2019ལོའི་ཟླ་8ཚེས་19ཉིན། ཏུན་ཧོང་ཞིབ་འཇུག་གླིང་གི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “ཏུན་ཧོང་རིག་གནས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་གདེང་ཚོད་མངོན་ཡོད།” “ལྷན་རྒྱས་ཀྱིས་མུ་མཐུད་ནས་འབད་བརྩོན་བྱས་ཏེ། ཞིབ་འཇུག་གླིང་འདི་འཛམ་གླིང་གི་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་མིག་དཔེ་དང་ཏུན་ཧོང་རིག་གཞུང་གི་ཞིབ་འཇུག་བྱེད་སའི་མཐོ་གནས་སུ་འགྱུར་བར་འབད་བརྩོན་བྱེད་དགོས།” ཏུན་ཧོང་ཞིབ་འཇུག་གླིང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ལྟར། དུས་དང་རྣམ་པ་ཀུན་ཏུ་“སྲུང་སྐྱོབ་དང་ཞིབ་འཇུག དར་སྤེལ་”གསུམ་ལ་མུ་མཐུད་ནས་ཤུགས་སྣོན་བརྒྱབ་ཅིང་། ལོ་ངོ་སྟོང་ཕྲག་ལ་གཉིད་དུ་ཡུར་བའི་རིག་དངོས་དང་ཤུལ་བཞག་རིག་གནས་སླར་ཡང་“གསོན་”པ་དང་། ཀྲུང་ཧྭའི་དཔལ་ཡོན་གྱི་རྒྱུན་འཛིན་དང་རིག་གནས་ཀྱི་གདེང་ཚོད་སྐྱེད་པ་ལ་དགེ་མཚན་ལྡན་པའི་“ཏུན་ཧོང་གི་སྟོབས་ཤུགས་”ཕུལ་ཡོད།
སྲུང་སྐྱོབ།—གྲངས་ཀའི་ཚན་རྩལ་གྱི་གཤོག་པ་བཙུགས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏུན་ཧོང་དུ་རྟོག་ཞིབ་གནང་སྐབས་ནན་གསུང་གནང་དོན། མེས་པོས་བཞག་པའི་ཤུལ་བཞག་རིག་གནས་རྩ་ཆེན་འདི་ལ་ཤིན་ཏུ་གཅེས་སྤྲས་བྱེད་དགོས། སྲུང་སྐྱོབ་སྔོན་ལ་འཇོག་པའི་འདུ་ཤེས་རྒྱུ་འཁྱོངས་བྱས་པ་དང་། བྲག་ཕུག་གི་འཛུགས་སྐྲུན་དང་ཚོན་རིས། ལྡེབས་རིས་བཅས་ཀྱི་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་ཅིང་། སྔོན་ཐོན་གྱི་ཚན་རིག་ལག་རྩལ་སྤྱད་ནས་སྲུང་སྐྱོབ་ཀྱི་ཆུ་ཚད་ཇེ་མཐོར་བཏང་སྟེ། འཛམ་གླིང་གི་ཤུལ་བཞག་རིག་གནས་འདི་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས། ཏུན་ཧོང་ཞིབ་འཇུག་གླིང་གི་གླིང་གཙོ་སུའུ་པོ་མིང་གིས་བརྗོད་དོན། “སྤྱི་ཁྱབ་ཧྲུའུ་ཅི་ཡིས་བསྟན་པའི་ཁ་ཕྱོགས་དེད་ནས། ང་ཚོས་ཚན་རྩལ་གྱི་གསར་གཏོད་ནུས་པའི་ཕྱོགས་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ་དང་། རིག་ཚན་མང་བ་དང་། མཐོང་སྣེ་མང་བ། རིམ་པ་མང་བ་བཅས་ཕྱོགས་ཐམས་ཅད་འགག་སྒྲོལ་བྱས་ནས། ཐུན་མོང་མ་ཡིན་པའི་བྲག་ཕུག་སྲུང་སྐྱོབ་ཀྱི་ལམ་བུ་ཞིག་བརྒྱུད་ཡོད།”
ཏུན་ཧོང་གི་ལྡེབས་རིས་དང་འཇིམ་ཚོན་གྱི་ཆ་འཕྲིན་རྣམས་དུས་གཏན་དུ་གནས་པའམ་བེད་སྤྱོད་ཆོག་པའི་སླད་དུ། ཏུན་ཧོང་ཞིབ་འཇུག་གླིང་གིས་ཆེས་ཐོག་མར་རྒྱལ་ནང་ནས་རིག་དངོས་གྲངས་ཀ་ཅན་གྱི་འཚོལ་ཞིབ་དང་ཞིབ་འཇུག་བྱས་པ་དང་། བྲག་ཕུག་རེ་རེ་དང་ལྡེབས་རིས་རེ་རེ། ཚོན་ལྡན་འཇིམ་སྐུ་རེ་རེར་གྲངས་ཀའི་ཡིག་ཚགས་བསྒྲིགས་ནས། མོ་ཀའོ་བྲག་ཕུག་གི་“ཞལ་རས་གཏན་དུ་ཡལ་བ་མེད་པར་”བཟོས་ཡོད། 2021ལོའི་ལོ་མཇུག་བར་དུ། བྲག་ཕུག་268ཀྱི་གྲངས་ཀ་ཅན་གྱི་བརྙན་ལེན་འཚོལ་བསྡུ་དང་། བྲག་ཕུག་164ཡི་གཟིགས་རིས་བཟོ་སྐྲུན། ཚོན་ལྡན་འཇིམ་སྐུ་45དང་བྲག་ཕུག་146དང་རྗེས་ཤུལ་ཆེན་པོ་7གྱི་ཚད་གསུམ་བསྐྱར་བཞེངས། བྲག་ཕུག་162ཀྱི་ལྗོངས་ཡོངས་སྤྲོ་གསེང་གི་ལེ་ཚན་བཟོ་སྐྲུན། ཡིག་ཚགས་ཁྲི་5ཡི་སྤྱིན་ཤོག་གྲངས་ཀ་ཅན་དུ་བསྒྱུར་བ་བཅས་བྱས་ནས། ལོ་རྒྱུས་ཡིག་ཚགས་རྩ་ཆེན་ཁག་ཅིག་གི་སྤྱིན་ཤོག་ཉར་ཚགས་བྱས་ཡོད།
2022ལོའི་ཟླ་6ཚེས་15ཉིན། ཏུན་ཧོང་ཞིབ་འཇུག་གླིང་གིས་གྲངས་ཀའི་ལག་རྩལ་སྤྱད་པའི་ཚོད་ལྟ་ཁང་ལན་གྲུ་རུ་བཙུགས། དེས་དེང་གི་ཚན་རྩལ་གསར་ཤོས་སྤྱད་ནས།་ཧའོ་སྨི་རིམ་པའི་ཞིབ་ཚད་1:1ཀྱིས་ཆོས་དཔེ་བྲག་ཕུག་གི་ལྡེབས་རིས་དང་། རིག་དངོས་ཀྱི་ཞིབ་ཆ་རྣམས་སོར་ཆུད་བྱས་ཏེ། དྲ་ལམ་ནས་“གྲངས་ཀའི་ཆོས་དཔེ་བྲག་ཕུག་དངོས་མ་”ཞིག་བཙུགས་པས། བྲག་ཕུག་འདིར་སྔོན་པོ་ཏི་