ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཧ་ཅང་ཡག་པོ་འཚོགས་པ་རེད། ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་སྙན་ཞུར་ཉན་པ་དང་། གནས་བབ་གསར་པའི་ལས་འགན་གསར་པར་དབྱེ་ཞིབ་བྱས་ལ། 《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་འབེན་གཏན་འབེབས་བྱེད་ཕྱོགས་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞི་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བས་གྲོས་རིམ་ཁག་ཡོངས་འགྲུབ་བྱུང་བ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི་《གྲོས་གཞི་》ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་གཏོད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཡིན་པ་དང་། མ་འོངས་པའི་ལོ་5དང་ཐ་ན་དེ་ལས་རིང་བའི་དུས་སྐབས་རིང་གི་རང་རྒྱལ་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན། མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་རིང་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ནི་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བསྟར་བ་དང་། 《གྲོས་གཞི་》ནང་གཏན་འབེབས་བྱས་པའི་ཐབས་ཇུས་བཀོད་སྒྲིག་དང་ལས་དོན་གྱི་བླང་བྱ་ཁག་དོན་འཁྱོལ་བྱེད་པ་དེ་ཡིན།
གཤམ་ལ་ངས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚབ་ཞུས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་གནད་དོན་གཙོ་བོ་འགའ་གླེང་རྒྱུ་ཡིན།
གཅིག །རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་ངོས་འཛིན་ཡང་དག་པ་བྱེད་དགོས།
མི་རབས་འགས་རྒྱུན་མཐུད་དེ་འབད་བརྩོན་བྱས་པར་བརྟེན། ང་ཚོས་མི་རིང་བར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བ་དང་། དབུལ་བྲལ་འགག་སྒྲོལ་ལས་འགན་ཡོངས་སུ་འགྲུབ་པ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བཅས་བྱ་རྒྱུ་ཡིན་པ་དང་། སང་ལོ་ནས་བཟུང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱ་རྒྱུ་ཡིན།
གལ་ཆེ་བའི་དུས་སྐབས་འདིར། ང་ཚོས་རང་རྒྱལ་འཕེལ་རྒྱས་ཀྱི་སྤྱིའི་རྣམ་པ་ཡག་པོ་ཡིན་པ་དང་། ང་ཚོར་རྒྱལ་ཁ་རླབས་པོ་ཆེ་གསར་པ་ལེན་ཐུབ་པའི་རྨང་གཞི་དང་། ཆ་རྐྱེན། ནུས་པ་བཅས་ཡོངས་སུ་ཚང་ཡོད་པ་ཤེས་དགོས་ལ། མིག་སྔར་འགལ་བ་སྣ་ཚོགས་སྣོལ་རྩེག་ཡིན་པ་དང་ཉེན་ཁ་དང་འགྲན་སློང་མངོན་གསལ་དོད་པོས་ཇེ་མང་དུ་འགྲོ་བཞིན་ཡོད་པས། རང་རྒྱལ་འཕེལ་རྒྱས་འགྲོ་བར་སྔར་བྱུང་མ་མྱོང་བའི་རྙོག་འཛིང་གི་ཁོར་ཡུག་འཕྲད་ཡོད་པའང་ཤེས་དགོས། ང་ཚོས་ངེས་པར་དུ་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དང་། སྤྱི་ཡོངས་ཀྱི་ལྟ་བ། འཕེལ་རྒྱས་ཀྱི་ལྟ་བ་བཅས་རྒྱུན་འཁྱོངས་བྱས་ནས། ད་ལྟའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ཀྱི་རྙོག་འཛིང་ཆེ་བའི་ཕྱི་ཚུལ་འོག་གི་ངོ་བོ་གསལ་པོར་རྟོགས་དགོས་པ་དང་། ཉེན་ཁའི་མདུན་དུ་རྔམ་སྐྲག་མི་ལང་བ་དང་། ཉེན་ཁ་ལས་གོ་སྐབས་འཚོལ་བ། གསར་འབྱེད་ཡར་བརྩོན། རྣམ་པ་གསར་པ་གཏོད་པ་བཅས་བྱེད་ཐུབ་དགོས་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་གི་ལོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་སྔར་ལས་ལྷག་པར་གཅིག་འདོམས་བྱེད་དགོས།
