[གནད་བསྡུས] བཙན་པོ་འུ་དུམ་བཙན་གྱི་གདུང་རབས་ལྔ་པ་ཁྲི་གནམ་ལྡེ་དབོན་བཙན་པོའམ་རྒྱས་སྲས་ཀྱིས་མདོ་སྨད་གྱི་ཐང་ཡུལ་དུ་བཙན་པོའི་རྒྱལ་ཁྲིམས“ལྷམ་ཙམ”བསྐྱངས་པས། གྱི་ཐང་རྒྱལ་སྲས་ཞེས་མཚན་སྙན་ཀུན་ལ་རྒྱས། གྱི་ཐང་རྒྱལ་སྲས་ཀྱི་རུས་རྒྱུད་མཆེད་ཁུངས་སྐོར་དང་།
ལྷག་པར་དུ་འཁྲུངས་ཡུལ་གྱི་ངོས་འཛིན་ཐད་ལྟ་ཚུལ་དང་བརྗོད་ཚུལ་ཁ་ཤས་འདུག་ལ། ཕལ་ཆེ་བས་ད་ལྟའི་ཀའོ་ཁྲང་ངམ་ཁྲོམ་ས་ཆ་རུ་གོ ཡིན་ན་ཡང་རྒྱ་བོད་ཡིག་ཚང་མཐའ་དག་ཞིབ་ཏུ་བསྡུར་ཏེ་ལུང་དང་རིགས་པས་བརྟགས་ན། ཁོང་གི་འཁྲུངས་ཡུལ་དངོས་ནི་ཀའོ་ཁྲང་མ་ཡིན་པར་ནུབ་ཕྱོགས་དབུས་གཙང་ཡུལ་ཏེ། བྱེ་བྲག་ཏུ་མང་ཡུལ་ལམ་སྒོ་གསུམ་གྱི་ཡ་གྱལ་ཞིག་ཡིན་པ་གསལ་ལོ། །
[གནད་ཚིག] གྱི་ཐང་རྒྱལ་སྲས། ཀའོ་ཁྲང་། མང་ཡུལ། དབུས་གཙང་ཡུལ།
དང་པོ། གྱི་ཐང་རྒྱལ་སྲས་ཞེས་པའི་མི་སྣ།
རྒྱལ་སྲས་ཀྱི་མཚན་དངོས་ལ་ཁྲི་གནམ་ལྡེ་དབོན་བཙན་པོ་ཟེར་ཞིང་། བསྡུས་མིང་ལ་ཁྲི་ལྡེ་ཞེས་འཁོད། རྒྱལ་སྲས་ཞེས་པ་ནི་ཕྱིས་སུ་སྦྱར་བའི་མཚན་ཡིན་པ་རྒྱ་བོད་ཡིག་ཚང་དག་ལས་གསལ། དེ་ལྟར་སྦྱོར་དོན་ཡང་ཁོང་ཉིད་མདོ་ཁམས་སྨད་དུ་སླེབས་རྗེས། ཡུལ་དང་དུས་བབ་ལ་སོགས་པའི་དགོས་མཁོ་ལ་དམིགས་པར་ངེས་ཏེ།རང་ངོས་ནས་བལྟས་ན་ཁོང་གིས་རང་ཉིད་ཀྱི་ཤན་ཤུགས་དང་འགུག་ཤུགས་ལ་བརྟེན་ནས་ཙོང་ཁའི་ཡུལ་ཕྱོགས་ཀུན་གྱི་འཁོར་འབངས་མཐའ་དག་གི་སྒྲིལ་ཤུགས་དམ་པོར་འོངས་པ་དང་། ཀུན་གྱིས་ལྷག་བསམ་དག་པས་ཁས་ལེན་དང་གདེང་འཇོག་མཛད་པའི་སླད། བཙན་པོའི་གདུང་རྒྱུད་དམ་རྒྱལ་སྲས་ཀྱི་བ་དན་མཐོན་པོར་བསྒྲེངས་པར་ངེས་ལ། ཕྱི་ངོས་ནས་བལྟས་ན་ཙོང་ཁའི་ཡུལ་གྱི་ཚོ་བ་མཐའ་དག་ཡང་བསྐྱར་མཉམ་འབྲེལ་དང་།གཅིག་གྱུར་གྱི་སྲིད་དབང་ཚུགས་པའི་སླད། རྒྱལ་སྲས་ཞེས་པའི་མཚན་ཐོབ་དང་དུ་བླངས་པར་ངེས།
ཙེང་ཀུང་གི 《ལུང་ཕིང་རྩོམ་བཏུས》①ལས“དཔོན་ཆེན་སྲིད་སྐྱོང་སོགས་ཀྱིས་ཞན་ཕིང(998-1003)ཁྲི་ལོ་སྐབས་སུ་ཀ་ཆུར་གདན་དྲངས་ཏེ། བཀའ་གཙིགས་བཅའ་བར་བརྩམས་ཤིང་། མཚན་བརྗེ་སྟེ་རྒྱལ་སྲས་ཞེས་གསོལ།”ཟེར་ལ། ཀྲང་ཧྥང་ཕིང་གི《ལེ་ཆོན་རྩོམ་བཏུས》①ལས“ལོ་དེར་དགུང་གྲངས་བཅུ་གཉིས་ཡིན། ཀ་ཆུ་ནས་བཀའ་གཙིགས་བཅའ་བར་བརྩམས། བཀའ་གཙིགས་བཅའ་བ་ཞེས་པ་ནི་བཀའ་ལ་བརྟེན་ནས་འཁོར་འབངས་དབང་དུ་བསྡུས་པའི་དོན་ནོ། །”ཞེས་དང་། ཡང《སུང་གི་དེབ་ཐེར་ལས་ཐུ་བྷོད་ཀྱི་སྐོར》②ལས“ཀ་ཆུའི་མི་རྣམས་ཀྱིས་སངས་རྒྱས་ལ་རྒྱལ་བ་དང་། བུ་ལ་སྲས་ལགས་ཟེར། དེ་བས་མཚན་ལ་རྒྱལ་སྲས་གསོལ།”ཞེས་འཁོད། གོང་གི་ལུང་ཚིག་དེ་དག་ལས་མ་མཐའ་ཡང་རྟོགས་ཐུབ་པ་ནི་ཁྲི་གནམ་ལྡེ་དབོན་བཙན་པོ་ཁོང་ཉིད་ཀ་ཆུ་ལ་འབྱོར་རྗེས་ད་གཟོད་རྒྱལ་སྲས་ཞེས་པའི་མཚན་ཐོབ་གསོལ་ཞིང་། དེ་ཡང་བཀའ་གཙིགས་ཀྱི་རྣམ་པས་གཏན་ལ་ཕབ་སྟེ་ཀུན་ལ་བསྒྲགས་པར་མངོན། རྒྱལ་སྲས་ཀྱི་རུས་རྒྱུད་ཐད་དུ་རྒྱ་བོད་ཡིག་ཚང་དག་གི་བཞེད་པ་གཅིག་ཏུ་མཐུན་ཏེ། བཙན་པོའི་གདུང་རྒྱུད་དངོས་ཡིན་པ་བསྟན་ཡོད། དེབ་ཐེར་དམར་པོའི་མཆན་འགྲེལ་ལས།“སྔར་བོད་ཀྱི་རྒྱལ་པོ་དཔལ་འཁོར་བཙན་གྱིས་སྲིད་དབང་བཟུང་ནས་ལོ་བཅུ་གཅིག་པ་ཤིང་ཡོས(ཐང་ཀྲའོ་ཙུང་གི་ཆེན་ཉིང་ཁྲི་ལོ་གཉིས་པ)སྤྱི་ལོ895ལོར་ཞིང་པའི་གྱེན་ལངས་ཀྱི་འགོ་བ་བློན་པོ་ཤུད་པུ་སྟག་རྩེ་གཉགས་ཀྱིས་རྒྱལ་པོ་དཔལ་འཁོར་བཙན་བཀྲོངས་པའི་རྗེས་སུ། དེའི་བུ་ཆེ་བ་སྐྱིད་ལྡེ་ཉི་མ་མགོན་དང་། ཆུང་བ་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་གཉིས་མངའ་རིས་སུ་བྲོས་པ་ལས། བུ་ཆེ་བའི་རྒྱུད་ནས་ལ་དྭགས་དང་། གུ་གེའི་རྒྱལ་རྒྱུད་རྣམས་བྱུང་ཞིང་། བུ་ཆུང་བ་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ལ་བུ་གསུམ་ཡོད་པའི་འབྲིང་པོ་འོད་ལྡེ་ལ་བུ་བཞི་བྱུང་། བུ་གཉིས་པ་ཁྲི་ལྡེ་ཟེར་བ་མདོ་སྨད་དུ་སོང་ནས་མདོ་སྨད་ཀྱི་རྒྱལ་རྒྱུད་རྣམས་བྱུང་བ་ལ་རྒྱལ་སྲས་ཚོ་བ་ཟེར་ཞིང་། རང་རྒྱལ་གྱི་སུང་རྒྱལ་རབས་དང་ཚོང་ལས་ཀྱི་འབྲེལ་བ་ལེགས་པོ་བྱུང་ཡོད”ཅེས་བཀོད་ཡོད་ལ།《རྒྱལ་རབས་གསལ་བའི་མེ་ལོང》ལས།“རྗེ་དཔལ་འཁོར་བཙན་གྱི་ཆུན་མའི་སྲས།(འདི་ནས་ལ་སྟོད་དང་།གཙང་སྟོད་བཙོང་ཁ་མདོ་སྨད་ཡར་ལུང་ཇོ་བོ་ལ་སོགས་བོད་ཀྱི་རྒྱལ་རྒྱུད་ཡིན་ངེས་སོ)བཀྲ་ཤིས་བརྩེགས་པ་ལ་སྲས་གསུམ་བྱུང་བ་དཔལ་ལྡེ་འོད་ལྡེ་སྐྱིད་ལྡེ་གསུམ་ཡིན་ཏེ། འདི་གསུམ་ལ་སྨད་དུ་བཞུགས་པའི་ལྡེ་གསུམ་ཟེར། … …སྲས་འབྲིང་པོ་འོད་ལྡེ་ལ་སྲས་བཞི་བྱུང་བ། ཕ་བ་དེ་སེ་ཁྲི་ལྡེ་ཁྲི་ཆུང་ཉག་ལྡེའོ། ། ཕ་བ་དེ་སེའི་རྒྱུད་སྣུབ་ཡུལ་དང་རོང་དང་། གཡག་སྡེ་ཉང་སྟོད་སྟག་ཚལ་ན་ཡོད་དོ། ། ཁྲི་ལྡེའི་རྒྱུད་ནི་ཤར་བཙོང་ཁའི་རྒྱལ་པོ་སྤྱན་མངའ་དོན་ཆེན་ལ་སོགས་པ་མདོ་སྨད་ཀྱི་བཙད་པོ་ད་ལྟ་བཞུགས་པ་རྣམས་ཡིན་ནོ། །”ཞེས་དང་། 《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ལས།“ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ལ་སྲས་དཔལ་ལྡེ། འོད་ལྡེ། སྐྱིད་ལྡེ་གསུམ་བྱུང་བའི་ཆེ་བའི་རྒྱུད་པ་གུང་ཐང་པ། ཀླུ་རྒྱལ་པ། སྤྱི་པ་ལྷ་རྩེ་གླང་ལུང་རྩང་བསྐོར་རྣམས་དང་། ཆུང་བའི་རྒྱུད་པ་འཇང་རྟ་ནག་ཏུ་ཐོག་པ་ལས་མཆེད་པའི་འབྲོ་བ། གཡས་རུ་རུ་ལག