བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
དེ་རིང་ང་ཚོ་འདི་གར་འདུ་འཛོམས་གཟབ་རྒྱས་བྱས་ཏེ་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་90འཁོར་བར་རྟེན་འབྲེལ་ཞུ་བ་ཡིན་ཞིང་། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་མི་དམངས་དམག་དཔུང་གི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་བུར་ཕྱི་མིག་ལྟ་བ་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་པའི་འོད་སྟོང་འབར་བའི་མདུན་ལྗོངས་ལ་རྒྱང་ལྟ། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་མུ་མཐུད་འབད་འཐབ་བྱེད་པར་སྐུལ་སློང་། རྒྱལ་ཁབ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ། ཐུན་མོང་ཐོག་“ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་དགོས།།
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
ལོ་ངོ་90ཡི་སྔོན་དུ། རང་རྒྱལ་ནི་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་སུ་གནས་ཡོད་ཅིང་། ཀྲུང་ཧྭ་མི་རིགས་དབུལ་ཕོངས་ཉམས་ཆུང་དང་ནང་རྩོད་ཕྱི་འཁྲུག་གི་སྡུག་བསྔལ་གྱི་ཀློང་དུ་གནས་པ་དང་། ཀྲུང་གོའི་མི་དམངས་འཁྱག་ལྟོགས་ཀྱིས་མནར་བ་དང་མི་དམངས་འཚོ་ཐབས་བྲལ་བའི་ཡ་ང་བའི་གནས་སུ་གྱར་ཡོད། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་ཐོབ་པ་དང་། བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩའི་རིང་ལུགས་བཅས་རི་བོ་ཆེན་པོ་གསུམ་མགོ་རྟིང་སློག་ཆེད། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་དང་དཀའ་སྤྱད་ཚད་མེད་ཀྱིས་འཐབ་རྩོད་བྱས་པ་རེད།
འོན་ཀྱང་གསར་བརྗེ་ཆེན་པོ་ཚ་ཚ་འུར་འུར་གྱི་སྐབས་སུ། གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་གིས་གསར་བརྗེ་དང་མི་དམངས་ལ་ངོ་ལོག་བྱས་ནས། ཀྲུང་གོའི་གུང་ཁྲན་ཏང་མི་དང་གསར་བརྗེའི་མང་ཚོགས་ལ་དྲག་གནོན་བྱས། བར་སྐབས་ཤིག་རིང་། ཀྲུང་ཧྭའི་མངའ་ཁོངས་སུ་ཁྲག་དྲིས་ཁྱབ་ཅིང་ཀྲུང་གོའི་གུང་ཁྲན་ཏང་ནི་རྩ་མེད་དུ་བཏང་བའི་ཉེན་ཁ་ཚབས་ཆེན་ལ་ཐུག་པ་དང་། ཀྲུང་གོའི་གསར་བརྗེ་ནི་ཉེན་ཁ་ཆེ་བའི་གནད་འགག་གི་གནས་སུ་ལྷུང་ཡོད། གདུག་རྩུབ་ཆེ་བའི་འཐབ་རྩོད་དང་ཁྲག་དྲོན་མོའི་བསླབ་བྱའི་ཁྲོད་ང་ཚོའི་ཏང་ལ་ངོས་འཛིན་གཏིང་ཟབ་ཐོབ་པ་སྟེ། གསར་བརྗེའི་དྲག་ཆས་མེད་ན་དྲག་ཆས་སྤྲས་པའི་གསར་བརྗེ་ངོ་ལོག་པ་ཕམ་པར་བཟོ་ཐབས་མེད་པ་དང་། ཀྲུང་གོའི་གསར་བརྗེར་འགོ་ཁྲིད་བྱེད་པའི་ལས་འགན་ལྗིད་པོ་འཁུར་མི་ཐུབ་ཅིང་། ཀྲུང་གོའི་གསར་བརྗེར་རྒྱལ་ཁ་ལེན་ཐབས་མེད་ལ། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་བསྒྱུར་ཐབས་ཀྱང་མེད།
1927ལོའི་ཟླ་8ཚེས་1ཉིན་ལ། ནན་ཁྲང་གྲོང་ཁྱེར་དུ་མེ་མདའི་སྒྲ་གྲགས་པ་དང་བསྟུན་ནས། ང་ཚོའི་ཏང་གིས་དྲག་ཆས་ལ་བརྟེན་ནས་གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་ལ་ངོ་རྒོལ་བྱེད་པའི་འགོ་བརྩམས། དེ་ནི་ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་ཐོག་གི་རླབས་ཆེའི་དོན་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ཐོག་གི་རླབས་ཆེའི་དོན་ཆེན་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཐོག་གི་རླབས་ཆེའི་དོན་ཆེན་ཞིག་ཀྱང་ཡིན།
ནན་ཁྲང་གྲོང་ཁྱེར་ཐོག་གི་མེ་མདའི་སྐད་སྒྲ་ནི་མཚན་མོའི་མཁའ་དབྱིབས་སུ་གློག་འཁྱུག་པ་ནང་བཞིན། ཀྲུང་གོའི་མི་དམངས་ལ་མུན་ནག་གི་ཁྲོད་དུ་གསར་བརྗེའི་རེ་བ་མཐོང་དུ་བཅུག་པ་དང་། དཀའ་ངལ་ཁྲོད་དུ་དཔའ་ངར་ཆེར་སྐྱེད་ཀྱི་སྟོབས་ཤུགས་མཐོང་བར་བཅུག་ཡོད། ནན་ཁྲང་འོས་ལངས་ནི་སྟོན་སྡུད་འོས་ལངས་དང་། ཀོང་ཀྲོའུ་འོས་ལངས། དེ་བཞིན་ས་ཁུལ་མང་པོ་ཞིག་གི་དྲག་པོའི་འོས་ལངས་དང་བཅས་པས་ཀྲུང་གོའི་གུང་ཁྲན་ཏང་གིས་གསར་བརྗེའི་དམག་འཁྲུག་ལ་འགོ་ཁྲིད་བྱེད་པ་དང་། མི་དམངས་དམག་དཔུང་གསར་སྐྲུན་བྱེད་འགོ་བརྩམས་པ། ཀྲུང་གོའི་གསར་བརྗེའི་དུས་རབས་གསར་པ་བཏོད་པ་བཅས་མཚོན་ཡོད།
དུས་དེ་ནས་བཟུང་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་མི་དམངས་དམག་དཔུང་གིས་དཔའ་ངར་ཆེན་པོས་ཀྲུང་གོའི་མི་དམངས་ལ་བཅིངས་འགྲོལ་དང་བདེ་སྐྱིད་བརྩོན་ལེན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ལ་རང་བཙན་དང་བསྐྱར་དར་ཡོང་ཐབས་བྱེད་པའི་ལོ་རྒྱུས་ཀྱི་རླབས་རྒྱུན་དུ་ཞུགས་ནས་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དང་དམ་པོར་སྦྲེལ་ཡོད།
ལོ་ངོ་90ཡི་རིང་། མི་དམངས་དམག་དཔུང་གིས་དམག་འཁྲུག་གང་མང་བརྒྱུད་དེ། དཀའ་ངལ་ཁྱད་བསད་ཀྱིས་རང་སྲོག་བློས་གཏོང་བྱས་པས་གཟི་བརྗིད་ལྡན་པའི་རྒྱལ་ཁ་ཡང་ཡང་བླངས་ཏེ་ཏང་དང་མི་དམངས་ཀྱི་ཆེད་དུ་ལོ་རྒྱུས་ཀྱི་མཛད་རྗེས་རླབས་པོ་ཆེ་བཞག་ཡོད།
——ལོ་རྒྱུས་ཀྱི་མཛད་རྗེས་རླབས་པོ་ཆེ་འདི་ནི། དཔའ་ངར་ལྡན་པའི་མི་དམངས་དམག་དཔུང་གིས་ཏང་གིས་འགོ་ཁྲིད་བྱས་པའི་ལོ་ངོ་22རིང་གི་དྲག་པོའི་གསར་བརྗེའི་འཐབ་རྩོད་ཁྲོད་དུ། ཕམ་མེད་ཀྱི་དཔའ་བོའི་བློ་སྟོབས་དང་། བློ་བརྟན་འགྱུར་མེད་ཀྱི་གསར་བརྗེའི་སྙིང་སྟོབས། སྟབས་བསྟུན་བབ་བསྟུན་གྱི་འཐབ་ཇུས་འཐབ་རྩལ། དཔའ་མཛངས་རྟུལ་ཕོད་ཀྱི་དམག་འཐབ་སྤྱོད་ཚུལ་བཅས་ཀྱིས་བསམ་ཡུལ་ལས་འདས་པའི་དཀའ་སྡུག་སྣ་ཚོགས་ཁྱད་བསད་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་གི་དགྲ་བོ་གཏུམ་པོ་ཕམ་ཉེས་སུ་བཏང་ནས། ས་ཞིང་གསར་བརྗེའི་དམག་འཁྲུག་དང་། ལྗར་འགོག་དམག་འཁྲུག བཅིངས་འགྲོལ་དམག་འཁྲུག་བཅས་ཀྱི་རྒྱལ་ཁ་རླབས་པོ་ཆེ་བླངས་པ་རེད། ཀྲུང་གོའི་མི་དམངས་ཀྱི་མགོ་བོ་མནན་པའི་རི་བོ་ཆེན་པོ་གསུམ་མགོ་རྟིང་བསློགས་ལ། ཁྲག་དྲོན་དང་ཚེ་སྲོག་ལ་བརྟེན་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ཀྲུང་གོ་གསར་པ་འཛུགས་པར་རྨང་གཞི་བརྟན་པོ་བཏིང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཉེ་རབས་ཚུན་གྱི་རྗེས་ལུས་ཐེབས་པའི་རྡུང་རྡེག་ཕོག་པའི་གཞན་དབང་གི་རྣམ་པ་རྦད་དེ་བསྒྱུར་ཡོད།
