུབ་པ་བྱུང་། ས་ཆ་གང་ལ་སླེབས་ནའང་། ངས་གུས་བཀུར་གྱི་བསམ་པ་བཅངས་ནས་སྤྱིར་བཏང་མིན་པའི་ལོ་ཟླ་རེ་རེ་ཕྱིར་དྲན་དང་། ཏང་གིས་བསྐྱོད་མྱོང་བའི་དཀའ་ཚེགས་ཆེ་བའི་བརྒྱུད་རིམ་ལ་ཕྱིར་ལྟ་བྱེད་ཀྱི་ཡོད་པས། བླ་སྲོག་ལ་གཡོ་འགུལ་ཐེབས་ཤིང་སྙིང་སྟོབས་ལ་ཞུན་བརྡར་ཐོབ་ཀྱི་ཡོད། ངས་འདི་ལྟར་བྱེད་པའི་དམིགས་ཡུལ་ནི། ཏང་ཡོངས་དང་རྒྱལ་ཁབ་ཡོངས་དང་ལྷག་པར་དུ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་རྣམས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། ཏང་གི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པར་སྐུལ་འདེད་བཏང་སྟེ། སྔོན་ཆད་ཀྱི་སྡུག་བསྔལ་དང་གཟི་བརྗིད་མི་བརྗེད་ཅིང་། མིག་མདུན་གྱི་ལས་འགན་དང་འགན་འཁྲི་ལ་ངོ་གནོང་མི་དགོས་པ། འབྱུང་འགྱུར་གྱི་ཕུགས་འདུན་རླབས་པོ་ཆེ་སྟོང་ཟད་དུ་མི་སྟོང་བ་བཅས་བྱེད་པ་དང་། ལོ་རྒྱུས་མེ་ལོང་བྱས་ནས་འབྱུང་འགྱུར་གསར་འབྱེད་དངོས་གནས་བྱེད་ཐུབ་པ་བྱ་རྒྱུ་དང་། ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་དངོས་གནས་གཏོང་ཐུབ་པ་བྱ་རྒྱུ་དེ་ཡིན། ང་ཚོས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་འདི་ལྟར་བྱས་ན་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ངེས་ཡིན།
ཏང་ཡོངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་ཡག་པོ་དང་ཏང་གི་ལོ་རྒྱུས་བཀོལ་སྤྱོད་ཡག་པོ་བྱེད་པར་སྐུལ་འདེད་གཏོང་དགོས་ན། ཐུན་མོང་གི་སློབ་སྦྱོང་དང་སློབ་གསོ་ཐེངས་གཅིག་ཙམ་སྤེལ་བས་མི་ཆོག་པར་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་དེ་ཉིད་ངེས་པར་དུ་ནམ་རྒྱུན་གྱི་གོམས་གཤིས་སུ་ཆགས་པར་བྱས་ནས་ནམ་རྒྱུན་དུ་དམ་འཛིན་བྱེད་དགོས། དམག་སྒར་ནི་འགྱུར་བ་མེད་ལ་དམག་མི་ནི་ལོ་ལྟར་བརྗེས་ཞེས་པ་བཞིན། ན་གཞོན་ལས་བྱེད་པར་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སྦྱོང་བརྡར་རྒྱུན་ཆད་མེད་པར་བྱེད་དགོས། ཐེངས་འདིར་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ཕྱོགས་བསྡོམས་བྱེད་སྐབས། ངས་ཆེད་དུ་མཆན་བཀོད་མཛུབ་སྟོན་བྱས་ཏེ། ཐེངས་འདིའི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ལེགས་གྲུབ་བྱུང་བའི་ཉམས་མྱོང་ནན་ཏན་གྱིས་ཕྱོགས་བསྡོམས་བྱེད་པ་དང་། རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་ལམ་ལུགས་དང་ལམ་སྲོལ་བཙུགས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས་ཞེས་ནན་བཤད་བྱས་ཡོད། ཏང་ཡོངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་གཙོ་གནད་དུ་འཛིན་པའི་ཐོག །ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ཟབ་སྤེལ་དང་། ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བཅས་སྔར་བས་བྱེད་ཐུབ་པ། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། བསམ་བློའི་གོ་རྟོགས་ཐོབ་པ། དངོས་དོན་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་བྱེད་པར་སློབ་གསོ་དང་སྣེ་ཁྲིད། སྔར་ལས་ལྷག་པའི་སྒོ་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱད་དེ་ཏང་ཡོངས་ལ་དྲག་ཆས་སྤྲས་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ཇི་མ་ཇི་བཞིན་དུ་སློབ་སྦྱོང་བྱས་ནས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་འཕེལ་རིམ་དང་། ཏང་གིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱེད་པའི་འབད་བརྩོན་ཆེན་པོ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་དོན་སྙིང་དང་ལོ་རྒྱུས་ཉམས་མྱོང་། ལོ་རྒྱུས་མེ་ལོང་བྱས་ནས་མ་འོངས་གསར་འབྱེད་བྱེད་པའི་བླང་བྱ་གལ་ཆེན་བཅས་སློབ་སྦྱོང་ཡག་པོ་དང་དང་གོ་བ་ཟབ་མོ་ལོན་པ་བྱེད་དགོས། ཏང་ཨུ་(ཏང་ཙུའུ་)ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་སློབ་སྦྱོང་ལམ་ལུགས་བེད་སྤྱོད་ཡག་པོ་བྱས་ཏེ། འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་དུས་རྒྱུན་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པར་སྐུལ་འདེད་གཏོང་དགོས། ལས་བྱེད་པར་སློབ་གསོ་དང་སྦྱོང་བརྡར་བྱེད་པའི་ལམ་སྲོལ་བེད་སྤྱོད་ཡག་པོ་བྱས་ཏེ། ཏང་གི་ལོ་རྒྱུས་ཉིད་མུ་མཐུད་ནས་ཏང་གི་སློབ་གྲྭ་(སྲིད་འཛིན་སློབ་གླིང་)དང་ལས་བྱེད་པའི་སློབ་གླིང་གི་ངེས་སྦྱོང་སློབ་ཚན་དང་རྒྱུན་སྦྱོང་སློབ་ཚན་དུ་བྱེད་དགོས། སློབ་གྲྭའི་བསམ་བློ་དང་ཆབ་སྲིད་ཀྱི་སློབ་ཚན་ཞེས་པའི་ཐབས་ལམ་འདི་བེད་སྤྱོད་ཡག་པོ་བྱས་ཏེ། ཏང་གི་ལོ་རྒྱུས་ཉིད་སྔར་ལས་ལྷག་པའི་སྒོ་ནས་སློབ་དེབ་དང་། སློབ་ཁང་། སེམས་རྒྱུད་བཅས་ལ་འཇོག་ཐུབ་པར་སྐུལ་འདེད་གཏོང་དགོས་པ་དང་། ཏང་གི་ལོ་རྒྱུས་ཀྱི་སྤྱོད་བཟང་དར་སྤེལ་དང་མི་སྣ་གསོ་སྐྱོང་བྱེད་པའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། དམར་པོའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ། གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། གཞོན་ནུ་ལོ་ཆུང་གི་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་བཅས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། སྤྱི་ཚོགས་ཡོངས་ཀྱིས་སྔར་ལས་ལྷག་པར་ལོ་རྒྱུས་རྟོགས་ནས་ཏང་ལ་དགའ་ཞེན་དང་ལོ་རྒྱུས་རྟོགས་ནས་རྒྱལ་ཁབ་ལ་དགའ་ཞེན་བྱེད་པར་སྣེ་ཁྲིད་བྱེད་དགོས། “ངས་མང་ཚོགས་ལ་དངོས་དོན་སྒྲུབ་པ་”ཞེས་པའི་ལག་ལེན་བྱེད་སྒོ་ལས་ཆགས་པའི་ལམ་སྲོལ་བཟང་པོ་བེད་སྤྱོད་ཡག་པོ་བྱས་ཏེ། རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་ལྷག་བསམ་རྣམ་དག་གིས་མང་ཚོགས་ལ་དངོས་དོན་སྒྲུབ་པ་དང་དཀའ་ངལ་སེལ་བར་སྐུལ་འདེད་གཏོང་དགོས་པ་དང་། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོར་བསྐྱོད་དགོས།
བསོད་ནམས་དབང་རྒྱལ་གྱིས་བསྒྱུར།
※འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2022ལོའི་ཟླ་1ཚེས་11ཉིན་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་ཞིབ་གྲོས་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་ཡིན།