རྒྱལ་སྤྱིའི་ཐོག་ནས་བལྟས་ན། འཛམ་གླིང་གི་ལོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་འགྱུར་ལྡོག་མགྱོགས་པོ་འབྱུང་བའི་དུས་སྐབས་སུ་སླེབས་ཡོད་པ་དང་། རྒྱལ་སྤྱིའི་ཁོར་ཡུག་ཉིན་བཞིན་རྙོག་འཛིང་ཆེ་བར་འགྱུར་བཞིན་ཡོད། ཕྱོགས་གཅིག་ནས་ཞི་བདེ་དང་འཕེལ་རྒྱས་ནི་སྔར་བཞིན་དུས་རབས་ཀྱི་བརྗོད་གཞི་ཡིན་པ་དང་། རེབ་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གཏིང་ཟབ་ཏུ་འཕེལ་རྒྱས་འབྱུང་བ། རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་བསྡུར་བར་ལེགས་སྒྲིག་གཏིང་ཟབ་འབྱུང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་མིའི་སེམས་སུ་འཇགས་པ་བཅས་རེད། ཕྱོགས་གཞན་ཞིག་ནས། རྒྱལ་སྤྱིའི་གནས་བབ་ཀྱི་གཏན་འཇགས་མིན་པ་དང་གཏན་འཁེལ་མིན་པའི་ཆ་མངོན་གསལ་གྱིས་མང་དུ་འགྲོ་བཞིན་པ་དང་། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་རྒྱ་ཆེ་ཞིང་གཏིང་ཟབ་པ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བ་ལ་བར་ཆད་འབྱུང་བ། དམངས་བཅུད་རིང་ལུགས་དང་གཞན་འབུད་རིང་ལུགས་ཀྱི་མགོ་འབུས་པ། ཕྱོགས་རྐྱང་རིང་ལུགས་དང་ སྲུང་སྐྱོབ་རིང་ལུགས། བཙན་དབང་རིང་ལུགས་བཅས་ཀྱིས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་འཇིགས་སྣང་སྐུལ་བ། རྒྱལ་སྤྱིའི་དཔལ་འབྱོར་དང་། ཚན་རྩལ། རིག་གནས། བདེ་འཇགས། ཆབ་སྲིད་སོགས་ཀྱི་བཀོད་པར་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འབྱུང་བཞིན་པ་བཅས་རེད། ང་ཚོས་འཛམ་གླིང་གི་ལོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོའི་འཕེལ་ཕྱོགས་ཐག་གཅོད་བྱེད་པའི་གནད་འགག་གི་རྒྱུ་རྐྱེན་གནད་ལ་འཁེལ་བར་ཤེས་རྟོགས་བྱས་ཏེ། འཐབ་ཇུས་ཀྱི་རང་འགུལ་སྟངས་འཛིན་ནན་པོ་བྱེད་དགོས།
རྒྱལ་ནང་ནས་བལྟས་ན། རང་རྒྱལ་མུ་མཐུད་འཕེལ་རྒྱས་འགྲོ་བར་ཕྱོགས་མང་པོའི་ཐད་ཀྱི་དགེ་མཚན་དང་ཆ་རྐྱེན་ལྡན་ཡོད་ལ། དཀའ་ངལ་དང་འགྲན་སློང་ཡང་མི་ཉུང་བ་འཕྲད་ཡོད། གནད་འགག་ནི་ཕྱོགས་ཡོངས་དང་རྩོད་སྒྲུབ་དང་ཕུགས་རིང་གི་མིག་རྒྱང་ཐོག་ནས་གནད་དོན་ལ་ལྟ་དགོས་པ་དང་། འཕེལ་རྒྱས་ཀྱི་བར་སྟོང་གསར་པ་གསར་འབྱེད་ཧུར་ཐག་བྱེད་དགོས།