——ལོ་རྒྱུས་ཀྱི་མཛད་རྗེས་རླབས་པོ་ཆེ་འདི་ནི། དཔའ་ངར་ལྡན་པའི་མི་དམངས་དམག་དཔུང་གིས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་། མེས་རྒྱལ་སྲུང་སྐྱོབ་དང་མི་དམངས་ཀྱི་ཞི་བདེའི་ངལ་རྩོལ་སྲུང་སྐྱོབ་བྱེད་པའི་འགན་ནུས་ཕྱོགས་ཡོངས་ནས་ལག་བསྟར། ཨ་འགོག་ཁྲའོ་རོགས་ཀྱི་དམག་འཁྲུག་དང་མཐའ་མཚམས་རང་སྲུང་གི་དམག་འཐབ་ཐེངས་མང་པོར་རྒྱལ་ཁ་ཐོབ་པ་དང་། རྒྱལ་ཁབ་དང་དམག་དཔུང་གི་ཟིལ་རྔམ་བསྟན་ཞིང་། མེས་རྒྱལ་གྱི་ལེ་བར་ཁྲི་ལྡན་གྱི་མཐའ་ཁུལ་དང་ཡངས་ཤིང་རྒྱ་ཆེ་བའི་མཚོ་ཁོངས་མཁའ་དབྱིངས་སྲུང་སྐྱོབ་བྱས་པས། གསར་དུ་བྱུང་བའི་མི་དམངས་སྲིད་དབང་སྲ་བརྟན་དུ་གཏོང་བ་དང་། ཀྲུང་གོའི་རྒྱལ་ཁབ་ཆེན་པོའི་གོ་གནས་ཆགས་པ། ཀྲུང་ཧྭ་མི་རིགས་ཀྱི་ལ་རྒྱ་སྲུང་སྐྱོང་བཅས་ཀྱི་ཆེད་དུ་རྒྱབ་རྟེན་སྟོབས་ལྡན་འདོན་སྤྲོད་བྱས་ཡོད།
——ལོ་རྒྱུས་ཀྱི་མཛད་རྗེས་རླབས་པོ་ཆེ་འདི་ནི། དཔའ་ངར་ལྡན་པའི་མི་དམངས་དམག་དཔུང་གིས་སྒྱུར་བཅོས་སྒོ་འབྱེད་ཀྱི་གསར་བརྗེ་རླབས་པོ་ཆེ་གསར་པའི་ནང་ཧུར་ཐག་ཞུགས་པ་དང་། རྒྱལ་ཁབ་ཀྱི་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་ཁྱོན་ཡོངས་ལ་ཞབས་ཞུ་དང་འགན་སྲུང་ནུས་ལྡན་བྱས་ཡོད། ཞང་ཀང་དང་ཨའོ་མོན་གྱི་འགོག་སྲུང་ལས་དོན་གྱི་འགན་འཁྲི་ཁྲིམས་ལྟར་བསྒྲུབས་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཕྲད་པའི་འཇིགས་སྐུལ་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་འཇལ་བ། ཁ་ཕྲལ་དང་གཏོར་བཤིག་གི་བྱ་སྤྱོད་རྣམ་པ་སྣ་ཚོགས་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ཞིང་། ཕྱི་ཕྱོགས་དང་དམག་དོན་ཐད་སྤེལ་རེས་དང་མཉམ་ལས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ནང་ཧུར་ཐག་ཞུགས། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲུང་སྐྱོང་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་། རང་རྒྱལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་སྲུང་སྐྱོང་། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་བཅས་ཀྱི་ཆེད་དུ་སྟོབས་ཤུགས་ཀྱི་འདེགས་སྐྱོར་ཆེན་པོ་འདོན་སྤྲོད་བྱས་ཡོད།
མི་དམངས་དམག་དཔུང་འཚར་ལོངས་བྱུང་རིམ་དུ་ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་རྗེས་སུ་གོམ་སྟབས་དམ་པོར་བསྙེགས་ཏེ། དམག་འཁྲུག་ཁྲོད་ནས་འཚར་ལོངས་བྱུང་བ་དང་རྒྱུན་འཛིན་ཁྲོད་ནས་གསར་གཏོད་བྱེད་པ། འཛུགས་སྐྲུན་ཁྲོད་འཕེལ་རྒྱས་བྱུང་ནས་གསར་བརྗེ་ཅན་དང་། དེང་རབས་ཅན། ཚད་ལྡན་ཅན་བཅས་སུ་འགྱུར་བའི་ཆུ་ཚད་ཟམ་མི་འཆད་པར་མཐོ་རུ་ཕྱིན་པ་དང་། འཇིགས་ཟིལ་དང་འཐབ་ནུས་དངོས་ཟམ་མི་འཆད་པར་ཆེ་རུ་ཕྱིན་ཡོད། མི་དམངས་དམག་དཔུང་དེ་སྔོན་ཆད་ཀྱི་དམག་རིགས་སྣ་གཅིག་གི་དམག་དཔུང་ནས་དམག་རིགས་དང་དཔུང་རིགས་སྣ་ཚོགས་མཉམ་འབྲེལ་བྱེད་པའི་དམག་དཔུང་སྟོབས་ཆེན་ཞིག་ཏུ་གྱུར་པ་དང་། སྔོན་ཆད་ཀྱི་“ཟས་དང་གོ་མཚོན་ཐབས་ཆག་”གིས་དྲག་ཆས་སྤྲས་པའི་དམག་དཔུང་དེ་རྩ་བའི་ཆ་ནས་འཕྲུལ་ཆས་ཅན་མངོན་འགྱུར་དང་ཆ་འཕྲིན་ཅན་གྱི་དམག་དཔུང་སྟོབས་ཆེན་ཕྱོགས་སུ་སྐྱོད་ཚད་མགྱོགས་སུ་བཏང་ཡོད།
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
ལོ་ངོ་90ཡི་རིང་། ང་ཚོའི་རྒྱལ་ཁབ་དང་མི་རིགས་ལ་བར་ཆད་མང་པོ་བྱུང་ཡང་དཔའ་ངར་ཆེ་རུ་སྐྱེད་པ་དང་། དཀའ་སྡུག་མང་པོ་འཕྲད་ཀྱང་ཁྱད་དུ་བསད་དེ་སྔར་བྱུང་མྱོང་མེད་པའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་ཞིང་། ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ལྡན་དུ་གྱུར་པའི་འཕུར་མཆོང་རླབས་པོ་ཆེ་མངོན་འགྱུར་བྱུང་ཡོད། དེ་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་བརྟེན་ནས་ཐོབ་པའི་རྒྱལ་ཁ་དང་། ཀྲུང་གོའི་མི་དམངས་ཀྱིས་འབད་འཐབ་ལྷོད་མེད་བྱས་པ་ལས་ཐོབ་པའི་རྒྱལ་ཁ་ཡིན་ལ། མི་དམངས་དམག་དཔུང་གིས་དཔའ་ངར་ཆེན་པོས་འཐབ་འཛིང་བྱས་པ་ལས་ཐོབ་པའི་རྒྱལ་ཁ་ཡང་ཡིན།
གཟི་བརྗིད་ཆེ་ལ་བརྗིད་ཉམས་ལྡན་པའི་དུས་སྐབས་འདིར། ང་ཚོས་མི་དམངས་དམག་དཔུང་བཏོད་པ་དང་སྐྱེད་སྲིང་གནང་མཁན་བློ་མཐུན་མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལའེ། ལིའུ་ཧྲའོ་ཆི། ཀྲུའུ་ཏེ། ཏེང་ཞའོ་ཕིན། ཕེང་ཏེ་ཧོའེ། ལིའུ་པོ་ཁྲེང་། ཧོ་ལུང་། ཁྲེན་དབྱི། ལུའོ་རུང་ཧོན། ཞུས་ཞང་ཆན། ཉེ་རུང་ཀྲེན། ཡེ་ཅན་དབྱིན་སོགས་གསར་བརྗེ་པ་རྒན་རབས་ཚོ་དང་དམག་དོན་པ་དག་ལ་སེམས་གཏིང་ནས་དྲན་གསོ་ཞུ་རྒྱུ་ཡིན། ཁོང་ཚོའི་མཛད་རྗེས་རླབས་པོ་ཆེ་དེ་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་ནང་ཇི་སྲིད་བར་དུ་འཁོད་ངེས་ཡིན།
གཟི་བརྗིད་ཆེ་ལ་བརྗིད་ཉམས་ལྡན་པའི་དུས་སྐབས་འདིར། ང་ཚོས་ཀྲུང་གོའི་མི་དམངས་ཀྱི་བཅིངས་འགྲོལ་བྱ་གཞག་དང་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བྱ་གཞག་གི་ཆེད་དུ་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་མི་དམངས་དམག་དཔུང་གི་གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམས་ལ་སེམས་གཏིང་ནས་དྲན་གསོ་ཞུ་རྒྱུ་ཡིན། ཁོང་ཚོའི་རང་སྲོག་ལེགས་སྐྱེས་ཕུལ་བ་དེ་ཀྲུང་གོ་མི་དམངས་ཀྱི་སེམས་ནང་ཇི་སྲིད་བར་དུ་གནས་ངེས་ཡིན།
འདིར་ངས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱི་ཚབ་ཞུས་ཏེ། མེས་རྒྱལ་སྲུང་སྐྱོབ་དང་ལས་གནས་མི་འདྲ་བའི་ཐོག་མེས་རྒྱལ་འཛུགས་སྐྲུན་བྱེད་པའི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་དཔུང་སྡེའི་དཔོན་དམག གྲ་སྒྲིག་དམག་ཞབས་དམག་མི་དང་རྒྱ་ཆེའི་ཡུལ་དམག་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོའི་གསར་བརྗེ། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་མཁན་མི་དམངས་དམག་དཔུང་གི་་ལས་འཁྱུར་ངལ་གསོ་བརྒྱབ་པའི་བློ་མཐུན་རྒན་གྲས་རྣམས་ལ་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་ཡིན། དུས་སྐབས་སོ་སོར་མི་དམངས་དམག་དཔུང་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་ཕུལ་མཁན་ལས་བསྒྱུར་དང་དམག་ཞབས་འཐིམས་པའི་དམག་མི། གསར་བརྗེའི་དབང་སྐྱོན་དམག་མི། སྔོན་གཤེགས་དཔའ་བོའི་ཁྱིམ་མི་བཅས་ལ་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་ཡིན། རྒྱལ་སྲུང་ཚན་རྩལ་བཟོ་ལས་འཐབ་ཕྱོགས་སུ་སྙིང་རུས་ཆེན་པོས་འབད་བརྩོན་བྱེད་པའི་ཚན་རིག་པ་དང་བཟོ་བཀོད་ལག་རྩལ་མི་སྣ། རྒྱ་ཆེའི་ལས་བྱེད་ལས་བཟོ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དུས་ཡུན་རིང་པོའི་ནང་མི་དམངས་བཅིངས་འགྲོལ་དམག་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀུན་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
