དེ་རིང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཐུན་མོང་སློབ་སྦྱོང་ཐེངས་ཉེར་བདུན་པ་སྤེལ་བ་དང་། ནང་དོན་ནི་“ལོ་ལྔ་ཚན་བཅུ་བཞི་པའི་”རིང་རང་རྒྱལ་གྱི་འཕེལ་རྒྱས་ལ་འགོ་ཡག་པོ་འཛུགས་རྒྱུ་དང་གོམ་སྟབས་ཡག་པོ་སྤོ་རྒྱུའི་གཙོ་གནད་ལས་དོན་ཡག་པོར་བསྒྲུབ་རྒྱུ་དེ་ཡིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་《གྲོས་གཞིའི་》ནང་“ལོ་ལྔ་ཚན་བཅུ་བཞི་པའི་”རིང་དང་མ་འོངས་པའི་ལོ་15ཡི་ནང་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སློབ་སྟོན་བྱེད་ཕྱོགས་དང་། དམིགས་འབེན་གཙོ་བོ། ལས་ཀའི་གཙོ་གནད། དོན་འཁྱོལ་ལམ་སྲོལ་སོགས་ལ་བཀོད་སྒྲིག་ཁ་གསལ་བྱས་ཡོད། ད་ལྟའི་ལས་འགན་གཙོ་བོ་ནི་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་དམ་འཛིན་བྱ་རྒྱུ་དེ་རེད།
ད་ལོ་ནི་“ལོ་ལྔ་ཚན་བཅུ་བཞི་པ་”འགོ་རྩོམ་པའི་ལོ་ཡིན་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་འགོ་རྩོམ་པའི་ལོ་ཡིན་ལ། ང་ཚོའི་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཡང་ཡིན། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལེགས་པོར་བསྒྲུབ་རྒྱུ་དང་། “ལོ་ལྔ་ཚན་བཅུ་བཞི་པའི་”རིང་ལ་རང་རྒྱལ་འཕེལ་རྒྱས་གཏོང་བའི་གོམ་སྟབས་དང་པོ་ཡག་པོ་སྤོ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། གོམ་པ་དང་པོ་བརྟན་པོར་སྤོས་ནས་རྣམ་པ་གསར་པ་གཏོད་པ་དང་གྲུབ་འབྲས་གསར་པ་ཐོབ་པར་བྱེད་དགོས། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་ཀའི་སྐོར་ལ་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་ནས་བཀོད་སྒྲིག་བྱས་ཡོད་དེ། ངས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་གྲོས་ཚོགས་སོགས་ཚོགས་འདུའི་ཐོག་ཀྱང་བཤད་ཡོད། ཐེངས་འདིའི་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་ངས་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་སྟངས་འཛིན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གསར་གཏོད་སོགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ཐད་གཙོ་གནད་དུ་བཟུང་ནས་བསམ་འཆར་བཏོན་པ་ཡིན།
ཐེངས་འདིའི་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག ངས་དམིགས་སུ་བཀར་ནས་ནན་བཤད་བྱས་ཡོད་པ་ནི། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནི་རྒྱུད་རིམ་ལྡན་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཅིག་ཡིན་ཞིང་། འཕེལ་རྒྱས་ཀྱི་དམིགས་ཡུལ་དང་། སྒུལ་ཤུགས། བྱེད་སྟངས། ཐབས་ལམ་སོགས་སྐོར་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པར་ལན་བཏབ་པ་དང་། འཕེལ་རྒྱས་སྐོར་གྱི་ང་ཚོའི་ཏང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། རིན་ཐང་གི་ཁྲིད་ཕྱོགས། འཕེལ་རྒྱས་ཀྱི་རྣམ་པ། འཕེལ་རྒྱས་ཀྱི་ཐབས་ལམ་ལ་སོགས་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་གསལ་བཤད་བྱས་ཡོད་པས། ཏང་ཡོངས་ཀྱིས་ངེས་པར་དུ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བསྟར་དགོས། འདིར་ངས་གནད་དོན་འདིའི་སྐོར་ལ་ཡང་བསྐྱར་བསམ་འཆར་འགའ་བཤད་རྒྱུ་ཡིན།