དང་པོ། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། འཕེལ་རྒྱས་དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བའི་གནད་དོན་ཐག་གཅོད་བྱེད་པའི་མ་ལག་རང་བཞིན་ཆེ་རུ་གཏོང་དགོས། མིག་སྔར་རང་རྒྱལ་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་གནད་དོན་གཙོ་བོ་སྟེ། གསར་གཏོད་ནུས་པ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པོ་མེད་པ་དང་། ཞིང་ལས་རྨང་གཞི་ད་དུང་བརྟན་པོ་མེད་པ། གྲོང་ཁྱེར་དང་གྲོང་གསེབ་བར་དང་ས་ཁོངས་ཁག་བར་གྱི་འཕེལ་རྒྱས་དང་ཡོང་འབབ་བགོ་བཤའི་ཧེ་བག་ཅུང་ཆེ་བ། སྐྱེ་ཁམས་དང་ཁོག་ཡག་སྲུང་སྐྱོབ་ཀྱི་ལས་འགན་ལྕི་ལ་ལམ་ཐག་རིང་བ། དམངས་འཚོ་འགན་སྲུང་ཐད་ཆད་སྐྱོན་ཡོད་པ། སྤྱི་ཚོགས་བཅོས་སྐྱོང་ཐད་ད་དུང་ཞན་ཆ་ཡོད་པ་བཅས་རེད། དེ་དག་མདོར་བསྡུས་ན་ནི་འཕེལ་རྒྱས་དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བ་དེ་རེད། འཕེལ་རྒྱས་དོ་མི་མཉམ་པ་ཞེས་པ་སྟེ། གཙོ་བོ་ས་ཁོངས་ཁག་དང་ཁྱབ་ཁོངས་ཁག་དང་ཕྱོགས་ཁག་གི་དོ་མི་མཉམ་པའི་གནས་ཚུལ་གྱིས་སྤྱི་ཡོངས་འཕེལ་རྒྱས་ཀྱི་ཆུ་ཚད་གོང་མཐོར་འགྲོ་བར་ཚོད་འཛིན་ཐེབས་པ་དེ་རེད། འཕེལ་རྒྱས་དཔྱིས་ཕྱིན་པ་ཞིག་མ་བྱུང་བ་ཞེས་པ་སྟེ། གཙོ་བོ་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པར་ད་དུང་ལམ་ཐག་ཧ་ཅང་རིང་པོ་བརྒྱུད་དགོས་པ་དང་། འཕེལ་རྒྱས་ཀྱི་ལས་འགན་སྔར་བཞིན་ཧ་ཅང་ལྕི་བ་དེ་རེད། གནད་དོན་འདི་དག་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས་ན། རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བྱེད་ཐབས་སྨྲ་བ་རྒྱུན་འཁྱོངས་བྱེད་དགོས། དེའང་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་མཚོན་ཚུལ་ཞིག་ཡིན་ཕྱིན། བྱེད་ཐེངས་གཅིག་གིས་ཐག་གཅོད་ཐུབ་པ་ཞིག་མ་ཡིན་པར། ངེས་པར་དུ་ལས་དོན་ཧུར་ཐག་གིས་སྒྲུབ་པ་དང་འབད་བརྩོན་ལྷོད་མེད་བྱེད་དགོས། གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས་འཛིན་རྒྱུ་རྒྱུན་འཁྱོངས་དང་། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱས་ཐོག །རྨང་གཞི་སྲ་བརྟན་དང་། དགེ་མཚན་འདོན་སྤེལ། ཆད་སྐྱོན་ཁ་གསབ། ཞན་ཆ་ཁ་སྐོང་བཅས་ལ་ཤུགས་བརྒྱབ་སྟེ། དཔལ་འབྱོར་དང་སྤྱི་ཚོགས་དེ་ཕྱོགས་ཡོངས་དང་མཐུན་སྦྱོར་དང་རྒྱུན་མཐུད་ཐུབ་པའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
གཉིས་པ། མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། འཕེལ་རྒྱས་དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བའི་གནད་དོན་ཐག་གཅོད་བྱེད་པའི་དམིགས་གཏད་རང་བཞིན་ཆེ་རུ་གཏོང་དགོས། རང་རྒྱལ་གྱི་དུས་ཡུན་རིང་པོའི་ནང་དཀོན་པའི་དཔལ་འབྱོར་དང་འདོན་སྤྲོད་ཀྱིས་མི་འདང་བའི་གནས་ཚུལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་བ་དང་། མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དེ་སྤྱིའི་ཆ་ནས་“ཡོད་མེད་”ནས་“བཟང་ངན་”དུ་གྱུར་ནས། སྣེ་མང་ཅན་དང་རིམ་མང་ཅན་དང་ཕྱོགས་མང་ཅན་བཅས་ཀྱི་ཁྱད་ཆོས་མངོན་ཡོད་པ་དང་། དེ་དག་ནང་གི་དགོས་མཁོ་མང་པོ་ཞིག་སྔོན་ཆད་ཁ་ཚ་དགོས་གཏུག་གི་གནད་དོན་མིན་ནའང་། ད་ལྟ་མི་དམངས་མང་ཚོགས་ཀྱི་རེ་བ་ཇེ་མཐོར་སོང་ཡོད་པས། ང་ཚོས་གནད་དོན་དེ་དག་ལ་ངོས་འཛིན་བྱེད་ཚད