ཉང་།མུས་སོགས་ཀྱི་བཙད་པོར་གྲགས་པ་མང་ཞིང་། འབྲིང་པོ་ལ་སྲས་ཕ་བ་དེ་སེ། ཁྲི་ལྡེ། ཁྲི་ཆུང་། ཉག་པ་བཞི་ལས། དང་པོ་དང་བཞི་པ་གཙང་རོང་གི་ཕྱོགས་དང་། གཉིས་པ་མདོ་སྨད་བཙོང་ཁར་ཡོད་ཅིང་། གསུམ་པ་ཁྲི་ཆུང་གིས་ཡར་ཀླུངས་སུ་བཞུགས་ནས་སྐུ་མཁར་འཕྱིང་བ་སྟག་རྩེ་བཟུང”ཞེས་དང་། དེ་བཞིན་དུ《མདོ་སྨད་ཆོས་འབྱུང》དང《ཆོས་འབྱུང་མཁས་པའི་དགའ་སྟོན》སོགས་སུའང་རགས་བསྡུས་ཤིག་བསྟན་ཡོད། དོན་ཆེན(བཙན)ནི་ཙོང་ཁ་རྒྱལ་རབས་ཀྱི་ཁྲི་ཐོག་གཉིས་པ་སྟེ། འདིས་སྲིད་བསྐྱངས་པའི་རིང་ལ། འགྲོ་དོན་རྒྱ་ཆེན་པོ་མཛད་པ་དང་།ཕན་བདེའི་འབྲས་བུ་གཡུར་དུ་ཟ་བ་ཞིག་བླངས་ཡོད་སྟབས། སྙན་གྲགས་ཤིན་ཏུ་བརྟས་ཡོད་ལ། བོད་ཀྱི་ལོ་རྒྱུས་ཡིག་ཚང་དག་ནའང་གདེང་འཇོག་ཆེན་པོ་མཛད་ཡོད།
དེས་ན་རྒྱལ་སྲས་ནི་བཙན་པོའི་གདུང་རྒྱུད་དངོས་ཡིན་པ་བསྙོན་དུ་མེད་དེ། རྒྱ་ཡིག་གི་ལོ་རྒྱུས་ཡིག་ཚང《སུང་གི་དེབ་ཐེར་ལས་ཐུ་བྷོད་ཀྱི་སྐོར》ལས“རྒྱལ་སྲས་ནི་བཙན་པོའི་གདུང་རྒྱུད་ཡིན། མིང་དངོས་ལ་ཁྲི་གནམ་ལྡེ་དབོན་བཙན་པོ་ཟེར།”ཞེས་དང་། 《སྲིད་སྐྱོང་ཀུན་གསལ་མེ་ལོང་མཐུད་འགོད་རྒྱས་མ》①ལས་ཀྱང“རྒྱལ་སྲས་ནི་ཐུ་བྷོད་ཀྱི་རྒྱལ་པོའི་གདུང་རྒྱུད་ཡིན།”ཞེས་གསལ་བོར་བསྟན་ཡོད་ལ། དེབ་ཐེར་གཞན་དག་ནའང་དེར་མཐུན་གྱི་བྱུང་བ་འཐད་ལྡན་དུ་བརྗོད་ཡོད་དོ། །
གཉིས་པ། གྱི་ཐང་རྒྱལ་སྲས་ཀྱི་འཁྲུངས་ཡུལ།
རྒྱལ་སྲས་ཀྱི་འཁྲུངས་ཡུལ་ངེས་ཟིན་པར་ཐོག་མར་སྟོད་ཀྱི་མགོན་གསུམ་དང་སྨད་ཀྱི་ལྡེ་གསུམ་གྱིས་མངའ་དབང་བསྒྱུར་པའི་ས་གནས་ཡུལ་བབ་སྐོར་བོད་ཀྱི་ལོ་རྒྱུས་ཆོས་འབྱུང་དག་ལས་ཇི་ལྟར་འཁོད་པ་དཀྱུས་གཅིག་ཏུ་བསྒྲིལ་ན། འོད་སྲུང་གི་སྲས་མངའ་བདག་དཔལ་འཁོར་བཙན་གྱི་བཙུན་མོ་ཆུན་མ་མཆིམས་བཟའ་བཙུན་ནེ་ལ་གཅེན་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དང་། ཆེན་མ་སྣ་ནམ་བཟའ་ལེགས་བཙུན་ལ་གཅུང་སྐྱིད་ལྡེ་ཉི་མ་མགོན་འཁྲུངས། སྐྱིད་ལྡེ་ཉི་མ་མགོན་སྐུ་ནར་སོན་རྗེས། ཁོང་གི་སྲིད་ཕལ་ཆེར་ཡུམ་བརྟན་རྒྱུད་ཀྱིས་ཁྱེར་བས་བཞུགས་བཟོད་མ་བདེ་བ་བྱུང་སྟེ་མངའ་རིས་སུ་བྱོན་པར་རྩོམ་པ་ན་ཡབ་ཀྱི་ཞལ་ནས“ལྷོ་མོན་དུང་ཁ་ཕྱེ་བ་འདྲ་བ་དང་། འབྲུ་ཤ་དང་། སྦལ་ཏི་དང་། ས་སྒང་གི་གྲོག་མོ་ལ་སོགས་པ་མི་དང་མི་མ་ཡིན་པའི་གནོད་པ་མང་པོ་ཡོད་པས། ཡི་དམ་དང་སྲུང་མར་མདོ་སྔགས་ཀྱི་ཆོ་ག་འདི་རྣམས་གྱིས་ཤིག་གསུངས་ནས་གནང་བས། མངའ་རིས་ཀྱི་བརྩད་པོ་རྣམས་ཆབ་སྲིད་དང་། མངའ་རིས་མཐོ་བར་བྱིན་རླབས་ཆེ་བ་ཡིན།”②ཞེས་གསུངས་པ་ལྟར། སྐྱིད་ལྡེ་ཉི་མ་མགོན་གྱིས་མངའ་རིས་སྟོད་ནས་འཕྲིན་ལས་བསྐྱངས་ཤིང་། དེའི་རྒྱུད་དུ་སྲས་ཆེ་