དང་པོ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་ཏན་ཏིག་བྱེད་དགོས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་གསལ་འབེབས་བྱས་ཡོད། ལོ་5ལྷག་གི་རིང་ལ། ངས་ཏང་ཡོངས་ཀྱིས་གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཨང་དང་པོ་ཡིན་པ་དང་། མཐུན་སྦྱོར་ནི་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་ནང་གནས་བླང་བྱ་ཡིན་པ། ལྗང་མདོག་ནི་དུས་གཏན་དུ་འཕེལ་རྒྱས་ཡོང་བའི་དགོས་ངེས་ཀྱི་ཆ་རྐྱེན་དང་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་རེ་སྙེག་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་ཡིན་པ། སྒོ་འབྱེད་ནི་རྒྱལ་ཁབ་དར་རྒྱས་གོང་འཕེལ་ཡོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན་པ། མཉམ་སྤྱོད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཞིག་ཡིན་པ་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་ཞེས་ནན་བཤད་ཡང་ཡང་བྱས་ཡོད། གསར་གཏོད་འཕེལ་རྒྱས་དང་། མཐུན་སྦྱོར་འཕེལ་རྒྱས། ལྗང་མདོག་འཕེལ་རྒྱས། སྒོ་འབྱེད་འཕེལ་རྒྱས། མཉམ་སྤྱོད་འཕེལ་རྒྱས་བཅས་རྒྱུན་འཁྱོངས་བྱ་རྒྱུ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་འཕོ་འགྱུར་གཏིང་ཟབ་ཅིག་ཡིན་པས་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་བསམ་བློ་གཅིག་གྱུར་དང་། བྱ་སྤྱོད་མཐུན་སྦྱོར། གསར་སྤེལ་མདུན་སྐྱོད་བཅས་བྱེད་དགོས།
འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནི་སྤྱི་ཡོངས་ཤིག་ཡིན་ཞིང་། ཀྲུང་དབྱང་རིམ་པ་དང་ཡང་ན་སྡེ་ཚན་རིམ་པ་གང་ཡིན་པ་དང་། ཞིང་ཆེན་རིམ་པ་དང་ཞིང་ཆེན་མན་གྱི་རིམ་པ་ཁག་གང་ཡིན་རུང་། ལག་བསྟར་དོན་འཁྱོལ་བྱེད་སྐབས་ཆ་ཚང་ཁོང་དུ་ཆུད་པ་དང་། གོ་བ་ཡང་དག་ལེན་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་སོ་སོར་དོན་འཁྱོལ་བྱེད་དགོས། འགལ་བ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོ་དམ་འཛིན་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་ཤུགས་རྐྱེན་བཟོ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བའི་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་ཅིང་། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་བཟོ་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། གསར་གཏོད་འཕེལ་རྒྱས་དང་། མཐུན་སྦྱོར་འཕེལ་རྒྱས། ལྗང་མདོག་འཕེལ་རྒྱས། སྒོ་འབྱེད་འཕེལ་རྒྱས། མཉམ་སྤྱོད་འཕེལ་རྒྱས་བཅས་ལ་ལས་དོན་ཁྲོད་དོ་ཁུར་བྱེད་པ་དང་། ཕྱར་བ་གྲུ་འདེགས་བྱས་ནས་སྡོམ་ཤུགས་ཆགས་པ་བྱེད་དགོས་པ་ལས་ལྕི་ཡང་མི་སྙོམས་པ་དང་གཅིག་དཔེ་བརྒྱ་འགེབས་བྱེད་མི་རུང་།