ཁྲི་ཕྲག་མང་པོ་བརྩིགས་མྱོང་བའི་རྔམ་བརྗིད་ལྡན་པའི་རྣམ་པ་བསྐྱར་དུ་མངོན་པར་བྱས་ཤིང་། འཛམ་གླིང་ས་ཕྱོགས་ཀུན་གྱི་ལྟད་མོ་བ་མང་པོས་ཚན་རྩལ་གྱི་ལམ་ནས་ཏུན་ཧོང་རིག་གནས་ཀྱི་རྔམ་བརྗིད་ལྡན་པའི་མཛེས་སྡུག་ལ་རོལ་ཐུབ་པ་བྱུང་།
ཞིབ་འཇུག—མི་ཚེ་ཧྲིལ་པོར་ལས་གཅིག་ལ་འཇུག་པ། ཏུན་ཧོང་གི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “ཏུན་ཧོང་གི་རིག་དངོས་སྲུང་སྐྱོབ་དང་ཏུན་ཧོང་རིག་པའི་ཞིབ་འཇུག་ནི་རྒྱ་ཆེ་ཞིང་གཏིང་ཟབ་པས། མི་ཚེ་ཧྲིལ་པོར་དེ་ལ་འབད་པ་བྱས་ན་ད་གཟོད་འབྲས་བུ་ཐོབ་ངེས།” “ལྷན་རྒྱས་ཀྱིས་ཞིབ་འཇུག་དང་སྲུང་སྐྱོབ་དེ་ཚེ་གང་གི་བྱ་གཞག་དང་ཕྱི་འགྱོད་མེད་པའི་དོན་གཉེར་དུ་བརྩི་རྒྱུའི་རེ་བ་འཆང་གིན་ཡོད།” སྤྱི་ཁྱབ་ཧྲུའུ་ཅིའི་བསླབ་བྱ་འདི་ཡིས་རིག་པ་བ་དག་ལ་མི་ཚེ་ཧྲིལ་པོའི་ནང་ལས་གཅིག་ལ་འཇུག་པའི་སྐུལ་མ་ཐོབ།
རི་བོ་མིང་ཧྲའི་འདབས་རོལ། ཆུ་བོ་ཏང་ཆོན་གྱི་འགྲམ་ངོགས་ཏེ། མོ་ཀའོ་བྲག་ཕུག་གི་བྲག་ཕུག་ཨང་61པའི་ནང་གི་རི་མོ་གྲགས་ཅན་《རི་བོ་རྩེ་ལྔའི་རི་མོ་》ཡི་མདུན་དུ། ཏུན་ཧོང་ཞིབ་འཇུག་གླིང་གི་ཏང་ཨུ་ཧྲུའུ་ཅི་ཀྲའོ་ཧྲེང་ལིའང་སྨྲ་བ་མེད་པར་ཀྲོང་ངེར་འགྲེངས་བའི་ཚུལ་ནི། གྲོགས་པོ་རྙིང་པ་ཞིག་དང་སྐད་སྒྲ་མེད་པའི་བཀའ་མོལ་གནང་བཞིན་པ་དང་འདྲ། དུས་རབས་20པའི་ལོ་རབས་90པའི་འགོར། ཀྲའོ་ཧྲེང་ལིའང་གིས་《རི་བོ་རྩེ་ལྔའི་རི་མོ་》ལ་ཞིབ་འཇུག་བྱེད་པའི་འགོ་རྩོམ་པ་མ་ཟད། ཚེ་གང་ལ་འབད་བརྩོན་བྱེད་སའི་བྱ་གཞག་རྙེད་པ་སྟེ།—ཏུན་ཧོང་བྲག་ཕུག་གི་རི་མོའི་ལོ་རྒྱུས་ལ་ཞིབ་འཇུག་བྱ་རྒྱུ་དེའོ།། ཁོང་གི་དགོངས་པ་ལྟར་ན། ཞིབ་འཇུག་གི་ལས་ནི་མཐའ་ཡས་པ་ཞིག་སྟེ། ལས་འཁྱུར་ངལ་གསོ་བྱས་རྗེས། སྔར་བཞིན་ཏུན་ཧོང་ནས་རི་མོའི་ལོ་རྒྱུས་ཞིབ་འཇུག་བྱེད་པའི་རྒྱུན་མུ་མཐུད