བ་དཔལ་གྱི་རིག་པ་མགོན་དང་། བར་བ་བཀྲ་ཤིས་ལྡེ་མགོན། ཆུང་བ་ལྡེ་གཙུག་མགོན་གསུམ་རིམ་པར་འཁྲུངས་པས་སྐུ་ན་སོན་རྗེས་ཡབ་ཀྱིས་སྲས་གསུམ་པོར་མངའ་རིས་སྐོར་གསུམ་སོ་སོར་བགོ་བཤའ་གནང་བ་ནི། ཆེ་བ་དཔལ་གྱི་རིག་པ་མགོན་ལ་མར་ཡུལ་དང་།འབངས་གཞི་ནག་ཅན། ཤར་རུ་ཐོག་དང་། གསེར་ཁ་འགོག་ལད་ཀྱི་སྡེ་མཆོག་དཀར་པོ། མཚམས་ཀྱི་ར་བ་དམར་པོ། ཝམ་ལེ་ཡི་མིག་གི་ཕ་བོང་ལ་མགོ་བར། ནུབ་ཁ་ཆེའི་ལ་རྩ། རྡོ་བུག་པ་ཅན་ཡན་ཆད། བྱང་གསེར་ཁ་འགོག་པོ་ཚུན་ཆད་ཀྱི་ས་རྒྱ་ལ་གཏོགས་པ་རྣམས། བར་བ་བཀྲ་ཤིས་ལྡེ་མགོན་ལ་ཞང་ཞུང་དང་། ཡ་རྩི། ཆུང་བ་ལྡེ་གཙིག་མགོན་ལ་ཟངས་དཀར་སྒོ་གསུམ། སྦལ་ཏི། སྤི་ལྕོག་དང་བཅས་པའོ། །
དེ་ཇི་བཞིན་མངའ་བདག་དཔལ་འཁོར་བཙན་གྱི་སྲས་ཆེ་བ་ཁྲི་བཀྲ་ཤིས་བརྩེགས་པ་སྐུ་ནར་སོན་རྗེས། ཁོང་གི་མངའ་རིས་ཕལ་ཆེར་ཡུམ་བརྟན་ཕྱོགས་ཀྱིས་འཕྲོག་པས་གཙང་དུ་ཕེབས་ཏེ་ཉང་སྟོད་རྒྱལ་མཁར་རྩེ་བཟུང་།བཙུན་མོ་ཅོག་རོ་བཟའ་མགོན་ཁབ་ཏུ་བཞེས་པར་སྲས་དཔལ་ལྡེ་དང་། འོད་ལྡེ། སྐྱིད་ལྡེ་བཅས་སྨད་ཀྱི་ལྡེ་གསུམ་དུ་གྲགས་པ་རིམ་བཞིན་འཁྲུངས། སྤྱི་ལོ992ལོར་ཡབ་མཆེད་སོ་སོར་གྱེས་ནས་ལྡེ་གསུམ་པོ་གྲོམ་པ་ལྷ་རྩེར་གདན་ཕབ་སྟེ་གཙང་ཕྱོགས་ལ་མངའ་མཛད་པས། སྨད་ཀྱི་ལྡེ་གསུམ་དུ་གྲགས།
བཀྲ་ཤིས་བརྩེགས་པ་དཔལ་གྱིས་ཉང་སྟོད་རྒྱལ་མཁར་བཟུང་བའི་སྐབས་ཡབ་དཔལ་འཁོར་བཙན་གཤེགས་ཏེ་མཚན་ཙམ་གྱིས་དབུས་གཙང་རྒྱལ་པོའི་སྲིད་ལ་དབང་བསྐུར། དེ་རྗེས་ལ་སྟོད་དུ་བཞུགས་པའི་ཕོ་བྲང་ནི་ཡབ་ཀྱི་སྐུ་དུས་བཞེངས་པ་གྲོམ་པ་ལྷ་རྩེའི་བྲག་དམར་ཡིན་ནོ། །“དེ་ཡང་དཔལ་ལྡེའི་རྒྱུད་ཀྱིས་ཟམ་པ་གསུམ་དབང་མཛད་པ་ནི། ལྷ་རྩེའི་ནས་ཟམ་སྔོན་མོ། གླིང་བུའི་ཤ་ཟམ་དམར་མོ། མང་ཡུལ་གྱི་གསེར་ཟམ་སེར་པོའོ། ། འོད་ལྡེའི་རྒྱུད་ཀྱིས་སྒོ་གསུམ་ལ་དབང་མཛད་པ་ནི། དྲིན་དང་གཉའ་ནམ་རྫས་ཀྱི་སྒོ། བུད་མཁར་ར་ཤིང་གི་སྒོ། ཟར་སྟག་སྣ་བཙོས་ཀྱི་སྒོའོ། ། སྐྱིད་ལྡེའི་རྒྱུད་ཀྱིས་བྱང་གི་མཛོད་གསུམ་ལ་དབང་མཛད་པ་ནི། བྱང་གཡུ་མཚོ་སྔོན་པོ་ཚྭའི་མཛོད། བྱང་ཁ་སྣ་བརྒྱད་ཤའི་མཛོད། གུ་ལང་གོ་པོ་གསེར་གྱི་མཛོད།”① ཅེས་གྲགས་པའོ། །
ཁྲི་བཀྲ་ཤིས་བརྩེགས་པ་དཔལ་གྱི་སྲས་འབྲིང་པོ་འོད་ལྡེ་ལ་སྲས་ཕ་བ་དེ་སེ་དང་། ཁྲི་ལྡེ། ཉག་ལྡེ། ཁྲི་ཆུང་རྣམས་རིམ་པར་འཁྲུངས་པ་ལས་ཁྲི་ལྡེ་མདོ་ཁམས་སུ་བྱོན་ཏེ་ཙོང་ཁ་ཡུལ་ཆེན་བཅོ་བརྒྱད་ལ་སོགས་པ་མདོ་སྨད་ཕལ་ཆེར་ལ་མངའ་མཛད་པས་སྨད་ནས་རྒྱལ་ཁྲིམས་ལྷམ་ཙམ་ཆགས་ཞེས་གྲགས། དེས་ན་ལོ་རྒྱུས་ཀྱི་བསྟན་དོན་འདི་དག་ལས་སྨད་ཀྱི་ལྡེ་གསུམ་གྱིས་མངའ་