ཀྲུང་དབྱང་གི་ངོས་ནས་བཤད་ན། འཆར་འགོད་ཇུས་བཟོ་དང་། སྤྱི་ཁོག་ཁྲིད་སྟོན། སྲིད་ཇུས་བཅའ་ཁྲིམས། ནོར་སྲིད་ཀྱི་གཏོང་འཇོག ལས་ཀའི་བཀོད་སྒྲིག་སོགས་ཀྱི་ཐད་ནས་ཏང་ཡོངས་དང་རྒྱལ་ཡོངས་ལ་སློབ་སྟོན་བྱས་ཏེ་འགག་རྩའི་ལྷུ་ཚིགས་དམ་འཛིན་ཡག་པོ་བྱེད་པ་དང་། གཙོ་གནད་ཐོད་བརྒལ་བྱས་པ་བརྒྱུད་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་ཁྲིད་བྱས་ཏེ། སྤྱི་ཡོངས་ཐོག་ནས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པའི་ནུས་པ་དང་ཆུ་ཚད་ཟམ་མི་འཆད་པར་མཐོ་རུ་གཏོང་དགོས། སྡེ་ཚན་ཁག་གིས་རང་ངོས་ཀྱི་འགན་འཁྲི་གཞིར་བཟུང་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་སྡེ་ཚན་དེ་རང་དང་འབྲེལ་བ་ཡོད་པའི་གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་ལ། སྡེ་ཚན་དེ་རང་གི་ལས་དོན་གྱིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་འཕེལ་རྒྱས་འདུ་ཤེས་གསར་པ་ལག་བསྟར་བྱེད་པའི་ཐད་ཀྱི་ནུས་པ་དང་ཤུགས་རྐྱེན་ལ་ཡང་ཕྱོགས་བསྡུས་བསམ་གཞིག་བྱེད་དགོས་པ་ལས་དཔའ་བོ་ཁེར་རྒྱུག་དང་རང་ཉིད་གཅིག་པུར་བསམ་བློ་གཏོང་བ་ཁོ་ན་བྱེད་མི་རུང་། ས་ཁུལ་ཁག་གིས་རང་ངོས་ཀྱི་ཆ་རྐྱེན་དང་ནུས་པ་ལ་གཞིགས་ཏེ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་དགོས་ལ་ཞན་ཆ་དང་སྐྱོན་ཆ་ལའང་དམ་འཛིན་བྱས་ནས་གཙོ་གནད་ཐོག་སྐུལ་འདེད་བྱེད་དགོས་པ་ལས་དོན་དངོས་དང་བྲལ་ནས་ཨུ་ཚུགས་ཀྱིས་སྒྲུབ་མི་རུང་ལ། སྲིད་སྐྱོང་གི་བྱས་རྗེས་འཇོག་ཆེད་ཆ་རྐྱེན་ལ་མི་བལྟོས་པར་གང་ཡང་སྒྲུབ་འདོད་གཏན་ནས་བྱེད་མི་རུང་། དེ་ལྟར་བྱས་ན་མཐར་གང་ཡང་འགྲུབ་མི་ཐུབ། དཔེར་ན། གསར་གཏོད་འཕེལ་རྒྱས་ལ་ཚང་མས་དམ་འཛིན་བྱེད་དགོས་མོད། འོན་ཀྱང་གནད་འགག་དང་སྲོག་ཤིང་དུ་གྱུར་པའི་བྱེ་བྲག་གི་ལག་རྩལ་སྣ་ཚོགས་ལ་མཚོན་ན་མི་ཚང་མས་འཇོན་པ་ཞིག་མ་ཡིན་པར་ཆ་རྐྱེན་དང་ནུས་པ་ལ་བལྟ་དགོས་པ་དང་། དུས་མཚུངས་སུ་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་འཕེལ་རྒྱས་ཀྱི་བཀོད་པར་ཡང་བལྟ་དགོས། རང་ཉིད་ཀྱི་དགེ་མཚན་ལྡན་པའི་ཁྱབ་ཁོངས་ནས་ཤུགས་རྒྱག་དགོས་པ་ལས་རྨོངས་ཚོད་ཀྱིས་རྣམ་གྲངས་འགོད་མི་རུང་། མཐུན་སྦྱོར་འཕེལ་རྒྱས་གཏོང་བ་དང་སྒོ་འབྱེད་འཕེལ་རྒྱས་མི་ཚང་མས་དམ་འཛིན་བྱེད་དགོས་མོད། དུས་མཚུངས་སུ་ཤར་རྒྱུད་དང་ནུབ་རྒྱུད་དང་། དར་རྒྱས་ཆེ་བའི་ས་ཁུལ་དང་དར་རྒྱས་མེད་པའི་ས་ཁུལ། མཚོ་རྒྱུད་ས་ཁུལ་དང་ནང་ལོགས་ས་ཁུལ་བཅས་ཀྱི་ཆ་རྐྱེན་མི་འདྲ་བས་དོན་དངོས་ལ་གཞིགས་ནས་དམ་འཛིན་བྱེད་དགོས། ལྗང་མདོག་འཕེལ་རྒྱས་དང་མཉམ་སྤྱོད་འཕེལ་རྒྱས་མི་ཚང་མས་དམ་འཛིན་བྱེད་དགོས། དེ་ལ་གདམ་ག་བྱེད་ས་མེད་པ་དང་། དུས་མཚུངས་སུ་ས་ཁུལ་དེ་གའི་གནད་དོན་གཙོ་བོར་དམིགས་པ་དང་ས་ཁུལ་དེ་གའི་གཙོ་གནད་ཁྱབ་ཁོངས་མངོན་གསལ་དོད་པོ་ཡོང་བ་བྱསཏེ། ས་ཁུལ་དེ་གའི་ཐེག་ནུས་དང་བསྟུན་ཞིང་། དཔལ་འབྱོར་འཕེལ་རྒྱས་ཁོ་ནར་བལྟས་ནས་ལྗང་མདོག་དང་མཉམ་སྤྱོད་གཉིས་ལ་དེ་བས་ཀྱང་སྣང་ཆུང་བྱེད་མི་རུང་།