་ནས་སྐྱོང་རྒྱུའི་རེ་བ་འཆང་གིན་ཡོད། ལོ་རབས་80ཚུན་དུ་སྐྱེས་པའི་ཀྲའོ་ཞའོ་ཞིང་ནི་སློབ་ཆེན་ནས་མཐའ་ཕྱིན་རྗེས་ཏུན་ཧོང་ཞིབ་འཇུག་གླིང་དུ་ཞུགས། མོ་ཀའོ་བྲག་ཕུག་ལས་བྲག་ཕུག་ཨང་361པ་ནི་སྨི་གྲུ་བཞི་མ་9མི་ལོན་པའི་བྲག་ཕུག་ཆུང་ངུ་ཞིག་ལས་མེད་ནའང་། མོའི་སེམས་ཤོར་སའི་གནས་སྐྱིད་ཤོས་ནི་དེ་རེད། ལོ་མང་པོའི་རིང་གནས་དེ་རུ་ལས་དོན་ནན་ཏན་སྒྲུབ་པའི་ཚུལ་ལ་མོ་རང་གི་སྐད་ཆས་ལབ་ན། “བྱ་བ་ག་ལེར་བསྒྲུབ་ན། ཐོན་རྫས་སྤུས་ལེགས་ཐོན་ཐུབ།” ལོ་རབས་90ཚུན་དུ་སྐྱེས་པའི་ཝང་ཅ་ཆི་ཏུན་ཧོང་ཞིབ་འཇུག་གླིང་གི་ཁོངས་མི་རུ་གྱུར་རྗེས། “ཆེས་སྤྱིར་བཏང་གི་བདེ་སྐྱིད་ནི་མི་ཡུལ་གྱི་བྲོ་བ་ངོ་མ་དེ་ཡིན་པའི་”ཚོར་སྣང་ཟབ་པོ་སྐྱེས། ཁོས་“བྲག་ཕུག་ཕྱི་རོལ་གྱི་ཐང་སྟོང་དང་བསྡུར་ན་བྲག་ཕུག་ནང་གི་འདུ་འཛིའི་ཁྲོད་ལང་ཚོ་བསྟིམས་ཆོག་སྟེ། བདག་ལ་ཕུགས་འདུན་ཡོད་ལ། བདག་ལ་མ་འོངས་པ་ཡོད་”ཅེས་བརྗོད།
རིག་པ་བ་རྒན་དར་གཞོན་གསུམ་ཚང་མས་ཐུན་མོང་འབད་བརྩོན་འོག་ཏུན་ཧོང་ཞིབ་འཇུག་གླིང་གི་རིག་དངོས་སྲུང་སྐྱོབ་དང་ཞིབ་འཇུག་གི་ལས་ཀ་ཧུར་ཐག་སྒྲུབ་ཅིང་། གོ་ལ་ཧྲིལ་པོའི་ཏུན་ཧོང་ཡིག་ཆ་མཉམ་སྤྱོད་སྟེགས་བུ་སྟེ།—ཏུན་ཧོང་ཤུལ་བཞག་ཡི་གེའི་གཞི་གྲངས་མཛོད་དངོས་སུ་དྲ་ལམ་ཐོག་བཙུགས། རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ཚན་རིག་ཐེབས་རྩས་མ་དངུལ་བཏང་བའི་ལས་གཞི་ཆེན་པོ་“ཏུན་ཧོང་བྲག་ཕུག་གི་གཟུགས་རིས་ཆེད་དོན་ཞིབ་འཇུག་”ཡོངས་སུ་འགྲུབ་པ་དང་། རྒྱབ་ཁབ་ཕྱི་རུ་འཁྱར་ཟིན་པའི་རིག་དངོས་རྣམས་གྲངས་ཀ་ཅན་གྱི་ལམ་ནས་འདྲ་དཔེ་སླར་གསོ་བྱེད་པའི་ལས་གཞིའི་འགོ་བརྩམས། 