་དང་ལས་ཀའི་ཆུ་ཚད་ཀྱང་དེ་འཚམ་གྱིས་ཇེ་མཐོར་གཏོང་དགོས། ང་ཚོས་འཕེལ་རྒྱས་གཏོང་རིམ་ནང་དུ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་ཀྱིས་སེམས་ཁུར་ཆེ་ཤོས་དང་བདེ་རྩར་ཐུག་ཤོས་དང་ཉེ་བར་མཁོ་ཤོས་བཅས་ཡིན་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་དང་། མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་སྔར་ལས་ལྷག་པར་སྐོང་བ། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད། མི་དམངས་ཡོངས་རྫོགས་ཐུན་མོང་ཕྱུག་འགྱུར་ཡོང་བའི་ཐད་སྔར་བས་མངོན་གསལ་གྱི་འཕེལ་སྐྱེད་དོན་ལྡན་འཐོབ་པར་སྐུལ་སྤེལ་ཧུར་ཐག་བཅས་བྱེད་དགོས།
གསུམ་པ། དཔལ་འབྱོར་དུས་ཡུན་རིང་པོར་བཟང་ཕྱོགས་སུ་འཕེལ་བའི་གཞི་རྩའི་ཆ་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། འཕེལ་རྒྱས་དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བའི་གནད་དོན་ཐག་གཅོད་བྱེད་པའི་ཡིད་ཆེས་ཆེ་རུ་བསྐྱེད་དགོས། མིག་སྔར་རང་རྒྱལ་དཔལ་འབྱོར་ལ་རེས་འཁོར་རང་བཞིན་གྱི་རྒྱུ་རྐྱེན་དང་གྲུབ་ཚུལ་རང་བཞིན་གྱི་རྒྱུ་རྐྱེན་སྣོལ་མར་བརྩེགས་པ་དང་། འཕྲལ་གྱི་གནད་དོན་དང་ཕུགས་ཀྱི་གནད་དོན་སྣོལ་མར་འདྲེས་པ། ཕྱིའི་ཕོག་ཐུག་དང་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཕོག་ཐུག་གདོང་ཐུག་བྱུང་བ་སོགས་ཤུགས་རྐྱེན་མང་པོ་འཕྲད་ཡོད་པས། སྔར་བྱུང་མ་མྱོང་བའི་དཀའ་ངལ་ལ་ཐུག་ཡོད་ཅེས་བཤད་ཆོག །རིམས་ནད་ཀྱི་ཕོག་ཐུག་ནི་གནས་སྐབས་དང་སྤྱིའི་ཆ་ནས་ཚོད་འཛིན་ཐུབ་པ་ཞིག་ཡིན་པ་དང་། ཕྱིའི་ཕོག་ཐུག་གིས་ང་ཚོས་རང་རྟེན་གསར་གཏོད་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་ལྡོག་སྐུལ་བྱེད་ལ། རང་རྒྱལ་གྱི་དཔལ་འབྱོར་དུས་ཡུན་རིང་པོར་བཟང་ཕྱོགས་སུ་འཕེལ་བའི་གཞི་རྩའི་ཆ་འགྱུར་ལྡོག་བྱུང་མེད། ཏང་གི་འགོ་ཁྲིད་བརྟན་པོ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་གྱིས་དོན་ཆེན་སྒྲུབ་ཐུབ་པའི་ལམ་ལུགས་ཀྱི་དགེ་མཚན་ཡིན་པ་དང་། དཔལ་འབྱོར་བརྟན་པོའི་ངང་རྒྱང་རིང་དུ་སྐྱོད་པ་དང་སྤྱི་ཚོགས་གཏན་འཇགས་ཡོང་བའི་རྩ་བའི་འགན་ལེན་ཡིན། དུས་ཡུན་རིང་པོའི་ནང་རང་རྒྱལ་གྱིས་དངོས་པོའི་རྨང་གཞི་གྱ་ནོམ་པ་དང་། མི་ཤུགས་ཐོན་ཁུངས་ཕུན་སུམ་ཚོགས་པ། ཐོན་ལས་མ་ལག་ཆ་ཚང་བ། ཚན་རྩལ་སྟོབས་ཤུགས་ཧ་ཅང་ཆེ་བ་བཅས་གསོག་འཇོག་བྱས་ཡོད་པ་དང་། དེ་བཞིན་རང་རྒྱལ་ལ་གོ་ལ་ཧྲིལ་པོའི་ཆེས་ཆེ་བ་དང་བག་ཉལ་སྟོབས་ཤུགས་ཆེས་ལྡན་པའི་ཚོང་ར་ཡོད་པ་ནི། ང་ཚོས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱིའི་ཉེན་ཁ་སྔོན་འགོག་བྱེད་པའི་རྩ་བའི་རྒྱབ་རྟེན་ཡིན།
རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་ཕྱོགས་བསྡུས་ཀྱིས་དབྱེ་ཞིབ་བྱས་ན། མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་རིང་། རང་རྒྱལ་གྱི་འཕེལ་རྒྱས་དེ་སྔར་བཞིན་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དུ་གནས་ཡོད་མོད། འོན་ཀྱང་གོ་སྐབས་དང་འགྲན་སློང་ཚང་མ་ལ་འཕེལ་རྒྱས་དང་འགྱུར་ལྡོག་གསར་པ་བྱུང་ཡོད། འཐབ་ཇུས་ཀྱི་གོ་སྐབས་ཞེས་པའི་ཐ་སྙད་འདི་སྐབས་དེར་འདོན་དུས་དུས་རབས་འདིའི་ཐོག་མའི་ལོ་20ལ་གོ་བ་རེད། ལོ་ངོ་20རྗེས་ཀྱི་ད་ལྟར་འཐབ་ཇུས་ཀྱི་གོ་སྐབས་ཞེས་པ་དེར་ཇི་ལྟར་བརྡར་ཤ་གཅོད་རྒྱུ་ནི་གནད་དོན་ཆེན་པོ་ཞིག་རེད། སྔོན་ཆད་ང་ཚོས་བབ་བསྟུན་ལས་སྒྲུབ་བྱས་པས་གོ་སྐབས་དམ་འཛིན་བྱེད་བདེ་པོ་ཡོད། ད་ལྟ་བབ་ལྡོག་ལས་སྒྲུབ་བྱེད་དགོས་པས་གོ་སྐབས་དམ་འཛིན་བྱེད་པའི་དཀའ་ཚེགས་མི་འདྲ་བ་རེད། སྔོན་ཆད་ཁོར་ཡུག་བལྟོས་བཅས་ཀྱིས་བརྟན་བརླིང་ཡིན་པས་ཉེན་ཁ་དང་འགྲན་སློང་རྟོགས་སླ་ཙམ་ཡོད་པ་དང་། ད་ལྟ་འཛམ་གླིང་གི་གནས་བབ་ཟིང་ལོང་དང་རྙོག་འཛིང་ཆེ་བ་དང་། ས་ཁོངས་དང་འབྲེལ་བའི་ཆབ་སྲིད་ཀྱི་འགྲན་སློང་ནི་རླུང་ཚ་རླབས་འཕྱོ་ཡིན་ལ། ཆུ་འོག་གི་བྲག་རྡོ་དང་ས་འོག་གི་ཆུ་རྒྱུན་ཡང་མང་བས། སྟབས་བསྟུན་ནུས་པའི་ཐད་བླང་བྱ་སྔར་ལས་མཐོན་པོ་བཏོན་ཡོད། སྔོན་ཆད་ང་ཚོའི་འཕེལ་རྒྱས་ཆུ་ཚད་དམའ་བས་གཞན་དང་གསབ་རེས་ཀྱི་རང་བཞིན་མང་ཙམ་ཡོད་པ་དང་། ད་ལྟ་ང་ཚོའི་འཕེལ་རྒྱས་ཆུ་ཚད་མཐོ་རུ་ཕྱིན་པས་གཞན་དང་འགྲན་རྩོད་ཀྱི་རང་བཞིན་ཇེ་མང་སོང་ཡོད།
ང་ཚོའི་བརྡར་བཅད་ནི་ཉམས་ཉེན་དང་གོ་སྐབས་མཉམ་དུ་གནས་པ་དང་། ཉམས་ཉེན་ནང་གོ་སྐབས་ཡོད་པ། ཉམས་ཉེན་གོ་སྐབས་སུ་བསྒྱུར་ཐུབ་པ་བཅས་ཏེ། གོ་སྐབས་ལ་སྔར་བས་འཐབ་ཇུས་རང་བཞིན་དང་བཅོས་རུང་རང་བཞིན་ལྡན་པ་དང་། འགྲན་སློང་ལ་སྔར་བས་རྙོག་འཛིང་རང་བཞིན་དང་ཁྱོན་ཡོངས་རང་བཞིན་ལྡན་པས། འགྲན་སློང་སྔར་བྱུང་མྱོང་མེད་པ་ཞིག་ཡིན། ཡིན་ཡང་ཁ་གཏད་ཡག་པོ་འཇལ་ཐུབ་ན་གོ་སྐབས་ཀྱང་སྔར་བྱུང་མྱོང་མེད་པ་ཞིག་ཡིན། ཐེངས་འདིའི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་ནི་ཉེན་ཁ་ཞོད་འཇགས་དང་གོ་སྐབས་སུ་བསྒྱུར་བའི་གྱོད་དོན་དཔེ་མཚོན་ཅན་ཞིག་རེད། ལོ་སྟོད་རིམས་ནད་མཆེད་མ་ཐག་པའི་དུས་སྐབས་ཕྱིར་དྲན་བྱེད་ན། གནས་ཚུལ་ཇི་འདྲའི་ཚབས་ཆེ་བ་དང་གནོན་ཤུགས་ཇི་འདྲའི་ཆེ་བ་རེད་ཨང་། ད་ལྟ་ལོ་ཕྱེད་ལྷག་འདས་གྱུར་ཀྱང་། ང་ཚོ་རིམས་ནད་ཀྱིས་ཕམ་པར་བརྒྱབ་མེད་པ་མ་ཟད། དེ་ལས་ལྡོག་སྟེ་གོ་ལ་ཧྲིལ་པོའི་རིམས་འགོག་ལེགས་གྲུབ་བྱུང་བའི་དཔེ་སྟོན་དུ་གྱུར་པ་དང་། ད་ལོ་རང་རྒྱལ་ཉིད་གོ་ལ་ཧྲིལ་པོའི་དཔལ་འབྱོར་སོར་ཆུད་བྱུང་བའི་དཔལ་འབྱོར་ཕུང་གྲུབ་གཙོ་བོ་གཅིག་པུ་དེ་ཡིན་ལ། རང་རྒྱལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་དང་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་ཡང་དེ་ལས་ལྡོག་སྟེ་སྔར་ལས་མགྱོགས་པོའི་ངང་མཐོར་འདེགས་བྱུང་བ་རེད། དེའི་ནང་གི་ཉམས་མྱོང་དང་གནས་ལུགས་ལ་བསམ་གཞིག་དང་སྟངས་འཛིན་ཡག་པོ་བྱེད་དགོས།