གཉིས་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དོན་འཁྱོལ་བྱེད་དགོས། གནའ་མིས་“དམངས་ཕྱུག་པོ་ཆགས་ན་རྒྱལ་ཁབ་དར། འབངས་བདེ་པོ་བྱུང་ན་སྤྱི་ཚོགས་བདེ་”ཞེས་བཤད་ཀྱི་ཡོད། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་སྐབས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་། ངེས་པར་དུ་ཐུན་མོང་ཕྱུག་འགྱུར་གྱི་གནད་དོན་ལ་དེ་བས་མཐོང་ཆེན་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འདོན་སྐབས། ངས་མཉམ་སྤྱོད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་པས། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་དུ་ལོངས་སྤྱོད་བྱེད་པ་བཅས་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ་དང་། སྔར་ལས་ནུས་ལྡན་གྱི་ལམ་ལུགས་བཀོད་སྒྲིག་བྱས་ནས་མཉམ་སྐྲུན་མཉམ་སྤྱོད་ཀྱི་འཕེལ་རྒྱས་གཏོང་རིང་མི་དམངས་ཡོངས་ལ་ཐོབ་སྣང་སྔར་ལས་མང་བ་ཡོད་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་ཞིང་མི་དམངས་ཀྱི་མཐུན་སྒྲིལ་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་ཕྱོགས་སུ་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱེད་དགོས་པའི་ནན་བཤད་བྱས་ཡོད། ཐེངས་འདིའི་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་ངས་ཡང་མི་དམངས་ཡོངས་རྫོགས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་སྤེལ་གཏོང་རྒྱུའི་གནད་དོན་འདི་བཤད་ཡོད་ཅིང་། ཐུན་མོང་ཐོག་ཕྱུག་པོར་འགྱུར་རྒྱུ་ནི་དཔལ་འབྱོར་གྱི་གནད་དོན་ཡིན་པ་མ་ཟད། ཏང་གི་སྲིད་སྐྱོང་རྨང་གཞི་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་ཡིན་ཞེས་ནན་བཤད་བྱས་ཡོད།
མར་ཁེ་སིས་《1857-1850ལོའི་དཔལ་འབྱོར་རིག་པའི་ཟིན་བྲིས་》ཞེས་པའི་ནང་གསུངས་དོན། མ་འོངས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནང་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཧ་ཅང་མགྱོགས་པོ་ཡོང་རྒྱུ་དང་། ཐོན་སྐྱེད་ཀྱིས་མི་ཚང་མ་ཕྱུག་པོར་འགྱུར་རྒྱུ་དམིགས་ཡུལ་དུ་འཛིན་རྒྱུ་རེད་ཅེས་འཁོད་ཡོད། བློ་མཐུན་མའོ་ཙེ་ཏུང་གིས་ཀྱང་སྔ་ས་ནས་གསུངས་མྱོང་དོན། “ཕྱུག་པོ་འདི་ནི་ཐུན་མོང་གི་ཕྱུག་པོ་ཡིན་ལ། སྟོབས་ལྡན་འདི་ནི་ཐུན་མོང་གི་སྟོབས་ལྡན་ཡིན་པས། ཚང་མར་བགོ་སྐལ་རེ་ཡོད།” བློ་མཐུན་ཏེང་ཞའོ་ཕིན་གྱིས་གསུངས་དོན། “ཐུན་མོང་ཐོག་ཕྱུག་པོར་འགྱུར་རྒྱུ་ནི་ང་ཚོས་སྒྱུར་བཅོས་བྱེད་འགོ་བརྩམས་པ་ནས་བཟུང་བཤད་པ་ཡིན། མ་འོངས་པ་ནམ་ཞིག་ལ་ཞིབ་འཇུག་བྱ་གཞི་གཙོ་བོར་འགྱུར་སྲིད། སྤྱི་ཚོགས་རིང་ལུགས་ནི་མི་ཉུང་ཤས་ཕྱུག་པོར་འགྱུར་བ་དང་མི་མང་ཆེ་བ་དབུལ་པོ་ཆགས་པའི་རྣམ་པ་དེ་འདྲ་ཞིག་མ་རེད། སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཆེ་ཤོས་ནི་ཐུན་མོང་ཐོག་ཕྱུག་པོར་འགྱུར་བ་དེ་ཡིན་ཞིང་། དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་མཚོན་བྱེད་ཅིག་རེད།”
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོའི་ཏང་གིས་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུར་འཚོལ་ཞིབ་གསར་པ་བྱས་པ་དང་། ཐུན་མོང་ཕྱུག་འགྱུར་གྱི་རིགས་པའི་གཞུང་ལུགས་ལ་འགྲེལ་བཤད་གསར་པ་བྱས་ཤིང་། ཐུན་མོང་ཕྱུག་འགྱུར་གྱི་དམིགས་འབེན་ལ་བཀོད་སྒྲིག་གསར་པ་བྱས་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་དེ་བས་རྒྱང་རིང་གི་དམིགས་འབེན་ཕྱོགས་སུ་ཐུན་མོང་ཕྱུག་འགྱུར་གྱི་ཇུས་གཞི་བཀོད་དེ། “མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ཡོང་བར་