རིས་སྨད་ཀྱི་མང་ཡུལ་ཏེ། གཙང་ས་ཁུལ་གྱི་སྐྱིད་ལུང་ལྷོ་ཕྱོགས་བལ་ཡུལ་དང་ཐག་ཉེ་བའི་ས་གནས་མཐའ་དག་ལ་མངའ་མཛད་ཡོད་པ་ཤེས་ཐུབ་ལ། སྒོས་སུ་འོད་ལྡེའི་རྒྱུད་ཀྱིས་དྲིན་དང་གཉའ་ནང་རྫས་ཀྱི་སྒོ་དང་། བུད་མཁར་ར་ཤིང་གི་སྒོ། ཟར་སྟག་སྣ་བཙོས་ཀྱི་སྒོ་སྟེ། སྒོ་གསུམ་ལ་རིམ་པ་བཞིན་དབང་བསྒྱུར་ཡོད་པའི་གནས་ཚུལ་ལ་གཞིགས་ན་རྒྱལ་སྲས་སམ་ཁྲི་ལྡེའི་འཁྲུངས་ཡུལ་ནི་སྒོ་གསུམ་ལས་གང་རུང་ཞིག་ཡིན་པར་འདོད་དོ། །
རྒྱ་ཡིག་གི་ལོ་རྒྱུས་ཡིག་ཚང《སུང་གི་དེབ་ཐེར་ལས་ཐུ་བྷོད་ཀྱི་སྐོར》དང་། 《སྲིད་སྐྱོང་ཀུན་གསལ་མེ་ལོང་མཐུད་འགོད་རྒྱས་མ》གཉིས་ལས་རྒྱལ་སྲས་ཀྱི་འཁྲུངས་ཡུལ་ཀའོ་ཁྲང②གི་མོ་ཡུའུ་རྒྱལ་ཁམས(磨榆国)ཡིན་ཞེས་བརྗོད་ལ། 《ལུང་ཕིང་རྩོམ་བཏུས》ལས། མོ་ཡུའུ་རྒྱལ་ཁམས་ཞེས་པ་ཁོ་ན་ལས་བསྟན་མེད། 《ལེ་ཆོན་རྩོམ་བཏུས》③ལས། ནུབ་ཁུལ་ཝུའུ་སན་མེན(西域武三咩)ནས་འཁྲུངས་པར་བརྗོད་ལ། ད་དུང་ཝུའུ་སན་མེན་དང་ཕྱིས་སུ་རྒྱལ་སྲས་བཞུགས་སའི་གྱི་ཐང་མཁར་བར་དུ་ཡུལ་མང་པོ་བརྒྱུད་དགོས་སྟབས་བར་ཐག་ཧ་ཅང་རིང་ཞེས་བྲིས་ཡོད། ཀའོ་ཁྲང་གི་མོ་ཡུའུ་རྒྱལ་ཁམས་ཞེས་པ་ལོ་རྒྱུས་སྟེང་གི་མང་ཡུལ་དང་མར་ཡུལ་གཉིས་ལས་གཅིག་ལ་གོ་དགོས་སྙམ་སྟེ། མང་ཡུལ་ནི་ད་ལྟའི་གཞིས་ཀ་རྩེ་ས་ཁུལ་གྱི་སྐྱིད་ལུང་ལྷོ་ཕྱོགས་ཀྱི་ས་གནས་ལ་བྱ་ཞིང་། མར་ཡུལ་ནི་ད་ལྟའི་མངའ་རིས་ས་ཁུལ་གྱི་སེང་གེ་གཙང་པོའི་མར་རྒྱུད་དང་ལ་དྭགས་ལ་འབྲེལ་བའི་ས་ཁུལ་རྒྱ་ཆེན་པོ་དེར་བྱ། ས་གནས་འདི་གཉིས་སྔོན་ཆད་འོད་སྲུང་གི་གདུང་རྒྱུད་འཚོ་བཞུགས་གནང་བའི་ཡུལ་ལ་གཏོགས་ཤིང་། སྒོས་སུ་མང་ཡུལ་ནི་སྨད་ཀྱི་ལྡེ་གསུམ་གྱིས་དབང་བསྒྱུར་པའི་ཡུལ་ཡིན་པས་དེར་འཁེལ་ཡོད། ལོ་རྒྱུས་སྨྲ་པ་འགས་སྔོན་ཐང་རྒྱལ་རབས་ཀྱི་སློབ་གཉེར་པ་ཁ་ཤས་ཀྱིས་རྒྱ་གར་ནས་སངས་རྒྱས་བསྟན་པའི་ཐོས་བསམ་མཛད་དེ་ཕྱིར་ལོག་དུས་མང་ཡུལ་དང་བསམ་ཡས་དགོན་བརྒྱུད་ནས་འོངས་པ་རྒྱུ་མཚན་དུ་བྱས་ཏེ། 《ལེ་ཆོན་རྩོམ་བཏུས》ལས་བསྟན་པའི་ཝུའུ་སན་མེན(武三咩)ཞེས་པར་དབུས་བསམ་ཡས་ཞེས་འདོད་པ་ནི་མང་ཡུལ་དང་བསམ་ཡས་གཉིས་ས་ཁོངས་གཅིག་ལ་ངོས་བཟུང་བའི་སྐྱོན་དུ་ཟད། དོན་ལ་ཝུའུ་སན་མེན་ཞེས་པ་ནི་དབུས་གཙང་ཡུལ་ཞེས་པའི་སྒྲ་འགྱུར་ཏེ། ད་ལྟ་ད་དུང་བོད་སྐད་དུ་དབུས་གཙང་ས་ཆར་དབུས་གཙང་ཡུལ་ཞེས་ཟེར་ལ། ནང་སྒོས་སུ་ཨ་མདོའི་སྐད་དང་ཁམས་སྐད་ཁྲོད་རྒྱུན་པར་འདི་ལྟར་སྤྱོད་དོ། །