མདོར་ན། “ལོ་ལྔ་ཚན་བཅུ་བཞི་པ་”ཡི་དུས་སྐབས་ནི་རང་རྒྱལ་གྱིས་སྔར་ལས་ཆེ་བའི་འཕེལ་རྒྱས་གསར་པ་མངོན་འགྱུར་བྱེད་པའི་གནད་འགག་དུས་སྐབས་ཤིག་རེད། ང་ཚོས་གོ་སྐབས་ཀྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཆེ་རུ་སྐྱེད་པ་དང་། གནད་ལ་འཁེལ་བར་འགྱུར་ལྡོག་ཤེས་པ་དང་། ཚན་རིག་དང་མཐུན་པར་འགྱུར་ལྡོག་ལ་བསྟུན་པ། འགྱུར་ལྡོག་གཏོང་བར་བརྩོན་པ་བཅས་བྱེད་པ། རླུང་ལྡོག་གྲུ་གཟིངས་གཏོང་ཕོད་པ་དང་། ཉམས་ཉེན་གོ་སྐབས་ལ་བསྒྱུར་མཁས་པ་བྱེད་པ་བཅས་ལ་བརྟེན་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འགོ་ཡག་པོ་ཚུགས་དགོས།
གཉིས། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱེད་དགོས།
འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་དུས་རིམ་ཡིན། འདི་ནི་རང་རྒྱལ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པ་རེད། ང་ཚོས་ལོ་རྒྱུས་དང་མངོན་སུམ་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་བཅས་ཀྱི་ངོས་ནས་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱེད་དགོས།
དང་པོ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་བསྐྱོད་པ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ལོ་རྒྱུས་བརྒྱུད་རིམ་ནང་གི་མཆོང་སྐྱོད་ཆེན་པོ་ཞིག་ཡིན། ངས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་ནི་ཉེ་རབས་ཚུན་གྱི་ཀྲུང་གོའི་མི་དམངས་ཀྱི་ཕུགས་འདུན་ཆེ་ཤོས་ཡིན་ཞེས་བཤད་མྱོང་། ཉེ་རབས་ཚུན་དུ་ཕྱི་རྒྱལ་གྱི་བཙན་དབང་རྒྱལ་ཁབ་ཀྱི་བཙན་འཛུལ་དང་བཀས་བཀོད་རྒྱུད་འཛིན་གྱི་རུལ་སུངས་དབང་སྒྱུར་འོག་ཏུ། རང་རྒྱལ་ལ་བཟོ་ལས་གསར་བརྗེའི་གོ་སྐབས་ཤོར་ནས་དུས་རབས་ཀྱི་རྗེས་སུ་ཆེས་ཆེར་ལུས་ཤིང་། ཀྲུང་ཧྭ་མི་རིགས་ལའང་སྔར་བྱུང་མྱོང་མེད་པའི་དཀའ་སྡུག་བྱུང་བ་རེད། ཉལ་ཐའི་དམག་འཁྲུག་གི་རྗེས་སུ། ཀྲུང་གོའི་མི་དམངས་དང་སྐྱེས་ཆེན་དམ་པ་གྲངས་མེད་ཀྱིས་དཔའ་ངར་ཞུམ་མེད་ཀྱིས་ཀྲུང་གོའི་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཅི་ཐུབ་གནང་བ་རེད། སྐུ་ཞབས་སུན་ཀྲུང་ཧྲན་གྱི་《རྒྱལ་འཛུགས་ཇུས་གཞི་ཆེན་མོ་》ལ་ཉེ་རབས་ཀྲུང་གོས་དེང་རབས་ཅན་དོན་དུ་གཉེར་བའི་དཔེ་གཞི་དང་པོ་ཞེས་སུ་གྲགས་ཀྱང་། མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་བྱེད་ཙམ་གྱི་སྤྱི་ཚོགས་ཀྱི་ཆ་རྐྱེན་འོག་ཏུ། ཀྲུང་གོའི་དེང་རབས་ཅན་ལེགས་འགྲུབ་བྱུང་མེད་ལ་འབྱུང་ཡང་སྲིད་ཀྱི་མ་རེད།
ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་ལོ་ངོ་བརྒྱ་ལ་ཉེ་བའི་རིང་། ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་བརྩོན་བྱས་པ་ཡོད་ཚད་ནི་རང་རྒྱལ་འདི་ཉིད་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་དུ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ཆེད་དུ་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ང་ཚོའི་ཏང་གིས་འབད་པ་ཆེན་པོས་མི་དམངས་ལ་སྣེ་ཁྲིད་བྱས་ཏེ་ཀྲུང་གོ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པར་དཀའ་སྤྱད་འཚོལ་ཞིབ་བྱས། 