《ཏུན་ཧོང་སྒྱུ་རྩལ་ཚིག་མཛོད་ཆེན་མོ་》སོགས་རིག་གཞུང་བརྩམས་ཆོས་བསྟུད་མར་དཔར་དུ་བཏབ། ཏུན་ཧོང་ཞིབ་འཇུག་གླིང་འདི་འཛམ་གླིང་གི་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་མིག་དཔེ་དང་ཏུན་ཧོང་རིག་གཞུང་ཞིབ་འཇུག་བྱེད་སའི་མཐོ་གནས་སུ་འགྱུར་བའི་དམིགས་འབེན་ནི་མུ་མཐུད་འབད་འཐབ་བྱེད་པའི་ཁྲོད་མངོན་འགྱུར་བྱུང་དང་འབྱུང་བཞིན་ཡོད།
དར་སྤེལ།—གཤོག་ཟུང་མཉམ་དུ་བསྐྱངས་ནས་ཏུན་ཧོང་གི་གཏམ་རྒྱུད་ཡག་པོ་བཤད་པ། ཏུན་ཧོང་ཞིབ་འཇུག་གླིང་གི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། “ཞིབ་འཇུག་གླིང་གིས་‘ནང་འདྲེན་’དང་‘ཕྱིར་གཏོང་’ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། རྒྱལ་སྤྱིའི་རང་བཞིན་གྱི་བཤམས་སྟོན་བྱ་འགུལ་དང་རིག་གནས་སྤེལ་རེས་སྣ་ཚོགས་བྱས་ཤིང་། རང་རྒྱལ་གྱི་ཏུན་ཧོང་རིག་དངོས་སྲུང་སྐྱོབ་དང་ཏུན་ཧོང་རིག་པའི་ཞིབ་འཇུག་གི་གྲུབ་འབྲས་བཤམས་སྟོན་བྱས་ནས། ཏུན་ཧོང་རིག་པའི་ཞིབ་འཇུག་གི་སྐད་ཆ་བཤད་དབང་སྟངས་འཛིན་བྱེད་པར་བརྩོན་དགོས།” སྤྱི་ཁྱབ་ཧྲུའུ་ཅིའི་དགོངས་པ་ནང་བཞིན་ཏུན་ཧོང་རིག་གནས་སྤེལ་རེས་ནི་“ནང་འདྲེན་”དང་“ཕྱིར་གཏོང་”གི་གཤོག་ཟུང་ལ་བསྟེན་ནས་མཉམ་དུ་འཕུར་བས་འབྲས་བུ་གཡུར་དུ་ཟ་བ་ཐོབ་ཡོད།
2022ལོའི་ཟླ་5ཚེས་17ཉིན། ཏུན་ཧོང་གི་གཏམ་རྒྱུད་བཤད་པ་དང་ཏུན་ཧོང་གི་རིག་གནས་རྒྱུན་འཛིན་བྱེད་པའི་བྱ་འགུལ་ཏེ།—ཏུན་ཧོང་རིག་གནས་ཀྱིས་གོ་ལ་བསྐོར་བའི་འབྲེལ་ཟམ་ནི་མར་ཐའི་ཀྲུང་གོའི་གཞུང་ཚབ་ཁང་དུ་ཚ་ཚ་འུར་འུར་གྱིས་སྤེལ། མར་ཐའི་ཀྲུང་གོའི་གཞུང་ཚབ་པ་ཡུས་ཏུན་ཧའེ་ཡིས་བརྗོད་དོན། “ཐེངས་འདིའི་བྱ་འགུལ་བརྒྱུད། ང་ཚོར་ཏུན་ཧོང་རིག་གནས་ཀྱི་ཁོང་ཡངས་སྒོ་འབྱེད་དང་དངོས་རིགས་ཀུན་གསོག་ཉམས་སུ་མྱོང་དུ་བཅུག་པ་དང་། ཀྲུང་ཧྭའི་རིག་གནས་ཀྱི་གཟི་བརྗིད་ཉམས་སུ་མྱོང་དུ་བཅུག་ཅིང་། ཀྲུང་གོ་དང་ནུབ་ཕྱོགས་ཀྱི་རིག་གནས་སྤེལ་རེས་བྱེད་པའི