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་མངོན་གསལ་ཐོབ་པའི་”དམིགས་འབེན་བཏོན་པ་རེད། ཐུན་མོང་ཐོག་ཕྱུག་པོར་འགྱུར་བ་བྱ་རྒྱུ་དེ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཀྱི་དམིགས་འབེན་གལ་ཆེན་ཞིག་ཡིན། ང་ཚོས་དེང་རབས་ཅན་མངོན་འགྱུར་བྱུང་རྗེས་གཞི་ནས་ཐུན་མོང་ཕྱུག་འགྱུར་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྒུག་མི་རུང་བར་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་གསར་པ་དེ་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་ཐོག་མའི་འགོ་རྩོམ་ས་དང་དོན་ལ་འབབ་སར་བརྩིས་ཏེ། དེང་རབས་ཅན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ནང་གནད་དོན་དེ་ཉིད་རྒྱུན་ཆད་མེད་པར་ཐག་གཅོད་ཡག་པོ་བྱེད་དགོས། རང་རྟོགས་ཀྱི་སྒོ་ནས་ས་ཁུལ་བར་གྱི་ཧེ་བག་དང་། གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཧེ་བག ཡོང་འབབ་བར་གྱི་ཧེ་བག་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་ཅིང་། འཕེལ་རྒྱས་གཏོང་རིང་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ལས་ཞུགས་དང་། ཡོང་འབབ་བགོ་བཤའ། སློབ་གསོ། སྤྱི་ཚོགས་འགན་བཅོལ། སྨན་བཅོས། སྡོད་ཁང་། རྒན་གསོ། ཕྲུ་གུར་རོགས་སྐྱོར་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ལས་ཀར་གཅིག་གྱུར་གྱིས་འཆར་འགོད་ལེགས་པོ་བྱས་ཏེ་གྲོང་གསེབ་དང་། གཞི་རིམ། དར་རྒྱས་མེད་པའི་ས་ཁུལ་བཅས་ལ་གཟིགས་སྐྱོང་བྱེད་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་གཟིགས་སྐྱོང་བྱེད་པ། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྐུལ་སྤེལ་བཅས་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་སྔར་ལས་མང་བ་དང་སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་ཐོགས་པར་བྱེད་དགོས། མི་དམངས་ཡོངས་རྫོགས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ནི་དུས་ཡུན་རིང་པོའི་ལས་འགན་ཞིག་ཡིན་ལ། དངོས་ཡོད་ཀྱི་ལས་འགན་ཞིག་ཀྱང་ཡིན་པས། བྲེལ་བ་ལངས་མི་ཉན་ལ་སྒུག་ཀྱང་མི་རུང་བ་ཞིག་ཡིན། ངེས་པར་དུ་དེ་ཉིད་སྔར་ལས་གལ་ཆེ་བའི་གོ་གནས་ཐོག་འཇོག་དགོས། ཏན་ཏན་ཏིག་ཏིག་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་བྱས་རྗེས་བཞག་སྟེ། དམིགས་འབེན་འདིར་སྔར་ལས་ཡར་ཐོན་དང་ཕན་ལྡན་གྱི་ཧུར་བརྩོན་བྱེད་དགོས།
གསུམ་པ། སྒྱུར་བཅོས་སྒོ་འབྱེད་མུ་མཐུད་གཏིང་ཟབ་ཏུ་སྤེལ་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་ནས་ལག་བསྟར་མཐར་ཕྱིན་བྱེད་པ་ལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་སློབ་སྟོན་བྱེད་དགོས་ལ། སྒྱུར་བཅོས་གཏིང་ཟབ་བྱེད་པ་བརྒྱུད་ནས་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་མཐར་ཕྱིན་བྱེད་པར་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགན་ལེན་བྱེད་དགོས། རང་རྒྱལ་གྱི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལག་ལེན་ལས་ང་ཚོར་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ཚེ་གཞི་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ཐུབ་པ་དང་། འཕེལ་རྒྱས་ཀྱི་དཀའ་གནད་སེལ་ཐུབ་པ། འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་ཐུབ་པ། འཕེལ་རྒྱས་ཀྱི་དགེ་མཚན་བརྟན་དུ་གཏོང་ཐུབ་པ་བཅས་གསལ་བཤད་བྱས་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། རང་རྒྱལ་གྱི་ཁྱབ་ཁོངས་གཙོ་བོའི་སྒྱུར་བཅོས་ཀྱི་སྒྲོམ་གཞི་གཙོ་བོ་གཞི་རྩའི་ཆ་ནས་གཏན་འཁེལ་བྱས་ཟིན་ཡོད། ཐོག་མའི་དུས་ཀྱི་གཙོ་གནད་ནི་རྨང་གཞི་བརྟན་གཏོང་དང་ཀ་བ་འཛུགས་རྒྱུ་དེ་རེད། བར་མའི་དུས་ཀྱི་གཙོ་གནད་ནི་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་རྒྱུ་དེ་རེད། ད་ལྟ་ཤུགས་རྒྱག་ས་དེ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་དམིགས་ཏེ་མ་ལག་གཅིག་སྡུད་དང་གནད་སྨིན་ཇུས་འདོན་ཐད་ཤུགས་སྣོན་རྒྱག་དགོས་པ་དེ་ཡིན།
ང་ཚོས་ད་ཡོད་སྒྱུར་བཅོས་ཀྱི་རྨང་གཞིའི་ཐོག འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་རྐང་བཙུགས་ཏེ། གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་ཅིང་། གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་དོ་མཉམ་ཡོང་བར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པ། སྒོ་འབྱེད་པའི་ཆུ་ཚད་མཐོར་འདེགས་གཏོང་བ། མཉམ་སྤྱོད་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པ་སོགས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ། སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་སྤེལ་ནས་སྒྱུར་བཅོས་ཀྱི་ཇུས་གཞི་སྔར་ལས་གནད་འཁེལ་ངང་འདོན་པ་དང་། ལམ་ལུགས་ཀྱི་མ་ལག་སྔར་ལས་ཕྱོགས་ཡོངས་ནས་འཐུས་ཚང་དུ་གཏོང་དགོས།
བཞི་པ། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་དགོས་ན་ངེས་པར་དུ་མ་ལག་ལྡན་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་དགོས། ངས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་སོགས་ཀྱི་ཐོག་མ་ལག་ལྡན་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་དགོས་པའི་སྐོར་ནན་བཤད་ཐེངས་མང་བྱས་མྱོང་། བློ་མཐུན་མའོ་ཙེ་ཏུང་གིས་གསུངས་དོན། “མ་ལག་ཆེན་པོ་རེ་རེའི་དངོས་པོའི་འགུལ་སྐྱོད་ཀྱི་རྣམ་པའི་འགལ་བའི་རང་བཞིན་ཁྱད་པར་བ་དང་དེས་གཏན་འབེབས་བྱས་པའི་ངོ་བོར་ཞིབ་འཇུག་བྱེད་དགོས་པར་མ་ཟད། དངོས་པོའི་འགུལ་སྐྱོད་ཀྱི་རྣམ་པ་རེ་རེའི་འཕེལ་རྒྱས་ཀྱི་རྒྱང་ཐག་རིང་བའི་གོ་རིམ་རེ་རེའི་ནང་གི་འགལ་བ་ཁྱད་པར་བ་དང་དེའི་ངོ་བོར་ཡང་ཞིབ་འཇུག་བྱེད་དགོས།” འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བར་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་གྱུར་འཆར་འགོད་དང་། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་དང་“ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པར་གཅིག་གྱུར་འཆར་འགོད་ཅིང་། རྒྱང་ལྟའི་རང་བཞིན་གྱི་བསམ་གཞིག་དང་། ཁྱོན་ཡོངས་རང་བཞིན་གྱི་འཆར་འགོད། འཐབ་ཇུས་རང་བཞིན་གྱི་བཀོད་པ། སྤྱི་ཡོངས་རང་བཞིན་གྱི་སྐུལ་སྤེལ་བཅས་ལ་ཤུགས་སྣོན་རྒྱག་དགོས