1954ལོར་ཀྲོའུ་ཨེན་ལའེ་ཡིས་སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་གནང་བའི་《སྲིད་གཞུང་གི་ལས་དོན་སྙན་ཞུ་》ཡི་ནང་གསལ་པོར་བསྟན་དོན། “གལ་ཏེ་ང་ཚོས་སྟོབས་དང་ལྡན་པའི་དེང་རབས་ཅན་གྱི་བཟོ་ལས་དང་། དེང་རབས་ཅན་གྱི་ཞིང་ལས། དེང་རབས་ཅན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན། དེང་རབས་ཅན་གྱི་རྒྱལ་སྲུང་བཅས་འཛུགས་སྐྲུན་མ་བྱས་ན། ང་ཚོ་དབུལ་ཕོངས་དང་རྗེས་ལུས་ཀྱི་གནས་ལ་ཐར་མི་ཐུབ་ལ། ང་ཚོའི་གསར་བརྗེའི་དམིགས་ཡུལ་ཡང་འགྲུབ་མི་ཐུབ།” 1956ལོར་བློ་མཐུན་མའོ་ཙེ་ཏུང་གིས་བསྟན་གནང་དོན། “རང་རྒྱལ་གྱི་མི་དམངས་ཚོས་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་ནང་དུ་དཔལ་འབྱོར་དང་ཚན་རིག་རིག་གནས་ཀྱི་ཐད་རང་རྒྱལ་འདི་རྗེས་ལུས་ཐེབས་པའི་གནས་ཚུལ་དེ་གང་ཐུབ་ཅི་ཐུབ་ཀྱིས་བསྒྱུར་ཏེ་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་ལ་མགྱོགས་མྱུར་སླེབས་ཐུབ་པའི་རྒྱང་རིང་གི་འཆར་འགོད་ཅིག་བྱེད་དགོས།” ཁོང་གིས་ད་དུང་གལ་ཏེ་ལེགས་པོ་བསྒྲུབས་མ་ཐུབ་ན་“སའི་གོ་ལའི་སྐྱིད་སྡུག་”ནས་ཕྱིར་འབུད་གཏོང་ངེས་རེད་ཅེས་ཉེན་བརྡ་བཏང་གནང་བ་རེད། 1964ལོའི་ཟླ་12པར། བློ་མཐུན་ཀྲོའུ་ཨེན་ལའེ་ཡིས་སྐབས་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་གནང་བའི་《སྲིད་གཞུང་གི་ལས་དོན་སྙན་ཞུ་》ཡི་ནང་ཡང་བསྐྱར་བསྟན་གནང་དོན། “ལོ་ལྔའི་འཆར་གཞི་གསུམ་པ་ལག་ལེན་བསྟར་འགོ་ཚུགས་པ་ནས་བཟུང་རང་རྒྱལ་གྱི་རྒྱལ་དམངས་དཔལ་འབྱོར་གོང་དུ་སྤེལ་བར་གོམ་སྟབས་གཉིས་སུ་དབྱེ་རྒྱུར་བསམ་གཞིག་བྱས་ཆོག་པ་སྟེ། གོམ་སྟབས་དང་པོར་བཟོ་ལས་ཀྱི་མ་ལག་དང་རྒྱལ་དམངས་དཔལ་འབྱོར་གྱི་མ་ལག་ཆ་ཚང་ཞིང་རང་ཚུགས་ཅན་ཞིག་འཛུགས་དགོས་པ་དང་། གོམ་སྟབས་གཉིས་པར་ཁྱོན་ཡོངས་ནས་ཞིང་ལས་དང་། བཟོ་ལས། རྒྱལ་སྲུང་། ཚན་རིག་ལག་རྩལ་བཅས་དེང་རབས་ཅན་དུ་འགྱུར་བ་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་འདི་ཉིད་འཛམ་གླིང་གི་མདུན་གྲས་སུ་བསྐྱོད་ཐུབ་པ་བྱེད་རྒྱུ་དེ་ཡིན།” ཕྱིས་སུ་“རིག་གནས་གསར་བརྗེ་ཆེན་པོ་”བྱུང་བའི་སྟབས་ཀྱིས་སྐབས་དེར་བཏོན་པའི་དེང་རབས་ཅན་བཞིའི་འཛུགས་སྐྲུན་ཡོངས་སུ་སྤེལ་ཐུབ་ཡོད་པ་མ་རེད། དེ་འདྲ་ཡིན་རུང་། 1949ལོ་ནས་1978ལོའི་བར། ང་ཚོའི་ཏང་གིས་མི་དམངས་ལ་སྣེ་ཁྲིད་བྱས་ཏེ་ཀྲུང་གོ་རྙིང་པའི་དབུལ་ཞིང་ཕོངས་པའི་རྨང་གཞིའི་ཐོག་བཙུགས་པའི་བཟོ་ལས་ཀྱི་མ་ལག་དང་རྒྱལ་དམངས་དཔལ་འབྱོར་གྱི་མ་ལག་ཆ་ཚང་ཞིང་རང་ཚུགས་ཅན་དེས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་སྲུང་སྐྱོང་ནུས་ལྡན་བྱས་ལ། རང་རྒྱལ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་གཞག་གི་གོམ་པ་བརྟན་པོ་སྤོས་པ་རེད།