ལོ་ངོ་90ཡི་རིང་། དུས་ཚོད་རིང་པོའི་ལག་ལེན་ཁྲོད། ཏང་གི་དར་ཆའི་འོག་ཏུ་མི་དམངས་དམག་དཔུང་མདུན་དུ་བསྐྱོད་པས་དམག་འཛུགས་དམག་སྐྱོང་གི་རྩ་དོན་ཆ་ཚང་ཞིག་ཆགས་པ་དང་། མི་དམངས་དམག་འཁྲུག་གི་འཐབ་ཇུས་ལག་རྩལ་འཕེལ་རྒྱས་བཏང་ཞིང་། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ཐུན་མོང་མ་ཡིན་པ་དང་སྤྱོད་ཚུལ་བཟང་པོ་གསོ་སྐྱོང་བྱས་ཡོད། དེ་ནི་མི་དམངས་དམག་དཔུང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་ཐུབ་པའི་ཐབས་མཆོག་ཅིག་ཡིན་པ་དང་། མི་དམངས་དམག་དཔུང་གིས་ཇི་སྲིད་བར་དུ་བརྗེད་མི་རུང་བའི་ཁྲག་རྒྱུད་དམར་པོ་ཡིན།
——མི་དམངས་དམག་དཔུང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་དེ། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱི་སྟོབས་ཤུགས་རླབས་པོ་ཆེ་མངོན་ཡོད། བློ་མཐུན་མའོ་ཙེ་ཏུང་གིས་“ང་ཚོའི་རྩ་དོན་ནི་ཏང་གིས་མེ་མདར་བཀོད་འདོམས་བྱེད་པ་ལས་མེ་མདས་ཏང་ལ་བཀོད་འདོམས་གཏན་ནས་བྱས་མི་རུང་”ཞེས་གསུངས། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པའི་རྩ་བའི་རྩ་དོན་དང་ལམ་ལུགས་ནི་ཐོག་མར་ནན་ཁྲང་འོས་ལངས་ནས་འགོ་བརྩམས་པ་དང་། སན་ཝན་བཅོས་སྒྲིག་སྐབས་སུ་རྨང་གཞི་བཏིང་ཞིང་། ཀུའུ་ཐེན་གྲོས་ཚོགས་སྐབས་སུ་རྣམ་པ་གཏན་འཁེལ་བ་ཡིན་པས། དེ་ནི་མི་དམངས་དམག་དཔུང་དེ་དམག་དཔུང་རྙིང་པ་མཐའ་དག་དང་དབྱེ་བ་འབྱེད་པའི་ཆབ་སྲིད་ཀྱི་ཁྱད་ཆོས་དང་རྩ་བའི་དགེ་མཚན་ཞིག་རེད། གསར་བརྗེའི་དཔོན་དམག་ཁྲི་སྟོང་མང་པོས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་བས། བར་ཆད་ཁྲོད་དུ་དཔའ་ངར་ཆེར་སྐྱེད་དང་། དཀའ་སྡུག་ཁྲོད་དུ་ཞུམ་མེད་མདུན་སྐྱོད་བྱས་ཏེ། བརྡུང་ན་མི་འཐོར་བ་དང་། མནར་ན་མི་ཕམ་པ། རྒོལ་ཚད་གཏོར་ཐུབ་པ། འཐབ་ན་མི་རྒྱལ་བ་མེད་པ་བཅས་ཀྱི་ངར་ལྕགས་ལྟ་བུའི་དམག་དཔུང་སྟོབས་ཆེན་བསྐྲུན་པ་རེད། ཆར་རླུང་དྲག་པོ་འཚུབ་པའི་གསར་བརྗེའི་འགྲོ་ལམ་རིང་པོའི་ཐོག་ཏུ་རང་དམག་གི་དཔོན་དམག་ཚོས་རྟག་ཏུ་བརྗོད་པའི་སྐད་ཆ་ཚིག་གཅིག་སྟེ་ཏང་གི་རྗེས་སུ་འབྲང་ན་རྒྱལ་ཁ་འཐོབ་ངེས་ཡིན། གཞུང་སེམས་དྲང་པོར་བརྟེན། མི་དམངས་དམག་དཔུང་གིས་ཏང་ལ་བཅངས་པའི་ལྷག་བསམ་རྣམ་དག་ཆགས་པ་དང་། མི་དམངས་དམག་དཔུང་དང་མི་དམངས་ཀྱི་བར་ཉ་ཆུ་ལྟ་བུའི་བརྩེ་དུང་ཆགས་ཤིང་། ཏང་དང་མི་དམངས་ཀྱི་ཆེད་དུ་མི་དམངས་དམག་དཔུང་གིས་གདོང་མཆོང་དཔུང་གཏོར་བྱེད་པའི་འགྱུར་མེད་ཀྱི་སྙིང་སྟོབས་ཆགས་པ་རེད།
ལོ་རྒྱུས་ཀྱིས་ང་ཚོར་བསྟན་དོན། ཏང་གིས་མེ་མདར་བཀོད་འདོམས་བྱེད་པ་ནི་མི་དམངས་དམག་དཔུང་གི་ངོ་བོ་དང་དམིགས་ཡུལ་རྒྱུན་འཁྱོངས་བྱེད་པའི་རྩ་བའི་འགན་སྲུང་ཡིན་ཞིང་། དེ་ནི་ང་ཚོའི་ཏང་གིས་ཁྲག་དྲོན་གྱི་འཐབ་རྩོད་ནང་ནས་ཐོབ་པའི་གཞོམ་ཞིག་མེད་པའི་བདེན་དོན་ཞིག་རེད། ཀྲུང་གོའི་གུང་ཁྲན་ཏང་ཡོད་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་སྟོབས་ལྡན་ཡོད་ན། མི་དམངས་དམག་དཔུང་མདུན་དུ་སྐྱོད་པར་ཁ་ཕྱོགས་དང་ནུས་ཤུགས་ཡོད་ངེས་རེད། མདུན་སྐྱོད་ཀྱི་ལམ་བུའི་ཐོག་མི་དམངས་དམག་དཔུང་གིས་ངེས་པར་དུ་ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་བརྟན་པོ་བྱེད་དགོས་ཤིང་། དོན་ཚན་དེ་མི་དམངས་དམག་དཔུང་གི་ནམ་ཡང་འགྱུར་མི་རུང་བའི་བླ་སྲོག་དང་ནམ་ཡང་འདོར་མི་རུང་བའི་སྲོག་རྩར་བརྩིས་ཏེ། དུས་དང་རྣམ་པ་ཀུན་ཏུ་ཏང་གི་དར་ཆ་དེ་དར་ཆར་བྱེད་པ་དང་། ཏང་གི་ཁ་ཕྱོགས་དེ་ཁ་ཕྱོགས་སུ་འཛིན་པ། ཏང་གི་འདོད་བློ་དེ་འདོད་བློར་འཛིན་པ་བཅས་བྱེད་དགོས།
——མི་དམངས་དམག་དཔུང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་དེ། ཕུགས་བསམ་དང་དད་སེམས་ཀྱི་སྟོབས་ཤུགས་རླབས་པོ་ཆེ་མངོན་པར་བྱས་ཡོད། བླ་ན་མེད་པའི་ཕུགས་བསམ་དང་འགྱུར་མེད་ཀྱི་དད་སེམས་ནི་ཀྲུང་གོའི་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་བླ་སྲོག་ཡིན་པ་དང་། མི་དམངས་དམག་དཔུང་གི་བསམ་པའི་སྲོག་ཤིང་ཡང་ཡིན། བློ་མཐུན་ཏེང་ཞའོ་ཕིན་གྱིས་“སྔོན་ཆད་ང་ཚོས་དཀའ་སྡུག་ཧ་ཅང་ཆེ་བའི་གནས་ཚུལ་འོག་འབད་འཐབ་བྱས་པ་དང་། དཀའ་ཉེན་གྲངས་མེད་ལས་རྣམ་པར་རྒྱལ་ནས་གསར་བརྗེའི་རྒྱལ་ཁ་ཐོབ་པའི་རྒྱུ་མཚན་ནི། ང་ཚོར་ཕུགས་བསམ་ཡོད་ཅིང་། མར་ཁེ་སིའི་རིང་ལུགས་ལ་དད་སེམས་དང་གུང་ཁྲན་རིང་ལུགས་ལ་ཡིད་ཆེས་ཡོད་པའི་རྐྱེན་གྱིས་རེད། “དཀའ་ཉེན་མང་པོའི་ཅིང་ཀང་རི་བོའི་འཐབ་རྩོད་ནས་དཀའ་སྤྱད་ཚད་མེད་ཀྱི་རྒྱང་སྐྱོད་ལམ་བུའི་བར། མེ་རྫས་ཀྱི་དུ་ཞག་འཁྲིགས་པའི་ལྗར་འགོག་དམག་འཁྲུག་ནས་ཤིང་རུལ་རྩ་སྐམ་གཏོར་བ་ལྟ་བུའི་བཅིངས་འགྲོལ་དམག་འཁྲུག་གི་བར། བློ་ཐག་རྦད་ཆོད་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོབ་བྱེད་པའི་དཔའ་ངར་ཞུམ་མེད་ཀྱི་འཐབ་རྩོད་ནས་ཉེན་སྐྱོབ་གནོད་སེལ་དང་། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་དཔའ་ངར་ཞུམ་མེད་ཀྱི་འབད་བརྩོན་གྱི་བར། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པའི་སྒེར་སེམས་མེད་པའི་ལེགས་སྐྱེས་འབུལ་བ་ནས་ས་ཁུལ་དང་འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་དངོས་ཀྱི་བར་བཅས་སུ། བླ་ན་མེད་པའི་ཕུགས་བསམ་དང་དད་སེམས་ཀྱི་ལམ་སྟོན་སྒྲོན་མེ་བཞིན་མི་དམངས་དམག་དཔུང་མདུན་དུ་བསྐྱོད་པར་ཁྲིད་སྟོན་བྱས་ཡོད།
ལོ་རྒྱུས་ཀྱིས་ང་ཚོར་བསྟན་དོན། གསར་བརྗེའི་ཕུགས་བསམ་གནམ་ལས་མཐོ། མི་དམངས་དམག་དཔུང་ལ་འགག་སྒྲོལ་དཀའ་སེལ་དང་འཐབ་ན་མི་རྒྱལ་བ་མེད་པ་དང་། འཕེལ་རྒྱས་དང་རྒྱ་སྐྱེད་བྱུང་བའི་གནད་འགག་ནི་མི་དམངས་དམག་དཔུང་ལ་མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཡོད་ཅིང་། བླ་ན་མེད་པའི་ཕུགས་བསམ་དང་དད་སེམས་ཡོད་པ་དང་། ཕུགས་བསམ་དང་དད་སེམས་ཀྱི་ཆེད་དུ་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་བའི་བླ་ན་མེད་པའི་དོན་གཉེར་ལྡན་པའི་རྐྱེན་གྱིས་རེད། བླ་ན་མེད་པའི་ཕུགས་བསམ་དང་དད་སེམས་ནི་མི་དམངས་དམག་དཔུང་གིས་ཞུམ་མེད་མདུན་སྐྱོད་བྱེད་པའི་བསམ་པའི་སྟོབས་ཤུགས་ཡིན་པ་དང་། དམག་ཡོངས་ཀྱི་དཔོན་དམག་ཚོའི་སེམས་ནང་འབར་བཞིན་པའི་དཔལ་འབར་ལྟ་བུ་ཡིན། མདུན་སྐྱོད་ཀྱི་ལམ་བུའི་ཐོག་མི་དམངས་དམག་དཔུང་གིས་ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་དང་བླ་ན་མེད་པའི་ཕུགས་བསམ་དང་དད་སེམས་རྒྱུན་འཁྱོངས་དང་། དུས་དང་རྣམ་པ་ཀུན་ཏུ་བླ་ན་མེད་པའི་ཕུགས་བསམ་དང་དད་སེམས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གིས་འབད་འཐབ་བྱེད་དགོས།