དཔེར་ན། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཁྱོན་ཡོངས་དང་ལོ་ངོ་བརྒྱ་ལྷག་རིང་བྱུང་མྱོང་མེད་པའི་འཛམ་གླིང་གི་འགྱུར་ལྡོག་ཆེན་པོར་གཅིག་གྱུར་འཆར་འགོད་བྱས་ཏེ། རྒྱལ་ནང་ལ་གཞི་ཚུགས་པ་དང་འཛམ་གླིང་ལ་རྒྱང་ལྟ་བྱེད་ཅིང་། སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱིས་རང་རྒྱལ་ལ་ཐེབས་པའི་ཤུགས་རྐྱེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་འཐབ་ཇུས་ཀྱི་གཏན་ཤུགས་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད་ཧུར་ཐག་གིས་བསྟུན་མཁས་ཀྱང་བྱེད་དགོས་ལ། སེམས་ཤུགས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་བྱ་བ་ཡག་པོར་སྒྲུབ་དགོས་ལ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཡང་ཧུར་ཐག་ཞུགས་ཏེ། རྒྱལ་ནང་འཕེལ་རྒྱས་ཡོང་ཆེད་ཁོར་ཡུག་བཟང་པོ་གཏོད་དགོས། དཔེར་ན། ཏོག་གསར་གློ་ཚད་རིམས་ནད་ནི་སྔར་བཞིན་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཏན་འཁེལ་མིན་པའི་རྒྱུ་རྐྱེན་ཆེ་ཤོས་ཤིག་ཡིན་པས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ནས་“ཕྱི་ནས་ནང་མཆེད་འགོག་པ་དང་ནང་ནས་བསྐྱར་ལོག་འགོག་པའི་”ལས་དོན་ལ་ལྷོད་གཡེང་སྤུ་ཙམ་ཡང་མེད་པར་དམ་འཛིན་ཡག་པོ་བྱས་ཏེ། གཞི་ཁྱོན་ལྡན་པའི་ནང་འདྲེན་དང་བསྐྱར་ལོག་མི་ཡོང་བར་འགན་ལེན་བྱེད་དགོས། དཔེར་ན། འཕེལ་རྒྱས་དང་བདེ་འཇགས་གཉིས་སྤྱི་འདོམས་བྱེད་དགོས། ངས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་དྲུག་པའི་ཐོག་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་“རྒྱུན་འཁྱོངས་བཅུ་”ཡི་བླང་བྱ་བཏོན་ཡོད། ང་ཚོས་འཕེལ་རྒྱས་ལ་འཆར་འགོད་དང་སྐུལ་འདེད་བྱེད་སྐབས། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་སྔོན་ཤེས་དང་སྔོན་དཔག་བྱེད་མཁས་པོ་དགོས་ཏེ། “ངང་པ་ནག་པོ་”དང་“བསེ་རུ་སྐྱ་བོའི་”དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་འཇལ་བའི་སྔོན་ཇུས་ཡག་པོ་བཟོས་ཏེ། འཕེལ་རྒྱས་ཀྱི་བདེ་འཇགས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ལྔ་པ། ཆབ་སྲིད་ཀྱི་ཐོག་ནས་གནད་དོན་ལ་བལྟ་མཁས་པོ་བྱེད་དགོས། མར་ཁེ་སིའི་རིང་ལུགས་ཀྱིས་དཔལ་འབྱོར་ནི་རྨང་གཞི་ཡིན་པ་དང་། ཆབ་སྲིད་ནི་དཔལ་འབྱོར་གྱི་གཅིག་བསྡུས་མཚོན་ཚུལ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད། བློ་མཐུན་མའོ་ཙེ་ཏུང་གིས་“གནད་དོན་ཐམས་ཅད་ཀྱི་འགག་རྩ་ཆབ་སྲིད་ལ་ཐུག་ཡོད་”ཅེས་གསུངས་མྱོང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་རྒྱུ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་ཀའི་བླང་བྱ་ཡིན་ལ། ཆབ་སྲིད་ཀྱི་བླང་བྱ་ཧ་ཅང་གལ་ཆེན་ཞིག་ཀྱང་རེད། སྒྱུར་བཅོས་འཕེལ་རྒྱས་བརྟན་ལྷིང་གསུམ་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་གསུམ། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་གསུམ་བཅས་ཚང་མ་ཆབ་སྲིད་ཡིན་ལ། ཚང་མ་ཆབ་སྲིད་དང་ཁ་འབྲལ་ཐབས་མེད། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རྒྱལ་སྐྱོང་སྲིད་གཉེར་བྱེད་པར་ཆེས་གལ་ཆེ་ཤོས་ནི་རྙོག་འཛིང་ཆེ་བའི་ཆབ་སྲིད་ཀྱི་འབྲེལ་བ་སྣ་ཚོགས་ཐག་གཅོད་ཡག་པོ་བྱེད་ཅིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱ་རྒྱུ་དེ་རེད།