ཀའོ་ཁྲང་ནི་ད་ལྟ་ལྟར་ན་ཞིན་ཅང་མངའ་ཁོངས་ཀྱི་ཐོར་འགོད་པ(吐鲁番)ཞེས་པའི་ཡུལ་ལ་བྱ་བས། ནུབ་ཕྱོགས་ཀྱི་མང་ཡུལ་དང་ས་གནས་འབྲེལ་མེད་ཀྱང་། རྒྱའི་ལོ་རྒྱུས་སྨྲ་པས་དེ་གཉིས་གཞི་གཅིག་ཏུ་སྦྱོར་བར་བལྟས་ན། རྒྱལ་སྲས་ཀྱི་འཁྲུངས་ཡུལ་མང་ཡུལ་ཡིན་ཡང་། ཁྲོམ①ན་ཡོད་པའི་བོད་མི་དང་འབྲེལ་འདྲིས་ལྷག་ཏུ་ཆེ་བའི་རྐྱེན་གྱིས་ཡིན་ནམ་སྙམ། རྒྱུ་མཚན་ནི་སྔར་བཙན་པོ་རྒྱལ་རབས་ཀྱི་དཔུང་གིས་ཨན་ཞི་སྡེ་བཞི②དང་ཁྲོམ་སོགས་ལོ་མང་པོར་བཟུང་མྱོང་བ་ལོ་རྒྱུས་ལས་གསལ། རྗེས་སུ། བཙན་པོའི་ཆབ་སྲིད་དང་དམག་ཤུགས་ཕྱིར་ལྡོག་ཀྱང་། རུ་དཔུང་དང་མཉམ་དུ་འོངས་པའི་མི་སེར་དང་དོན་མཐུན་གྱི་ཚོགས་སོགས་མུ་མཐུད་དུ་ཡུལ་དེ་དག་ཏུ་གཞིས་སྡོད་བཅས་ཏེ་ཤུལ་བསྐྱངས་པར་ངེས་པས། བོད་མིའི་གྲངས་འབོར་མི་ཉུང་བ་ཞིག་འཕར་ཡོད་སྲིད །
མང་ཡུལ་དང་ཁྲོམ་གཉིས་ཡུལ་གཅིག་ཏུ་སྦྱར་བའི་རྒྱུ་མཚན་གཞན་ཞིག་ནི། བཙན་པོའི་གདུང་རྒྱུད་ཁྲི་ལྡེ་གདན་འདྲེན་དུས་མདོ་སྨད་ནས་ཁྲོམ་དང་དེ་ནས་མང་ཡུལ་ལ་ཕྱིན་སྟབས། ཡུལ་ཕྱོགས་དང་ལམ་ཐིག་གསལ་བོར་སྟོན་པའི་དགོས་དབང་གིས་དེ་ལྟར་བཀོད་པ་ཡིན་ནམ་བསམས། དེ་ཀའོ་ཁྲང་མང་ཡུལ་ཞེས་གང་ནས་གདན་དྲངས་པའི་ཡུལ་མིང་གསལ་བཤད་ཀྱི་མིང་རྗེས་སུ་སྦྱར་བ་ལས་རྟོགས་ཐུབ་སྟེ། མདོ་སྨད་ཕྱོགས་ནས་བལྟས་ན་ཐོག་མར་ཁྲོམ་དང་དེ་ནས་རིམ་པར་མངའ་རིས་སྨད་ཀྱི་མང་ཡུལ་སོགས་ཆགས་ཡོད་པས་མང་ཡུལ་ཀའོ་ཁྲང་ཞེས་ན་དོན་དེ་ལྟར་མི་གོའོ། ། དེ་བས་དགེ་བའི་བཤེས་གཉེན་དམུ་དགེ་བསམ་གཏན་མཆོག་གིས་ཀྱང“སྟོད་མངའ་རིས་དང་ཞིན་ཅང་ཁད་ཉེ་ཞིང་། ཞིན་ཅང་ཡང་བར་སྐབས་ཤིག་ཏུ་བོད་ཀྱི་ཆབ་འོག་ཏུ་གཏོགས་པས། མངའ་རིས་དང་ཞིན་ཅང་ཁྱད་མ་ཕྱེ་བར་འདྲ་སྟེ། རྒྱལ་སྲས་འདི་ནི་སྟོད་མངའ་རིས་ཕྱོགས་ནས་འོངས་པ་ཡིན།”①ཞེས་གསུངས་པ་ནི་རྒྱུ་མཚན་དོན་ལ་གནས་པར་བསམས་སོ། །
ཡང་དེབ་ཐེར་གཞན་དག་ན“ཁྲི་གནམ་ལྡེ་དབོན་བཙན་པོ་མངའ་རིས་མང(མར)ཡུལ་གྱི་རྒོད་ཚང་སྟོད་ནས་སྐྱེས།”②ཞེས་འཁོད་ལ། རྒོད་ཚང་སྟོད་ནི་ད་ལྟའི་མངའ་རིས་ས་ཆའི་སྒར་རྫོང་ངམ་སྒར་ཐོག་རྫོང་ལ་བྱ་ཞེས་བརྗོད། དེ་དང་མངའ་རིས་སྨད་ཀྱི་མང་ཡུལ་གྱི་གྲོམ་པ་ལྷ་རྩེ་དང་གཙང་ལ་སྟོད། གཉའ་ནང་། སྐྱིད་ལུང་སོགས་སྨད་ཀྱི་ལྡེ་གསུམ་གྱིས་མངའ་དབང་མཛད་པར་གྲགས་པའི་ཡུལ་ཕྱོགས་གཅིག་ཏུ་མ་ངེས་ཤིང་། སྒོས་སུ་འོད་ལྡེའི་རྒྱུད་ཀྱིས་དབང་བསྒྱུར་པའི་སྒོ་གསུམ་དང་ས་གནས་ཀྱི་འབྲེལ་བ་མེད་པས་ཁས་ལེན་ཁག་པོ་འདུག དེ་བས་རྒོད་ཚང་ཞེས་སྦྱར་བ་རྒྱ་ཡིག་ཏུ་འཁོད་པའི་མིང་བརྡ་ཀའོ་ཁྲང་གཞིར་བྱས་པའམ་ཡང་ན་དེའི་འགྱུར་ཡིན་ནམ་སྙམ་སྟེ་བརྟག་པར་བྱའོ། །
གསུམ་པ། དོགས་གཞི་དང་བློ་བསྐྱེད།