——མི་དམངས་དམག་དཔུང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་དེ། སྒྱུར་བཅོས་གསར་གཏོད་ཀྱི་སྟོབས་ཤུགས་རླབས་པོ་ཆེ་མངོན་པར་བྱས་ཡོད། མི་དམངས་དམག་དཔུང་འཚར་ལོངས་དང་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་ནི་སྒྱུར་བཅོས་གསར་གཏོད་ཀྱི་ལོ་རྒྱུས་ཤིག་ཡིན། ས་ཞིང་གསར་བརྗེའི་དམག་འཁྲུག་གི་སྐབས་སུ་དམག་འཛུགས་རྩ་དོན་ལམ་ལུགས་ཆ་ཚང་ཞིག་བཙུགས་པ་དང་། ལྗར་འགོག་དམག་འཁྲུག་གི་སྐབས་སུ་དམག་དཔུང་ཧྲག་སྒྲུག་དང་ལས་ཁུངས་ཁུ་བསྡུ་བྱས་ཤིང་། བཅིངས་འགྲོལ་དམག་འཁྲུག་གི་སྐབས་སུ་བྱེས་འཐབ་དམག་སྡེ་ཆེན་པོ་ལྔ་བཙུགས་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་སྒྲིག་སྲོལ་དང་སྒྲིག་གཞི་ལེགས་སྒྲིག་ཐེངས་མང་བྱས། མི་དམངས་དམག་དཔུང་གིས་དམག་འཐབ་རྒྱག་ཞོར་དང་ལེགས་སྒྱུར་བྱེད་ཞོར་དང་། འཛུགས་སྐྲུན་བྱེད་ཞོར་དང་ལེགས་སྒྱུར་བྱེད་ཞོར་བྱས་ཏེ་ལེགས་སྒྱུར་ཇི་ཙམ་བྱས་ན་དེ་ཙམ་གྱིས་སྟོབས་ཤུགས་ཆེ་རུ་སྐྱེད། དམར་དམག་དུས་སྐབས་ཀྱི་“ཡིག་འབྲུ་བཅུ་དྲུག་གི་མན་ངག་”ནས་ལྗར་འགོག་དམག་འཁྲུག་དུས་སྐབས་ཀྱི་“རྒྱུན་སྲིང་དམག་འཁྲུག་”བར་དང་། བཅིངས་འགྲོལ་དམག་འཁྲུག་དུས་སྐབས་ཀྱི་“དམག་དོན་གྱི་རྩ་དོན་ཆེན་པོ་བཅུ་”ནས་ཨ་འགོག་ཁྲའོ་རོགས་ཀྱི་དམག་འཁྲུག་དུས་སྐབས་ཀྱི་“བྱི་རིལ་མཉེན་པོར་རྡུང་”བའི་བར། དེ་ནས་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་དམག་དོན་འཐབ་ཇུས་ཀྱི་བྱེད་ཕྱོགས་རྒྱུན་ཆད་མེད་པར་ལེགས་སྒྲིག་བཅས་ཀྱི་བར་དུ་མི་དམངས་དམག་དཔུང་གིས་དམག་འཁྲུག་གི་ཁྲོད་ནས་དམག་འཁྲུག་སློབ་སྦྱོང་དང་ལག་ལེན་ཀྱི་ཁྲོད་ནས་ཆོས་ཉིད་འཚོལ་ཞིབ་བྱས་ཏེ། འཛམ་གླིང་གི་དམག་དོན་ལོ་རྒྱུས་ཁྲོད་དུ་དམག་འཁྲུག་ལ་མཛུབ་སྟོན་བྱེད་པའི་འཐབ་རྩལ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པའི་གསོན་ཉམས་དོད་པའི་ལེའུ་བརྩམས་ཡོད།
ལོ་རྒྱུས་ཀྱིས་ང་ཚོར་བསྟན་དོན། སྒྱུར་བཅོས་གསར་གཏོད་དང་དུས་བསྟུན་མདུན་སྐྱོད་ནི་མི་དམངས་དམག་དཔུང་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བའི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཞིག་ཡིན་ཞིང་། མི་དམངས་དམག་དཔུང་གི་སྟོབས་ཤུགས་ནི་སྒྱུར་བཅོས་གསར་གཏོད་ལས་བྱུང་བ་དང་། མི་དམངས་དམག་དཔུང་གི་རྒྱལ་ཁ་ཡང་སྒྱུར་བཅོས་དང་གསར་གཏོད་ལས་བྱུང་བ་རེད། སྒྱུར་བཅོས་དང་གསར་གཏོད་ཟམ་མི་འཆད་པར་བྱས་ན་གཞི་ནས་འཕེལ་རྒྱས་དང་ཡར་ཐོན་གྱི་སྐྱེ་སྟོབས་དང་གསོན་ཤུགས་རྒྱུན་ཆད་མེད་པར་ཐོབ་ཐུབ་པ་དང་། གཞི་ནས་དུས་ནམ་ཡང་མི་ཕམ་པའི་གནས་སུ་ལངས་ཐུབ། མདུན་སྐྱོད་ཀྱི་ལམ་བུའི་ཐོག་མི་དམངས་དམག་དཔུང་གིས་ངེས་པར་དུ་སྒྱུར་བཅོས་བྱེད་ཕོད་པ་དང་གསར་གཏོད་བྱེད་མཁས་དགོས་ཤིང་། དུས་དང་རྣམ་པ་ཀུན་ཏུ་རེངས་པོར་འགྱུར་མི་རུང་བ་དང་འཕེལ་མེད་རང་སོར་གནས་མི་རུང་།
——མི་དམངས་དམག་དཔུང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་དེ། དམག་འཐབ་སྙིང་སྟོབས་ཀྱི་སྟོབས་ཤུགས་རླབས་པོ་ཆེ་མངོན་པར་བྱས་ཡོད། འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པ། གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པ་བཅས་ནི་མི་དམངས་དམག་དཔུང་གི་བློ་སྟོབས་ཀྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་རེད། “ལང་ཡ་རི་བོའི་དཔའ་བོ་ལྔ་”དང་། “གྲི་འཛིང་དཔའ་བོ་བརྒྱ་ཤོག” “ལིའུ་ལའོ་ཀྲོང་གྲོང་གི་བརྒྱ་ཤོག” ཏུང་ཚུན་རུའེ། ཆིའུ་ཧྲའོ་ཡུན། ཧོང་ཅི་ཀོང་སོགས་དཔའ་བོ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོ་གྲངས་མེད་ཀྱིས་རང་སྲོག་བསྡོས་པ་རེད། གཡུལ་ས་དྲག་པོར་དགྲ་བོ་སྟོབས་ཆེན་ལ་ཐུག་སྐབས་མི་དམངས་དམག་དཔུང་གིས་“ཡིད་མི་ཆེས་པ་གསུམ་”གྱི་དཔའ་བོའི་བསྒྲགས་གཏམ་བཏང་སྟེ། གསར་བརྗེའི་འཐབ་འཛིང་པའི་མདུན་དུ་འགྲུབ་མི་ཐུབ་པའི་ལས་འགན་ཡོད་པར་ཡིད་མི་ཆེས་པ་དང་། ཁྱད་དུ་གསོད་མི་ཐུབ་པའི་དཀའ་ངལ་ཡོད་པར་ཡིད་མི་ཆེས་པ། དགྲ་བོ་ལས་རྣམ་པར་རྒྱལ་མི་ཐུབ་པ་ཡོད་པར་ཡིད་མི་ཆེས་པ་བཅས་སོ། ། དཔའ་ངར་ཆེ་ཞིང་གཉའ་མི་ཆག་པ་དང་། རང་སྲོག་བློས་གཏོང་ཕོད་པ། དམར་འཛིང་མཐར་ཕྱིན་བྱེད་པ། མི་དམངས་དམག་དཔུང་གིས་ཞུམ་པ་མེད་པའི་དཔའ་ངར་ལ་བརྟེན་ནས་ཏང་གི་ཡིད་ཆེས་ཐོབ་པ་དང་མི་དམངས་ཀྱི་བསྔགས་བརྗོད་ཐོབ་ཅིང་འཛམ་གླིང་གི་བརྩི་བཀུར་ཡང་ཐོབ་ཡོད།
ལོ་རྒྱུས་ཀྱིས་ང་ཚོར་བསྟན་དོན། དམག་འཁྲུག་ནི་དངོས་པོའི་འགྲན་བསྡུར་ཙམ་མ་ཡིན་པར་སྙིང་སྟོབས་ཀྱི་འགྲན་བསྡུར་ཞིག་རེད། ཞུམ་པ་མེད་པའི་སྙིང་སྟོབས་དང་བློས་གཏོང་ཕོད་པའི་གཤིས་རྒྱུད་མེད་ན། གོ་མཚོན་སྒྲིག་ཆས་ཇི་འདྲ་བཟང་ཡང་རྒྱལ་ཁ་ལོན་པར་ཁག་ཐེག་བྱེད་མི་ཐུབ། གསར་བརྗེའི་དམག་མི་མི་རབས་ནས་མི་རབས་ཀྱིས་ནམ་འཚོའི་བར་དུ་དཔའ་ངར་འཐབ་རྩོད་བྱས་ནས། དགྲ་བོ་མཐའ་དག་ཟིལ་གྱིས་གནོན་ལ་དགྲ་བོས་ཚུར་བཏུལ་མི་ཐུབ་པའི་སྤོབས་པ་ཆེན་པོ་བསྐྱེད་ཡོད། མདུན་སྐྱོད་ཀྱི་ལམ་བུའི་ཐོག་མི་དམངས་དམག་དཔུང་གིས་ངེས་པར་དུ་དམག་རྒྱག་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པའི་སྙིང་སྟོབས་ཀྱི་གཤིས་རྒྱུད་དར་སྤེལ་ཤུགས་ཆེན་བཏང་ནས་དུས་དང་རྣམ་པ་ཀུན་ཏུ་གསར་བརྗེའི་དཔའ་བོའི་རིང་ལུགས་ཀྱི་དཔའ་ངར་ཆེན་པོ་བསྐྱེད་ཡོད།
——མི་དམངས་དམག་དཔུང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་དེ། གསར་བརྗེའི་སྒྲིག་ཁྲིམས་ཀྱི་སྟོབས་ཤུགས་རླབས་པོ་ཆེ་མངོན་པར་བྱས་ཡོད། མི་དམངས་དམག་དཔུང་ནི་སྒྲིག་ཁྲིམས་ནན་སྲུང་ཡིན་པར་འཛམ་གླིང་ཀུན་ཏུ་གྲགས་ཏེ། གསར་འཛུགས་བྱས་པ་ནས་བཟུང་གསར་བརྗེའི་འགྱུར་མེད་རང་བཞིན་དང་། ཆབ་སྲིད་ཀྱི་རང་རྟོགས་རང་བཞིན། སྒྲིག་ཁྲིམས་ཀྱི་གཟབ་ནན་རང་བཞིན་བཅས་ཟུང་འབྲེལ་བྱས་ཤིང་། ་འདོད་བློ་གཅིག་གྱུར་དང་བཀོད་འདོམས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཡོང་བར་བྱས་ཡོད། དམག་དཔུང་ཁྲི་སྟོང་མང་པོར་བཀའ་ཕབ་ན་ལག་ལེན་བསྟར་ངེས་དང་། བཀག་རྒྱ་ཡོད་ན་མཚམས་གཅོད་ངེས་ཡིན་ལ། དམག་བརྒྱབ་ན་སྟག་རྒོད་ལྟར་ངར་ཞིང་སྒར་སྲུང་ན་རི་བོ་བཞིན་དུ་བརྟན་པོ་རེད། ཆབ་སྲིད་ཀྱི་གོ་རྟོགས་མཐོ་བའི་རྨང་གཞིའི་ཐོག་བཙུགས་པའི་གསར་བརྗེའི་སྒྲིག་ཁྲིམས་ལ་བརྟེན་ནས། དཔོན་དམག་རྣམས་འཁྱག་ལྟོགས་ཀྱིས་མནར་ཡང་མང་ཚོགས་ཀྱི་ཁབ་སྐུད་ཙམ་ཡང་མི་འཁྱེར་བ་དང་། རང་ལུས་མེ་ཡིས་བསྲེགས་ན་གཡོ་མེད་བརྟན་པོ་གནས་ཐུབ་ཅིང་ཐ་ན་ཚེ་སྲོག་བློས་གཏོང་ཐུབ། ཐབས་ཟད་འུ་ཐུག་གི་གནས་སུ་གྱར་ཡང་འཐབ་གནས་བརྟན་སྲུང་བྱས་ནས་རང་སྲོག་བློས་བཏང་བ་རེད། མི་དམངས་དམག་དཔུང་ནི་ཐོག་མཐའ་བར་གསུམ་དུ་ཚད་མཐོན་པོའི་མཐུན་སྒྲིལ་དང་གཅིག་གྱུར་གྱི་འཐབ་འཛིང་ཚོགས་སྤྱི་ཞིག་ཡིན་པ་དང་། ཐོག་མཐའ་བར་གསུམ་དུ་གོང་བུ་འགྲིལ་ཤུགས་དང་འཐབ་ནུས་ཆེན་པོ་རྒྱུན་འཁྱོངས་བྱས་ཡོད།