དུས་བབ་རྙོག་འཛིང་ཇི་ཙམ་ཆེ་བ་དང་ལས་འགན་དཀའ་ཚེགས་ཇི་ཙམ་ཆེ་ན་དེ་ཙམ་གྱིས་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་ལ། དེ་ཙམ་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བསྟར་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བླང་བྱ་དེ་ལས་དོན་གྱི་ཁྲོད་དུ་དོན་འཁྱོལ་བྱེད་དགོས། ཆབ་སྲིད་ཀྱི་མཐོ་ཚད་ནས་བལྟས་ན། ད་གཟོད་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེའི་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་ལ་གོ་བ་སྔར་ལས་གཏིང་ཟབ་ལེན་ཐུབ་པ་དང་། ལས་ཀ་སྒྲུབ་དུས་སྔོན་དཔག་རང་བཞིན་དང་རང་འགུལ་རང་བཞིན་སྔར་ལས་ཆེ་བ་ཡིན། རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ལག་ལེན་བསྟར་ནུས་བཅས་ཟམ་མི་འཆད་པར་ཆེ་རུ་བཏང་ནས་“རྒྱལ་ཁབ་ཀྱི་དོན་ཆེན་”ཁོང་དུ་གསལ་པོ་ཆུད་པ་བྱས་ཏེ་ཏང་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་བྱ་རྒྱུ་དེ་འཐབ་ཇུས་གལ་ཆེན་འཆར་འགོད་དང་། སྲིད་ཇུས་གལ་ཆེན་གཏན་འབེབས། ལས་འགན་གལ་ཆེན་བཀོད་སྒྲིག ལས་དོན་གལ་ཆེན་སྐུལ་སྤེལ་བཅས་བྱེད་པའི་ལག་ལེན་ཁྲོད་ནས་མངོན་པར་བྱས་ཏེ། རྟག་ཏུ་རེའུ་མིག་དང་ཚད་གཞི་ལྟར་དུས་ཐོག་ཏུ་ནོར་འཛོལ་ཡོ་བསྲང་བྱེད་དགོས། རིམ་པ་ཁག་གི་ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པར་འགན་འཁྲི་འཁུར་སེམས་ཆེན་པོ་ཡོད་དགོས་ཏེ། ས་སྲུང་བའི་འགན་འཁྲི་ཡོད་པ་དང་། ས་སྲུང་བའི་འགན་འཁྲི་འཁུར་བ། ས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱེད་དགོས། དུས་ནམ་ཡིན་ཡང་སྒྲུབ་འོས་པའི་ལས་དོན་ཡིན་ཕྱིན་དཀའ་ངལ་ཁྱད་གསོད་དང་གནོན་ཤུགས་བཟོད་བསྲན་བྱས་ནས་སྒྲུབ་དགོས་ལ། འཁུར་འོས་པའི་འགན་འཁྲི་ཡིན་ཕྱིན་དཀའ་ངར་ཆེར་སྐྱེད་དང་སྔོན་མཆོངས་གདོང་ལེན་བྱས་ནས་ཉེན་ཁར་མི་འཛེམ་པར་འཁུར་དགོས། གནད་དོན་ཤེས་རྟོགས་བྱུང་བ་དང་གནད་དོན་གྱི་མྱུ་གུ་མཐོང་མ་ཐག་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས་པ་དང་། དགོངས་སྐོར་སྙན་སེང་ཞུ་དགོས་རིགས་ངེས་པར་དུ་དགོངས་སྐོར་སྙན་སེང་ཞུ་དགོས་པ་ལས་གོ་མེད་ཚོར་མེད་དང་འགན་འཁྲི་གཡོལ་ཐབས་བྱེད་མི་རུང་། སྦ་གསང་བྱས་ནས་སྙན་སེང་མི་ཞུས་པའི་གནས་ཚུལ་དེ་བས་འབྱུང་མི་རུང་། དེ་ལྟར་བྱས་ན་མཐར་ཐག་གཅོད་བྱེད་མེད་པར་འགྱུར་སྲིད། རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་ལས་དོན་ཁག་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ནས་ཚན་རིག་དང་མཐུན་པའི་ངང་དམག་མི་བཀོད་སྒྲིག་དང་། རིམ་པ་བཞིན་འགན་འཁྲི་ནན་སྤྲོད་བྱས་ཏེ། རིམ་ཁག་ཏང་རྩ་འཛུགས་དང་། སྡེ་ཚན་ཁག འཐབ་ཕྱོགས་ཁག ལས་རིགས་ཁག་བཅས་ཀྱིས་རང་འགན་གཙང་སྒྲུབ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་ཆེད་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།
རྟ་མགྲིན་སྐྱབས་ཀྱིས་བསྒྱུར།