་ཕོ་ཉ་བཟང་པོ་ཞིག་བྱེད་དུ་བཅུག་པ་རེད།” ད་ལོ་ནས་བཟུང་། “ཏུན་ཧོང་རིག་གནས་ཀྱིས་གོ་ལ་བསྐོར་བའི་འབྲེལ་ཟམ་”གཞུང་ཚབ་ཁང་དུ་བསྐྱོད་པའི་ལས་འགུལ་ཐེངས་7བདེ་བླག་ངང་སྤེལ་ཏེ། ཏུན་ཧོང་རིག་གནས་དྲ་ལམ་ནས་སྤེལ་རེས་བྱེད་པའི་ལམ་བུ་གསར་པ་བཏོད་ཡོད།
ལོ་འདི་གར། ཞིབ་འཇུག་གླིང་གིས་ཏུན་ཧོང་གི་སྒྱུ་རྩལ་དང་དེའི་ཞིབ་འཇུག་གི་འབྲས་བུ་སྔོག་སླད། རྒྱལ་ཕྱི་ནང་ནས་བརྗོད་བྱ་གཙོ་བོའི་བཤམས་སྟོན་དང་སྤྱི་ཕན་འཆད་ཁྲིད་སྤེལ། དྲ་ལམ་ནས་ཁྱབ་བསྒྲགས་རྒྱ་ཆེར་བྱེད་ཆེད། “སྤྲིན་ཐོག་ནས་རྒྱལ་ནོར་འཆད་པ་”དང་། “སྤྲིན་ཐོག་ནས་མའེ་ཅི་རི་བོའི་བྲག་ཕུག་འགྲིམས་པ་”སོགས་ཀྱི་དྲ་ལམ་ཐད་གཏོང་སྤེལ་ཞིང་། “སྤྲིན་ཐོག་ནས་ཏུན་ཧོང་འགྲིམས་པ་”སོགས་ཀྱི་བྱ་རིམ་དུམ་ཆུང་བཟོས། དུས་མཚུངས་སུ་རིམ་པ་མཐོ་བའི་མཁས་དབང་དང་ཞིབ་འཇུག་པ་མང་པོ་གདན་དྲངས་ནས་ཏུན་ཧོང་གི་རིག་གནས་རིན་ཐང་ལ་འགྲེལ་བཤད་རྒྱག་པ་དང་ཏུན་ཧོང་གི་གཏམ་རྒྱུད་ལེགས་པོ་བཤད་པར་བརྩོན།
གསར་འགོད་པའི་ཟིན་ཐོ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། “མོ་ཀའོ་བྲག་ཕུག་སྲུང་སྐྱོབ་ལེགས་པོ་དང་ཏུན་ཧོང་རིག་གནས་རྒྱུན་འཛིན་ཡག་པོ་བྱ་རྒྱུ་ནི། ཀྲུང་ཧྭ་མི་རིགས་ཀྱིས་འཛམ་གླིང་གི་དཔལ་ཡོན་འཕེལ་རྒྱས་ལ་སྒྲུབ་འོས་པའི་འགན་འཁྲི་ཡིན།” འགན་འཁྲི་ལྗིད་ཏིག་ཏིག་འདི་ཡིས་ཏུན་ཧོང་ཞིབ་འཇུག་གླིང་མདུན་དུ་བསྐྱོད་པའི་གོམ་མཚམས་འཇོག་ཏུ་མི་བཅུག་པ་དང་། མི་རབས་མང་པོའི་ཏུན་ཧོང་བས་གཅིག་རྒྱུན་གཅིག་འཛིན་དང་བློ་ཞིབ་མོས་ལྟ་སྐྱོང་བྱས་ནས་ཏུན་ཧོང་བྲག་ཕུག་གི་སྲུང་སྐྱོབ་དང་། ཞིབ་འཇུག དར་སྤེལ་བཅས་ཀྱི་ལས་དོན་ལ་བྱས་རྗེས་ཆེན་པོ་བཞག་སྟེ་དུས་རབས་གསར་པར་ཏུན་ཧོང་རིག་གནས་ཀྱི་འོད་སྣང་གསར་པ་སྤྲས་སུ་བཅུག་གོ།།
སྒྲོལ་མ་མཚོས་བསྒྱུར།