ལོ་རྒྱུས་ཀྱིས་ང་ཚོར་བསྟན་དོན། སྒྲིག་ཁྲིམས་དམ་དུ་བཏང་ན་གསར་བརྗེར་རྒྱལ་ཁ་ལེན་ཐུབ། དཔུང་སྡེ་ཞིག་གི་སྟོབས་ཤུགས་ནི་དེའི་མི་གྲངས་དང་གོ་མཚོན་སྒྲིག་ཆས་ལ་བལྟ་དགོས་པ་མ་ཟད། དེའི་སྒྲིག་ཁྲིམས་རང་བཞིན་ལའང་བལྟ་དགོས། སྒྲིག་ཁྲིམས་མེད་པའི་དམག་དཔུང་ཞིག་ནི་ཁྭ་ཏའི་ཁྱུ་ཚོགས་ལྟ་བུ་ཡིན། མདུན་སྐྱོད་ཀྱི་ལམ་བུའི་ཐོག་མི་དམངས་དམག་དཔུང་གིས་ངེས་པར་དུ་ལྕགས་ལྟ་བུའི་སྒྲིག་ཁྲིམས་ལ་བརྟེན་ནས་བློ་སྟོབས་ཆེན་པོ་གཅིག་ཏུ་སྒྲིལ་བ་དང་། སྤྱོད་ཚུལ་ནན་པོ་སྦྱོང་བརྡར་བྱེད་པ། སྒྲིག་ཁྲིམས་ནན་པོའི་དཔུང་ཁག་སྐྲུན་བཟོ་བཅས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་བྱ་སྤྱོད་ཡོད་ཚད་བཀོད་འདོམས་ལ་ཉན་པ་དང་གོམ་སྟབས་གཅིག་གྱུར་གྱིས་མདུན་དུ་སྐྱོད་དགོས།
——མི་དམངས་དམག་དཔུང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་དེ། དམག་དམངས་མཐུན་སྒྲིལ་གྱི་སྟོབས་ཤུགས་རླབས་པོ་ཆེ་མངོན་པར་བྱས་ཡོད། མི་དམངས་དམག་དཔུང་དང་མི་དམངས་ཐོག་མཐའ་བར་གསུམ་དུ་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་རྩ་བ་ནས་མི་དམངས་ཀྱི་ཆེད་དུ་འབད་འཐབ་བྱས་པ་རེད། དགྲ་བོ་གང་ན་ཡོད་པ་དང་གང་དུ་ཉེན་ཁ་ཡོད་ན། མི་དམངས་ཀྱི་བུ་སྤུན་དམག་དེ་ན་ཡོད་པ་རེད། སུ་ཡིས་མི་དམངས་སེམས་ལ་བཅངས་ན། མི་དམངས་ཀྱིས་ཀྱང་ཁོང་ཚོ་སེམས་ལ་འཇོག་ངེས་ཡིན། “མཐའ་མའི་འབྲས་དཀར་ཡོལ་གང་དམག་ཟས་སུ་ཕུལ་བ་དང་། མཇུག་མཐའི་རས་ཆ་ཁྲེ་ཙེ་གང་དམག་གོས་སུ་ཕུལ་བ། སྟོད་གོས་རྙིང་པ་གཅིག་པུ་ཡང་འགྱོགས་ཁྲིའི་སྟེང་དུ་བཀབ་ཅིང་། མཇུག་མཐའི་བུ་ཕྲུག་གཅིག་པུ་ཡང་གཡུལ་སར་བསྐྱལ་བ་ཡིན།” དམག་འཁྲུག་གི་ལོ་ཟླའི་ཁྲོད་དུ་དར་ཁྱབ་ཤིན་ཏུ་ཆེ་བའི་དམངས་གླུ་དེ་ནི་དམག་དམངས་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་མི་གཅིག་ལྟ་བུ་ཡིན་པར་གསོན་ཉམས་དོད་པོས་མཚོན་ཡོད།
ལོ་རྒྱུས་ཀྱིས་ང་ཚོར་བསྟན་དོན། དམངས་ཀྱི་བློ་ཁ་ཕྱོགས་ས་དང་། དམངས་སེམས་གཏད་ཕྱོགས་དང་། དམངས་འདུན་འཁོར་ཕྱོགས། དམགས་ཤུགས་འདུས་ཕྱོགས་བཅས་ཡོད་ན། མི་དམངས་དམག་དཔུང་བསྐྱོད་ཀྱང་མི་རྒྱལ་བ་མེད་པ་དང་གནམ་འོག་ལ་འགྲན་ཟླ་བྲལ་བ་རེད། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་སུ་ལངས་ནས་ཆེས་རྒྱ་ཆེའི་མི་དམངས་ཀྱི་སྙིང་ཐག་པ་ནས་བརྩི་བཀུར་ཐོབ་ན། ད་གཟོད་ཀུན་སེམས་གཅིག་སྒྲིལ་གྱི་ལྕགས་ཀྱི་གྱང་ར་བརྩིགས་ཐུབ། མདུན་སྐྱོད་ཀྱི་ལམ་བུའི་ཐོག་མི་དམངས་དམག་དཔུང་གིས་ངེས་པར་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་བུ་སྤུན་དམག་བྱེད་དགོས།
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
——མི་དམངས་དམག་དཔུང་གི་ལོ་རྒྱུས་འོད་སྟོང་འབར་བ་ནི་ཁྲག་དྲོན་དང་ཚེ་སྲོག་ལས་གྲུབ་པ་ཞིག་ཡིན་པས་ང་ཚོས་ནམ་ཡང་བློ་ལ་བརྟན་པོར་ངེས་དགོས། མི་དམངས་དམག་དཔུང་གི་ལོ་རྒྱུས་ཉམས་མྱོང་ནི་དཀའ་སྤྱད་འཚོལ་ཞིབ་བྱས་ནས་ཐོབ་པ་ཞིག་ཡིན་པས་ང་ཚོས་ནམ་ཡང་དར་སྤེལ་གཏོང་དགོས། མི་དམངས་དམག་དཔུང་གི་ལོ་རྒྱུས་འཕེལ་རིམ་ནི་ལྷག་བསམ་རྣམ་དག་དང་འགན་འཁྲི་འཁུར་ནས་སྐུལ་འདེད་གཏོང་བ་ཞིག་ཡིན་པས་ང་ཚོ་མདུན་ཕྱོགས་སུ་བསྐྱོད་པར་ནམ་ཡང་སྐུལ་མ་གཏོང་གི་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་“ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དམིགས་ནས། ཏང་གི་བཀོད་འདོམས་ལ་ཉན་པ་དང་། གཡུལ་ལས་རྒྱལ་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་འཛུགས་སྐྲུན་བྱེད་དགོས་ཞེས་པའི་ཏང་གི་གནས་བབ་གསར་པའི་འོག་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་འདི་བཏོན་ནས། དུས་བསྟུན་མདུན་སྐྱོད་ཀྱི་དམག་དོན་འཐབ་ཇུས་མཛུབ་ཁྲིད་གསར་གཏོད་བྱས་པ་དང་། གནས་བབ་གསར་པའི་དམག་དོན་འཐབ་ཇུས་ཀྱི་བྱེད་ཕྱོགས་གཏན་འབེབས་བྱས་པ་རེད། ང་ཚོས་ཀུའུ་ཐེན་དུ་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུ་འཚོགས་ཏེ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་ཆེན་པོ་བརྒྱབ་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ཡོད། ང་ཚོས་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཟབ་སྤེལ་ལ་སྐུལ་འདེད་བཏང་སྟེ། དམག་ཨུ་ཡིས་སྤྱི་ཡོངས་བདག་སྐྱོང་དང་། འཐབ་ཁུལ་གྱིས་དམག་འཐབ་གཙོ་འགན་འཁུར་བ། དམག་རིགས་ཀྱིས་འཛུགས་སྐྲུན་གཙོ་བོར་འཛིན་པ་བཅས་ཀྱི་རྣམ་པ་གསར་པ་བཙུགས་ནས། མི་དམངས་དམག་དཔུང་གི་རྩ་འཛུགས་རྣམ་པར་ཁྱོན་ཡོངས་རང་བཞིན་གྱི་བསྐྱར་སྐྲུན་མངོན་འགྱུར་བྱུང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དོན་སྟོབས་ཤུགས་མ་ལག་འཛུགས་པའི་ལོ་རྒྱུས་རང་བཞིན་གྱི་གོམ་སྟབས་སྤོས་བས། མི་དམངས་དམག་དཔུང་ལ་སྒྲིག་སྲོལ་གསར་པ་དང་། གྲུབ་ཚུལ་གསར་པ། གནས་སྟངས་གསར་པ། རྣམ་པ་གསར་པ་བཅས་ཆགས་པ་རེད། ང་ཚོས་ཁྲིམས་ལྟར་དམག་དཔུང་སྐྱོང་བ་དང་དམག་དཔུང་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དམག་དཔུང་སྐྱོང་སྟངས་རྩ་བའི་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད། ང་ཚོས་རྩ་བའི་ཚད་གཞི་འབའ་ཞིག་ཡིན་པའི་འཐབ་ནུས་རྒྱུན་འཁྱོངས་དང་། དམག་སྦྱོང་དམག་གྲབས་ལ་སྐུལ་འདེད་གཏིང་ཟབ་གཏོང་ཞིང་། རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ཡོད། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱས་ཏེ་དངོས་འཐབ་ལ་དམིགས་རྒྱུར་སྔར་བས་མཐོང་ཆེན་བྱས་ཤིང་། གསར་གཏོད་སྐུལ་འདེད་ལ་སྔར་བས་མཐོང་ཆེན་དང་། མ་ལག་འཛུགས་སྐྲུན་ལ་སྔར་བས་མཐོང་ཆེན། གཅིག་སྡུད་ལས་ཆོད་ཆེན་པོར་སྔར་བས་མཐོང་ཆེན། དམག་དམངས་མཉམ་འདྲེས་ལ་སྔར་བས་མཐོང་ཆེན་བཅས་བྱས་ཏེ། མི་དམངས་དམག་དཔུང་འཛུགས་སྐྲུན་བྱེད་པའི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་བ་རེད།