བཙན་པོའི་གདུང་རྒྱུད་ཁྲི་གནམ་ལྡེ་དབོན་བཙན་པོ་ཞེས་པའི་མཚན་གྱི་རྣམ་གྲངས་ལ་ཁྲི་ལྡེ་དང་། རྒྱལ་སྲས། ཙོང་ཁ་རྒྱལ་པོ་སོགས་སྦྱོར་ཚུལ་དུ་མ་མཆིས་པས། ལོ་རྒྱུས་ཞིབ་འཇུག་པ་དག་ལ་མཚོན་ན་འཁྲུལ་གཞི་ཞིག་ཏུ་གྱུར་ཡོད། དེ་ཡང་རྒྱ་བོད་ཡིག་ཚང་མཐའ་དག་ཞིབ་ཏུ་བསྡུར་ན་འདི་ལྟར་གོ་སྟེ། ཁྲི་གནམ་ལྡེ་དབོན་བཙན་པོ་ནི་ཐོག་མའི་དངོས་མིང་དང་། ཁྲི་ལྡེ་ཞེས་པ་ནི་བསྡུས་མིང་དུ་བྱ། ཁྲི་ལྡེ་མདོ་ཁམས་སྨད་དུ་འབྱོར་ཏེ་རེབ་གོང་མཁར་ན་བཞུགས་པའི་དུས་སུ། ཀ་ཆུའི་མི་དྲག་སྲིད་སྐྱོང་གིས་ཆོས་སྲིད་ལུགས་གཉིས་ཀྱི་དགོས་དབང་ལ་དམིགས་ཏེ་གོང་མའི་སྒྲུབ་ལུགས་ལྟར། བཀའ་གཙིགས་བཅོས་ཤིང་རྒྱལ་སྲས་ཞེས་པའི་མཚན་གསོལ། ཕྱིས་སུ་རྒྱལ་སྲས་ཀྱིས་གྱི་ཐང་མཁར་དུ་རང་རྐྱ་འཕེར་བའི་སྒོ་ནས་སྲིད་དབང་བསྐྱངས་ཏེ། ཙོང་ཁའི་བདེ་ཁམས་བཅོ་བརྒྱད་ཡོངས་ཀྱི་བདག་པོར་གྱུར་རྗེས། ཙོང་ཁ་རྒྱལ་པོ་ཞེས་པའི་མཚན་འབྱོར་ཞིང་དེར་བརྟེན་ནས་སྙན་པའི་གྲགས་པ་ཆེས་ཆེར་རྒྱས། ཙོང་ཁ་རྒྱལ་པོའི་ལོ་རྒྱུས་འཕེལ་རིམ་ལ་གཞིགས་ན། ཁྲི་གནམ་ལྡེ་དབོན་བཙན་པོ་དང་། ཁྲི་ལྡེ། རྒྱལ་སྲས། ཙོང་ཁ་རྒྱལ་པོ་སོགས་མཚན་གྱི་སྦྱོར་སྟངས་རེ་རེས་བདག་ཉིད་ཆེན་པོ་གང་ཞིག་གི་མི་ཚེའི་བརྒྱུད་རིམ་དང་ཙོང་ཁ་ལོ་རྒྱུས་ཀྱི་འཕེལ་རིམ་མཚོན་པར་མ་ཟད། ད་དུང་ལོ་རྒྱུས་ཀྱི་དཀྱོག་མཚམས་སོ་སོར་གྱུར་ཡོད། ཁོང་ཉིད་བཙན་པོའི་གདུང་རྒྱུད་དངོས་ཡིན་མིན་ཐད། རྒྱ་བོད་ཡིག་ཚང་རིགས་གཉིས་ཀྱི་བཞེད་པ་གཅིག་མཐུན་ཡིན་ཡང་། གདུང་རྒྱུད་ཇི་ལྟར་མཆེད་པའི་སྐོར་རྒྱ་ཡིག་ཏུ་ཞིབ་མོར་མི་སྣང་བས་བོད་ཡིག་ལ་ལུང་ཁུངས་བཅོལ་ཏེ་དཔྱད་ན། བཙན་པོ་འུ་དུམ་བཙན་གྱི་གདུང་རབས་ལྔ་པ་ཡིན་པ་གསལ་ལ། མངའ་བདག་འོད་སྲུངས་ནས་བརྒྱུད་པའི་མི་རབས་ཕྱི་མ་ཡིན་པ་བསྙོན་དུ་མེད་དོ། །
རྒྱལ་སྲས་ཁྲི་གནམ་ལྡེ་དབོན་བཙན་པོ་གང་ནས་གདན་དྲངས་པའམ་འཁྲུངས་ཡུལ་དངོས་གང་ལ་ངོས་འཛིན་དགོས་པའི་ཐད། རྒྱ་ཡིག་གི་ལོ་རྒྱུས་ཡིག་ཚང་ལྟར་ན“武三咩”སྟེ་དབུས་གཙང་ཡུལ་དང་། བྱེ་བྲག་ཏུ“磨榆”སྟེ་མང་ཡུལ་ཡིན་པ་གསལ་མོད། འོན་ཀྱང་འདིའི་སྐོར་དུ་ཞིབ་འཇུག་གནང་མཁན་འགའ་ཡིས་རྒྱ་ཡིག་གི་དེབ་ཐེར་གཞན་ན“磨榆”ཞེས་པའི་ཡུལ་མིང་གི་སྔོན་དུ“高昌”ཞེས་ཡིག་འབྲུ་གཉིས་འཁོད་པ་རྒྱུ་མཚན་དུ་བྱས་ཏེ། ཁོང་ཉིད“高昌”ཡུལ་ནས་འཁྲུངས་པར་བཞེད། དོན་ལ“高昌”དང“磨榆”གཉིས་གཞི་གཅིག་ཏུ་སྦྱར་བའང་ཡུལ་སྔ་ཕྱིའི་ཁྱད་པར་སྟོན་པའི་ཕྱིར་དུ་ཡིན་པ་གོང་དུ་བརྗོད་ཟིན་པས། རིགས་ལམ་དེ་ལྟར་ཞིབ་ཏུ་བརྟགས་ན་ལུང་དང་རིགས་པའི་བོགས་ཐོན་པར་སྙམ་མོ། ། ལྷག་པར་དུ་བོད་ཡིག་གི་ཡིག་ཚང་ལྟར་ན་སྨད་ཀྱི་ལྡེ་གསུམ་གྱིས་མང་ཡུལ་སྤྱི་ལ་དབང་བསྒྱུར་ཅིང་།དེ་ལས་འོད་ལྡེའི་རྒྱུད་ཀྱིས་སྒོ་གསུམ་ལ་མངའ་མཛད་ཡོད་པ་ཤིན་ཏུ་གསལ་བས། ཁྲི་ལྡེའི་ཐོག་མའི་བཞུགས་ཡུལ་ཡང་མང་ཡུལ་དཀྱིལ་སྙིང་དུ་བྱས་པའི་སྒོ་གསུམ་གང་རུང་ལ་གཏོགས་པ་ཤེས་ཐུབ་ལ། ཁོང་ཉིད་གང་ནས་གདན་དྲངས་པའང་ཡུལ་དེའི་ཕྱོགས་སུ་འཁེལ་དགོས་པ་ངེས་པ་དོན་གྱིས་བསྟན་ཡོད་དོ། །
མཆན། རྩོམ་ཡིག་འདི་ནི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་མ་དངུལ་ལས་གཞི“ཙོང་ཁ་རྒྱལ་རབས་ཆགས་འཇིག་གི་རྒྱུ་རྐྱེན་ཞིབ་འཇུག”(ལས་གཞིའི་ཆོག་མཆན་ཨང་གྲངས20XMZ011)ཅེས་པའི་བར་སྐབས་རང་བཞིན་གྱི་དཔྱད་འབྲས་ཡིན།
注:本文为国家社科基金项目“青唐王子政权兴衰之因研究”(项目批准号:20XMZ011)的阶段性成果。
* ཚེ་རྡོ། མཚོ་སྔོན་ཞིང་ཆེན་ཏང་ཨུ་སློབ་གྲྭའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་ཕྱག་ལས་གནང་བཞིན་ཡོད།
①(北宋)曾巩(1019-1083).《隆平集》[M]台湾文海出版社,1967年.
①(宋)张方平(公元1007-公元1091).《乐全集》[M]台湾“商务印书馆”影印文渊阁四库全书本,1983.
②(宋)脱脱、阿鲁图.《宋史》卷四九二《吐蕃传》[M]北京,中华书局,1977.
①(南宋)李焘(1115年-1184年).《续资治通鉴长编》[M]北京:中华书局,1992.
② ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010:457.
① མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། བསྟན་རྩིས་གསལ་བའི་ཉིན་བྱེད། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988:71.
② ཀའོ་ཁྲང་། ས་མིང་སྟེ། རྒྱ་ཡིག་ཏུ“高昌”ཞེས་སྣང་། ད་ལྟའི་ཞིན་ཅིང་གི་ཐོར་འགོད་པ(新疆吐鲁番)ས་ཁུལ་ལ་གོ
③(宋)张方平(公元1007-公元1091).《乐全集》卷二二《秦州奏唃厮啰事》[M]台湾“商务印书馆”影印文渊阁四库全书本,1983.
① བཙན་པོའི་རྒྱལ་རབས་སྐབས་སུ། ཁྲོམ་ཞེས་པ་མཐའ་མཚམས་ཀྱི་དམག་དོན་སྲིད་འཛིན་ས་ཁུལ་ལ་བྱ། དོན་ལ་ཁྲོམ་ར་དང་མཁར་གྲོང་ལ་གོ ཏུན་ཧོང་ཡིག་རྙིང་ལས་ཀའོ་ཁྲང་ས་ཆར་ཁྲོམ་ཞེས་འཁོད། གཞན་བཙན་པོའི་རྒྱལ་རབས་སྐབས་སུ་རྨ་ནུབ་ས་ཁུལ་གྱི་ཀྲིག(州)སོ་སོར་ཡང་ཁྲོམ་ཞེས་འབོད་ཅེས་ཧང་ག་རི(匈牙利)ཡི་ལོ་རྒྱུས་སྨྲ་པ་ཝུའུ་རུའེ(乌瑞)ཡིས་བརྩམས་པའི《ཁྲོམ—དུས་རབས་བཅུ་དགུ་པའི་ཐུ་བྷོད་བཙན་རྒྱལ་གྱི་སྲིད་འཛིན་སྡེ་ཁག》ཅེས་པ་ལས་གསལ།
② རྒྱ་ཡིག་ཏུ“安西四镇”ཞེས་ཏེ། བྱེ་བྲག་ཏུ“龟兹、焉耆、于阗、疏勒”བཅས་ལ་བྱ།
① དམུ་དགེ་བསམ་གཏན་རྒྱ་མཚོ། རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་འབུམ།པོད་གསུམ་པ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1997:282.
② འབྲུག་ཐར། ཀན་སུའུ་བོད་རིགས་དུས་རབས་རིམ་བྱུང་གི་ལོ་རྒྱུས [M] ཀན་སུའུ་མི་དམངས་དཔེ་སྐྲུན་ཁང་། 2004:174.