ལོ་5རིང་འབད་བརྩོན་བྱས་པ་བརྒྱུད། མི་དམངས་དམག་དཔུང་གིས་ཆབ་སྲིད་ཀྱི་སྐྱེ་ཁམས་བསྐྱར་བཟོ་དང་། རྩ་འཛུགས་ཀྱི་རྣམ་པ་བསྐྱར་བཟོ། སྟོབས་ཤུགས་ཀྱི་མ་ལག་བསྐྱར་བཟོ། སྤྱོད་ཚུལ་སྣང་བརྙན་བསྐྱར་བཟོ་བཅས་མངོན་འགྱུར་བྱུང་བ་དང་། མི་དམངས་དམག་དཔུང་གིས་ལམ་ཆས་བསྐྱར་སྒྲིག་བྱས་ནས་སླར་ཡང་ལམ་ལ་ཆས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལམ་བུའི་ཐོག་གོམ་སྟབས་བརྟན་པོ་སྤོས་ཡོད།
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
ལོ་རྒྱུས་ཀྱི་འཁོར་ལོ་མདུན་ནས་མདུན་དུ་སྐྱོད་བཞིན་ཡོད། ད་ལྟའི་འཛམ་གླིང་ངོས་ནས་བཤད་ན། རྒྱལ་སྤྱིའི་དུས་བབ་ལ་སྔར་བྱུང་མྱོང་མེད་པའི་འཕོ་འགྱུར་འབྱུང་བཞིན་ཡོད་པ་དང་། ད་ལྟའི་ཀྲུང་གོའི་ངོས་ནས་བཤད་ན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཉིད་ཕྱོགས་ཡོངས་ནས་གོང་ནས་གོང་དུ་འཕེལ་བཞིན་ཡོད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་ལ། ང་ཚོར་རྙེད་དཀའ་བའི་གོ་སྐབས་ཕྲད་ཡོད་པ་དང་། རྨང་གཞི་བརྟན་པོ་ལྡན་ལ། ཡིད་ཆེས་ཀྱིས་ཁེངས་ཡོད། དེ་དང་ཕྱོགས་མཚུངས་སུ་ང་ཚོས་ངེས་པར་དུ་གསལ་པོར་མཐོང་དགོས་པ་ཞིག་ནི། མདུན་སྐྱོད་ཀྱི་འགྲོ་ལམ་ནི་ནམ་ཡང་བདེ་བགྲོད་ཐུབ་པ་ཞིག་ཡིན་མི་སྲིད་པར། འགྲན་སློང་ཆེན་པོ་དང་། ཉེན་ཁ་ཆེན་པོ། འགོག་རྐྱེན་ཆེན་པོ། འགལ་བ་ཆེན་པོ་བཅས་སྣ་ཚོགས་འཕྲད་སྲིད་པས། ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་བྱེད་དགོས་པ་རེད།
ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ལངས་ཚེ་ང་ཚོར་མྱོང་ཚོར་དེ་བས་གཏིང་ཟབ་པ་ཞིག་བྱུང་བ་སྟེ། ཀྲུང་ཧྭ་མི་རིགས་སྡུག་བསྔལ་ལས་ཐར་བ་དང་ཀྲུང་གོའི་མི་དམངས་ལ་བཅིངས་འགྲོལ་ཐོབ་པ་ནི། དཔའ་ངར་ལྡན་པའི་མི་དམངས་དམག་དཔུང་ཞིག་ཡོད་པའི་རྐྱེན་གྱིས་ཡིན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་ཐུབ་པ་དང་ཀྲུང་གོའི་མི་དམངས་ཀྱིས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་དགོས་ན། ངེས་པར་དུ་མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་ཞིག་ཏུ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས་པ་རེད། ང་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་དུ་སྐྱོད་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལམ་དུ་བསྐྱོད་ནས། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་གཞག་དེ་རྒྱུན་ཆད་མེད་པར་གོང་ནས་གོང་དུ་སྤེལ་དགོས།
——དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་གཞག་ལ་སྐུལ་འདེད་གཏོང་དགོས་ན་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་དགོས་པ་རྒྱུན་འཁྱོངས་བྱས་ནས། མི་དམངས་དམག་དཔུང་དུས་ནམ་ཡང་ཏང་གི་རྗེས་སུ་འབྲང་ཐུབ་པར་འགན་ལེན་ཏན་ཏིག་བྱེད་དགོས། ཏང་གི་འགོ་ཁྲིད་ནི། མི་དམངས་དམག་དཔུང་གིས་སྟོབས་དང་ལྡན་པའི་གོང་བུར་འགྲིལ་ཤུགས་དང་། བློ་ཁ་ཕྱོགས་ཤུགས། གསར་སྐྲུན་བྱེད་ཤུགས། འཐབ་འཛིང་བྱེད་ཤུགས་བཅས་ཐོག་མཐའ་བར་གསུམ་དུ་འཛིན་སྐྱོང་ཐུབ་པའི་རྩ་བའི་འགན་ལེན་དུ་གྱུར་ཡོད། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་དགོས་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བར་གྱུར་པའི་ཁྱད་ཆོས་དང་། ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་དགེ་མཚན་གལ་ཆེན། མི་དམངས་དམག་དཔུང་གི་དམག་འཛུགས་རྩ་དོན་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བླ་སྲོག་བཅས་ཡིན། དུས་རབས་འཕེལ་རྒྱས་ཇི་ལྟར་ཕྱིན་པ་དང་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ང་ཚོའི་དམག་དཔུང་འདི་ནི་ནམ་ཡིན་ཡང་ཏང་གི་དམག་དཔུང་དང་མི་དམངས་ཀྱི་དམག་དཔུང་ཡིན། དམག་ཡོངས་ཀྱིས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཤུགས་ཆེ་རུ་བཏང་ནས། ཏང་ཀྲུང་དབྱང་གི་དབང་གྲགས་བློ་ཐག་རྦད་ཆོད་ཀྱིས་སྲུང་སྐྱོང་བྱེད་དགོས་པ་དང་། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་དགོས་པའི་རྩ་བའི་རྩ་དོན་དང་ལམ་ལུགས་བློ་ཐག་རྦད་ཆོད་ཀྱིས་ལག་བསྟར་བྱེད་དགོས་ཤིང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་བཀོད་འདོམས་བློ་ཐག་རྦད་ཆོད་ཀྱིས་ཉན་དགོས། རྩ་དོན་གྱི་གནད་དོན་ཆེན་པོ་འདིའི་ཐད་དུ་རིག་པ་ཧ་ཅང་གསལ་པོ་དང་། རྣམ་འགྱུར་ཧ་ཅང་གསལ་པོ། བྱ་སྤྱོད་ཧ་ཅང་བརྟན་པོ་བཅས་ཡོད་དགོས་པ་ལས་གཡོ་འགུལ་སྤུ་ཙམ་དང་ཐེ་ཚོམ་སྤུ་ཙམ་དང་ཁྲལ་ཁྲུལ་སྤུ་ཙམ་ཡོད་མི་རུང་།
——དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་གཞག་ལ་སྐུལ་འདེད་གཏོང་དགོས་ན་ངེས་པར་དུ་ཏང་གི་དམག་དོན་སློབ་སྟོན་སྐོར་གྱི་རིགས་པའི་གཞུང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པ་དང་། མར་ཁེ་སིའི་རིང་ལུགས་ཀྱི་དམག་དོན་སྐོར་གྱི་རིགས་པའི་གཞུང་ལུགས་དང་དེང་རབས་ཀྲུང་གོའི་དམག་དོན་ལག་ལེན་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་པ་ཟམ་མི་འཆད་པར་གཏོད་དགོས། མི་དམངས་དམག་དཔུང་རྒྱུན་ཆད་མེད་པར་ཡར་རྒྱས་གོང་འཕེལ་ཡོང་བའི་འགག་རྩ་ནི་སྔོན་ཐོན་གྱི་དམག་དོན་སྐོར་གྱི་རིགས་པའི་གཞུང་ལུགས་སློབ་སྟོན་དུ་འཛིན་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པར་ཐུག་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོའི་ཏང་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་དམིགས་ནས་བསམ་བློ་གསར་པ་དང་ལྟ་བ་གསར་པ་དང་སྡོམ་ཚིག་གསར་པ་དང་བླང་བྱ་གསར་པ་བཅས་རབ་དང་རིམ་པ་ཞིག་བཏོན་ཡོད་པ་དེས་དུས་སྐབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བསམ་བློ་གྲུབ་ཡོད། དམག་ཡོངས་ཀྱིས་ཏང་གི་དམག་དོན་སློབ་སྟོན་སྐོར་གྱི་རིགས་པའི་གཞུང་ལུགས་ལག་བསྟར་ནན་ཏན་བྱེད་པ་དང་། དུས་སྐབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བསམ་བློར་བརྟེན་ནས་དཔོན་དམག་རྣམས་ལ་དྲག་ཆས་སྤྲས་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་གཞག་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་བར་སྣེ་ཁྲིད་བྱེད་དགོས། ལག་ལེན་གྱི་འཕེལ་རྒྱས་ལ་རྫོགས་མཐའ་མེད་པ་དང་། བདེན་དོན་ངོས་འཛིན་ལ་རྫོགས་མཐའ་མེད་ཅིང་། གཞུང་ལུགས་གསར་གཏོད་ལ་རྫོགས་མཐའ་མེད། དམག་དཔུང་སྟོབས་ལྡན་དུ་གཏོང་རྒྱུ་ནི་གསར་གཏོད་ཀྱི་ཤས་ཆེན་པོ་ལྡན་པའི་བྱ་གཞག་ཅིག་ཡིན་པས། ང་ཚོས་རྒྱུན་ཆད་མེད་པར་དུས་བབ་གསར་པར་བསྟུན་པ་དང་། འགྲན་སློང་གསར་པར་ཁ་གཏད་འཇལ་བ། གནད་དོན་གསར་པ་ཐག་གཅོད་བྱེད་པ། ལག་ལེན་ཁྲོད་བློ་ཁོག་ཆེན་པོས་འཚོལ་ཞིབ་དང་། རིགས་པའི་གཞུང་ལུགས་ཐད་སྤོབས་པ་ཆེན་པོས་འགག་སྒྲོལ་བྱེད་པ་བཅས་ཀྱི་ཐོག་ནས། དུས་སྐབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བསམ་བློ་ཟམ་མི་འཆད་པར་གྲ་རྒྱས་ཕུན་ཚོགས་སུ་གཏོང་དགོས་པ་དང་། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལག་ལེན་རླབས་པོ་ཆེའི་ནང་དུ་མར་ཁེ་སིའི་རིང་ལུགས་ཀྱི་དམག་དོན་སྐོར་གྱི་རིགས་པའི་གཞུང་ལུགས་ལ་བདེན་དོན་གྱི་འོད་ཟེར་རབ་ཏུ་འབར་བ་བྱེད་དགོས།
——དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་གཞག་ལ་སྐུལ་འདེད་གཏོང་དགོས་ན་ངེས་པར་དུ་དམག་འཐབ་ཀྱི་གྲ་སྒྲིག་བྱེད་པར་ཐོག་མཐའ་བར་གསུམ་དུ་དམིགས་དགོས་པ་དང་། བཀས་སྐོང་དུས་ཡོང་ཐུབ་པ་དང་། ཡོང་ན་འཐབ་ཐུབ་པ་དང་། འཐབ་ན་རྒྱལ་ངེས་པའི་དམག་ཧྲག་གོ་ཧྲག་ཅིག་སྦྱོང་བརྡར་དང་འཛུགས་སྐྲུན་བྱེད་དགོས། བདེ་བར་སྡོད་དུས་ཉེན་ཁ་བརྗེད་མི་ཉན་ལ། རྒྱལ་ཁབ་བདེ་འཇགས་ཡིན་དུས་ཟིང་ཆ་བརྗེད་མི་ཉན། ང་ཚོར་ཞི་བདེ་སྲུང་སྐྱོབ་དང་། བདེ་འཇགས་སྲུང་སྐྱོང་། དམག་འཐབ་ཟིལ་གནོན་བཅས་ཀྱི་བྱེད་ཐབས་དང་གདམ་ག་མང་པོ་ཡོད་མོད། འོན་ཀྱང་དམག་དོན་གྱི་བྱེད་ཐབས་ནི་ཐོག་མཐའ་བར་གསུམ་དུ་ཐ་སྐྱོང་གི་བྱེད་ཐབས་ཡིན་པ་དང་། མི་དམངས་དམག་དཔུང་ནི་དུས་ནམ་ཡིན་ཡང་འཐབ་འཛིང་རུ་ཁག་ཡིན་ཞིང་། མི་དམངས་དམག་དཔུང་གི་སྐྱེ་སྟོབས་འབྱུང་ས་ནི་འཐབ་འཛིང་ནུས་ཤུགས་ཡིན་པས། ངེས་པར་དུ་ཉམས་ཉེན་རྟག་དྲན་གྱི་འདུ་ཤེས་ཆེར་སྐྱེད་དང་། མཐའ་ཚད་ཀྱི་བསམ་གཞིག་རྒྱུན་འཁྱོངས། སེམས་ཤུགས་ཡོད་རྒུ་དམག་འཐབ་ཐད་ལ་གཏོང་བ། ལས་དོན་ཁག་གིས་འཐབ་འཛིང་ལ་ཤུགས་རྒྱག་པ་བཅས་བྱས་ཏེ་ཏང་དང་མི་དམངས་ལ་དགོས་མཁོ་བྱུང་འཕྲལ་དུ་གཏོང་ཆོག་ཆོག་དང་། རྒྱུག་ཆོག་ཆོག རྒྱལ་ཁ་ལོན་ཤག་ཤག་བཅས་ཡོང་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས། དམག་ཡོངས་ཀྱིས་དུས་བབ་གསར་པའི་འོག་གི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་བྱས་ཏེ། དམག་དོན་དང་། དམག་འཐབ། འཐབ་འཛིང་བཅས་ལ་ཞིབ་འཇུག་ནན་ཏན་དང་། དེང་རབས་དམག་འཐབ་ཀྱི་ཆོས་ཉིད་དང་དམག་འཐབ་སློབ་སྟོན་གྱི་ཆོས་ཉིད་ཤེས་རྟོགས་བྱས་ཏེ། དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ལས་ཀ་ཁག་ཏན་ཏན་ཏིག་ཏིག་གིས་ཡག་པོར་སྒྲུབ་དགོས། དམག་ཇི་ལྟར་རྒྱག་དགོས་ན་དམག་སྦྱོང་དེ་ལྟར་བྱེད་དགོས་པ་དང་། དམག་རྒྱག་དུས་ཅི་ཞིག་མཁོ་ན་དེ་སྦྱོང་བརྡར་ཧུར་ཐག་བྱེད་དགོས་ཤིང་། གནད་དོན་གང་ཞིག་འབུར་དུ་ཐོན་ཡོད་ན་དེ་ཐག་གཅོད་བྱེད་དགོས་པ་བཅས་ཀྱིས་དམག་དོན་སྦྱོང་བརྡར་གྱི་དངོས་འཐབ་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། ཀྲུང་གོའི་མི་དམངས་ཞི་བདེ་དགའ་ཞེན་ཆེ་བ་དང་། ང་ཚོས་བཙན་འཛུལ་རྒྱ་སྐྱེད་གཏན་ནས་མི་བྱེད་མོད་ཀྱང་། ང་ཚོར་བཙན་འཛུལ་མཐའ་དག་ལས་རྣམ་པར་རྒྱལ་ཐུབ་པའི་གདེང་ཚོད་བརྟན་པོ་ཡོད། ང་ཚོས་མི་སུ་ཡང་རུང་བ་དང་། རྩ་འཛུགས་གང་ཡང་རུང་བ་དང་། སྲིད་ཏང་གང་ཡང་རུང་བ་ཞིག་གིས་དུས་དང་རྣམ་པ་གང་རུང་དང་། ཐབས་གང་རུང་ལ་བརྟེན་ནས་མངའ་ཁོངས་ས་ཆ་གང་ཞིག་ཀྲུང་གོའི་ཁོངས་ནས་ཁ་ཕྲལ་གཏོང་གཏན་ནས་འཇུག་གི་མིན་པ་དང་། མི་སུས་ཀྱང་ང་ཚོས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས་དང་། འཕེལ་རྒྱས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བའི་སྡུག་གྱོང་འཁུར་གྱི་རེད་བསམ་མ་ཡོང་། མི་དམངས་དམག་དཔུང་གིས་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སེམས་ཐག་གཙང་བཅད་ཀྱིས་སྲུང་སྐྱོང་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སེམས་ཐག་གཙང་བཅད་ཀྱིས་སྲུང་སྐྱོང་བྱེད་དགོས་ཤིང་། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་སེམས་ཐག་གཙང་བཅད་ཀྱིས་སྲུང་སྐྱོང་བྱེད་དགོས།
——དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་གཞག་ལ་སྐུལ་འདེད་གཏོང་དགོས་ན་ངེས་པར་དུ་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས། ཀུའུ་ཐེན་གྱི་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་ཆབ་སྲིད་ལས་དོན་གྱི་སྲོག་རྩ་ལྟ་བུའི་ནུས་པ་འདོན་སྤེལ་བྱས་ཏེ་བླ་སྲོག་ལྡན་པ་དང་། འཇོན་ཐང་ལྡན་པ། ངར་ཤུགས་ལྡན་པ། ཀུན་སྤྱོད་བཟང་བ་བཅས་ཀྱི་དུས་རབས་གསར་པའི་གསར་བརྗེའི་དམག་མི་སྐྱེད་སྲིང་བྱེད་དགོས་པ་དང་། ལྕགས་ལྟ་བུའི་འགྱུར་མེད་ཀྱི་དད་མོས་དང་དད་སེམས་དང་སྒྲིག་ཁྲིམས་དང་འཁུར་སེམས་བཅས་ལྡན་པའི་དམག་ཧྲག་གོ་ཧྲག་ཅིག་འཛུགས་སྐྲུན་བྱེད་དགོས་ཤིང་། མི་དམངས་དམག་དཔུང་གི་ངོ་བོ་དང་། དམིགས་འབེན། རང་བཞིན་བཅས་དུས་གཏན་དུ་འཛིན་དགོས། དམག་ཡོངས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་རྒྱལ་སྲུང་དང་དམག་དཔུང་གི་སྒྱུར་བཅོས་ཟབ་སྤེལ་དང་། རྒྱལ་སྲུང་དང་དམག་དཔུང་གི་འཛུགས་སྐྲུན་ལ་འགོག་རྐྱེན་བཟོ་བའི་སྒྲིག་སྲོལ་རང་བཞིན་གྱི་བཀག་ཆ་དང་། གྲུབ་ཚུལ་རང་བཞིན་གྱི་འགལ་བ། སྲིད་ཇུས་རང་བཞིན་གྱི་གནད་དོན་བཅས་ཐག་གཅོད་ཡག་པོ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམག་དོན་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་དགོས་པ་དང་། ཆ་འཕྲིན་ཅན་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ་པ་དང་འགན་འཁྲི་དང་ལས་འགན་གོ་འཕེར་ངང་སྒྲུབ་ཐུབ་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་དམག་དོན་སྟོབས་ཤུགས་ཀྱི་མ་ལག་གང་མགྱོགས་ཀྱིས་འཛུགས་དགོས། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་གཏོང་བའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། རང་བརྟེན་གསར་གཏོད་ཀྱི་འཐབ་ཇུས་ཀྱི་གཞི་རྐང་རྒྱུན་འཁྱོངས། འཛམ་གླིང་དམག་དོན་ཚན་རྩལ་གྱི་མདུན་གྲལ་ལ་དམིགས་པ། སྔོན་ཚོད་འཆར་འགོད་དང་ཇུས་འགོད་ལ་ཤུགས་སྣོན་བཅས་བྱས་ཏེ། འཐབ་ཇུས་རང་བཞིན་དང་། མདུན་གྲལ་རང་བཞིན། རྩ་སློག་རང་བཞིན་བཅས་ལྡན་པའི་ལག་རྩལ་འཕེལ་རྒྱས་མགྱོགས་སུ་གཏོང་དགོས་པ་དང་། མི་དམངས་དམག་དཔུང་གི་འཛུགས་སྐྲུན་དང་འཐབ་འཛིང་ནུས་ཤུགས་ཆེ་རུ་གཏོང་བའི་ཐད་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱས་རྗེས་འཇོག་ཚད་ཟམ་མི་འཆད་པར་མཐོ་རུ་གཏོང་དགོས། དམག་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཆེ་རུ་གཏོང་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དོན་ཁྲིམས་སྐྱོང་མ་ལག་མགྱོགས་སུ་འཛུགས་དགོས་ལ། དམག་སྐྱོང་བྱེད་སྟངས་རྩ་བའི་ཐོག་ནས་འཕོ་འགྱུར་གང་མགྱོགས་ཡོང་བར་བྱེད་དགོས།
——དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་གཞག་ལ་སྐུལ་འདེད་གཏོང་དགོས་ན་ངེས་པར་དུ་དམག་དམངས་མཉམ་འདྲེས་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏིང་ཟབ་བཏང་སྟེ་དམག་དམངས་གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་འཛུགས་དགོས། དམག་དམངས་མཉམ་འདྲེས་ཐོག་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་འཐབ་ཇུས་ཀྱི་གནས་སུ་འཇོག་པ་ནི་ང་ཚོས་དུས་ཡུན་རིང་པོར་དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་མཐུན་སྦྱོར་ངང་གོང་འཕེལ་ཡོང་བའི་ཆོས་ཉིད་འཚོལ་ཞིབ་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་བདེ་འཇགས་ཀྱི་ཁྱོན་ཡོངས་ལ་དམིགས་ནས་བཏོན་པའི་ཐབས་ཇུས་གལ་ཆེན། བདེ་འཇགས་ཐད་ཀྱི་འཇིགས་སྐུལ་རྙོག་འཛིང་ཅན་ལ་ཁ་གཏད་གཅོག་པ་དང་རྒྱལ་ཁབ་འཐབ་ཇུས་ཀྱི་དགེ་མཚན་ཐོབ་པར་བྱེད་པའི་བྱེད་ཐབས་གལ་ཆེན་བཅས་ཡིན། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་དང་། དགོས་མཁོ་གཅིག་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་བ། འཕར་གྲངས་དང་གསོག་གྲངས་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། སྒྲིག་སྲོལ་དང་ལམ་སྲོལ་གྱི་སྒྱུར་བཅོས་དང་། མ་ལག་དང་གཙོ་རྒྱུ་མཉམ་འདྲེས་དང་། ལམ་ལུགས་དང་ཚད་གཞི་འཛུགས་སྐྲུན་བཅས་དུས་མཉམ་དུ་སྤེལ་བ། གཙོ་རྒྱུ་ཀུན་འདུས་དང་ཁྱབ་ཁོངས་མང་བ་དང་ཕན་ནུས་ཆེ་བ་བཅས་ཀྱི་དམག་དམངས་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བའི་རྣམ་པ་མྱུར་དུ་ཆགས་པ་བྱེད་པ་བཅས་ཀྱི་ཐོག་ནས། དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་མཐུན་སྦྱོར་ངང་འཕེལ་རྒྱས་དང་། དོ་མཉམ་ངང་འཕེལ་རྒྱས། འགྲིག་མཐུན་ངང་འཕེལ་རྒྱས་བཅས་ཡོང་བའི་རྣམ་པ་གསར་པ་གཏོད་བར་འབད་བརྩོན་བྱེད་དགོས། ང་ཚོའི་རྒྱལ་སྲུང་ནི་དམངས་ཡོངས་ཀྱི་རྒྱལ་སྲུང་ཡིན་ཞིང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་ཐུན་མོང་གི་བྱ་གཞག་ཡིན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་། ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་བཅས་ཀྱིས་རྒྱལ་སྲུང་གི་འདུ་ཤེས་ཆེར་སྐྱེད་དང་། རྒྱལ་སྲུང་དང་དམག་དཔུང་གི་འཛུགས་སྐྲུན་དང་སྒྱུར་བཅོས་ལ་ལྷག་བསམ་ཟོལ་མེད་ཀྱིས་རྒྱབ་སྐྱོར་བྱས་ཏེ་དམག་དཔུང་སྟོབས་ལྡན་དུ་གཏོང་བར་མཐུན་རྐྱེན་བཟང་པོ་སྐྲུན་དགོས་པ་དང་། འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས།
——དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་གཞག་ལ་སྐུལ་འདེད་གཏོང་དགོས་ན་ངེས་པར་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱིས་ཡིད་ཆེས་དང་། བརྩི་བཀུར། དགའ་ཞེན་བཅས་བྱེད་པའི་བུ་སྤུན་དམག་བྱེད་དགོས། དམག་དཔུང་གཡུལ་ལས་རྒྱལ་དགོས་ན་མི་དམངས་ཀྱི་རྒྱབ་རྟེན་ཡོད་དགོས། མི་དམངས་དམག་དཔུང་གི་གཞི་རྩ་ནི་མི་དམངས་ཀྱི་ས་གཞི་གཤིན་པོའི་ཐོག་རྩ་བ་ཚུགས་ཡོད། མི་དམངས་དམག་འཐབ་ཀྱི་སྟོབས་ཤུགས་རླབས་པོ་ཆེ་དེ་མི་དམངས་ཀྱི་སྟོབས་ཤུགས་རླབས་པོ་ཆེ་ལས་བྱུང་བ་ཡིན། དམག་ཡོངས་ཀྱིས་མི་དམངས་སེམས་ལ་འཛིན་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་ཀྱི་དོན་དུ་མེ་མདའ་འཁུར་བ་དང་མི་དམངས་ཀྱི་དོན་དུ་དམག་རྒྱག་པའི་བླ་ན་མེད་པའི་འགན་འཁྲི་ཡིད་ལ་བརྟན་པོར་ངེས་ནས། མི་དམངས་ཀྱི་ཞི་བདེའི་ངལ་རྩོལ་དང་འཚོ་བ་བློ་ཐག་རྦད་ཆོད་ཀྱིས་སྲུང་སྐྱོབ་བྱེད་དགོས། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། མི་དམངས་མང་ཚོགས་དང་འོ་མ་ཆུ་ལ་འདྲེས་པ་ལྟ་བུའི་བརྩེ་དུང་དང་འཆི་གསོན་མཉམ་གནས་ཀྱི་འབྲེལ་བ་འཛིན་སྐྱོང་བྱས་ཏེ་དུས་ནམ་ཡང་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་མཁན་བྱེད་དགོས། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་པ་དང་རོགས་སྐྱོར་དང་། དཀའ་ཉེན་བྲེལ་ལྕིའི་ལས་འགན་འཁུར་ཕོད་པ་བྱས་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་ལ་བདེ་སྐྱིད་དང་ཁེ་ཕན་སྐྲུན་དགོས། དམག་སྲིད་བར་དང་དམག་དམངས་བར་མཐུན་སྒྲིལ་བྱ་རྒྱུ་ནི་ང་ཚོའི་ཏང་དང་དམག་དཔུང་ལ་དམིགས་བསལ་དུ་ཡོད་པའི་ཆབ་སྲིད་ཀྱི་དགེ་མཚན་ཡིན། ཏང་ཡོངས་དང་དམག་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དམག་གིས་དམངས་ལ་གཅེས་པ་དང་དམངས་ཀྱིས་དམག་ལ་བཀུར་བའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་གཏོང་དགོས་པ་དང་། དམག་སྲིད་བར་དང་དམག་དམངས་བར་གྱི་མི་འགྱུར་རྡོ་རྗེ་བྲག་ལྟ་བུའི་འབྲེལ་བ་ཟམ་མི་འཆད་པར་གོང་འཕེལ་གཏོང་དགོས།
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་ཡིན། ཀྲུང་གོའི་དམག་དཔུང་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་མཁན་སྟོབས་ཤུགས་འགྱུར་མེད་ཅིག་ཡིན། ཀྲུང་གོའི་དམག་དཔུང་གིས་སྔར་བཞིན་རྒྱལ་སྤྱིའི་དམག་དོན་སྤེལ་རེས་དང་མཉམ་ལས་སྤེལ་བ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་འཇལ་བ། ཀྲུང་གོའི་རྒྱལ་སྤྱིའི་གོ་གནས་དང་ཆ་མཚུངས་ཀྱི་འགན་འཁྲི་དང་འོས་འགན་ཧུར་ཐག་ནན་སྒྲུབ་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཧུར་ཐག་འབུལ་དགོས།
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
ལོ་ངོ་90ཡི་རིང་དཀའ་སྤྱད་འཚོལ་ཞིབ་བྱས་པ་དང་ལོ་ངོ་90ཡི་རིང་འབད་འཐབ་ལྷོད་མེད་བྱས་ཏེ། ང་ཚོའི་བྱ་གཞག་ནི་རླབས་ཆེ་བ་ཞིག་ཡིན་པ་དང་། ང་ཚོའི་ལས་འགན་ནི་དཀའ་ཚེགས་ཆེ་བ་ཞིག་ཡིན་པ། ང་ཚོའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ནི་འོད་སྟོང་འབར་བ་བཅས་ཡིན། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་ངེས་པར་དུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མདུན་དུ་སྐྱོད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་རླབས་པོ་ཆེའི་ཁྲོད་དུ། རྒྱལ་ཁབ་སྟོབས་ལྡན་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་སྔར་ལས་འོད་སྟོང་འབར་བའི་ལེ་ཚན་ཟམ་མི་འཆད་པར་རྩོམ་པ་དང་། ལོ་རྒྱུས་དང་དུས་རབས་ལ་ངོ་གནོང་མི་དགོས་པའི་འོད་སྟོང་འབར་བའི་བྱས་རྗེས་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།