སྒྱུར་བཅོས་སྒོ་འབྱེད་བྱས་རྗེས། ཏེང་ཞའོ་ཕིན་གྱིས་“གོམ་པ་གསུམ་བགྲོད་”ཀྱི་འཐབ་ཇུས་བཏོན་གནང་བ་སྟེ། དུས་རབས་གོང་མའི་ལོ་རབས་80པའི་མཇུག་ལ་སླེབས་དུས་མི་དམངས་ཀྱི་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དང་། དུས་རབས་གོང་མའི་མཇུག་ལ་སླེབས་དུས་མི་དམངས་ཀྱི་འཚོ་བ་འབྱོར་འབྲིང་གི་ཆུ་ཚད་ལ་སླེབས་རྒྱུ་དང་། དུས་རབས་21པའི་དུས་དཀྱིལ་ལ་སླེབས་དུས་གཞི་རྩའི་ཐོག་དེང་རབས་ཅན་མངོན་འགྱུར་བྱས་ནས་དར་རྒྱས་འབྲིང་ཙམ་བྱུང་བའི་རྒྱལ་ཁབ་ཀྱི་ཆུ་ཚད་ལ་སླེབས་རྒྱུ་བཅས་ཡིན། དུས་རབས་གསར་པར་བསྐྱོད་རྗེས། མི་དམངས་ཀྱི་འཚོ་བ་སྤྱིའི་ཆ་ནས་འབྱོར་འབྲིང་གི་ཆུ་ཚད་ལ་སླེབས་རྗེས་ང་ཚོའི་ཏང་གིས་སླར་ཡང་ཏང་བཙུགས་ནས་ལོ་ངོ་100འཁོར་སྐབས་མི་འབོར་དུང་ཕྱུར་བཅུ་ཕྲག་ལ་ཕན་པའི་ཆུ་ཚད་སྔར་ལས་མཐོ་བའི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་བྱེད་དགོས་པ་དང་། དེ་ནས་སླར་ཡང་ལོ་ངོ་30ཡི་རིང་འབད་བརྩོན་བྱས་ཏེ། ཀྲུང་གོ་གསར་པ་བཙུགས་ནས་ལོ་ངོ་100འཁོར་སྐབས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱས་ཏེ། རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཏུ་སྐྲུན་ཐུབ་པར་བྱེད་དགོས་ཞེས་བཏོན་པ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པ་དང་། ཀྲུང་ཧྭ་མི་རིགས་ལ་ཡར་ལངས་ཐོབ་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ལྡན་ཆགས་པའི་འཕུར་མཆོང་རླབས་པོ་ཆེའི་མདུན་བསུ་རྒྱུ་བྱུང་བ་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པས་སྔར་ལས་མཐོ་བའི་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་སྟེང་ལངས་ཏེ། དུས་རིམ་གཉིས་སུ་ཕྱེས་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་རྒྱུའི་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་ཏེ། 2035ལོར་སླེབས་དུས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་དགོས་པ་དང་། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་དུས་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྔ་ལྡན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་དུ་འཛུགས་སྐྲུན་བྱེད་དགོས་ཞེས་བཏོན་པ་རེད།
རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཏུ་འཛུགས་སྐྲུན་བྱེད་པ་ནི་ལོ་ལྔ་ཚན་དང་པོའི་འཆར་གཞི་ནས་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་བར་དཀྱུས་གཅིག་ཏུ་བསྟར་བའི་བརྗོད་དོན་གཙོ་བོ་ཡིན། ང་ཚོ་འཁྱོག་ལམ་དུ་འགྲོ་མྱོང་ལ་བསམ་ཡུལ་ལས་འདས་པའི་དཀའ་ངལ་དང་བར་ཆད་ཁ་ཤས་ཀྱང་འཕྲད་མྱོང་། ཡིན་ནའང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འདུན་པ་དང་ཆོད་སེམས་ལ་ནམ་ཡང་གཡོ་འགུལ་བྱུང་ཡོད་པ་མ་རེད། བརྒྱུད་རིམ་དེའི་ནང་ང་ཚོའི་ཏང་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་ངོས་ཟིན་མུ་མཐུད་ཟབ་མོར་གྱུར་པ་དང་། འཐབ་ཇུས་མུ་མཐུད་གནད་སྨིན་དུ་གྱུར་ཅིང་། ལག་ལེན་མུ་མཐུད་གྲ་རྒྱས་སུ་གྱུར་པས། རང་རྒྱལ་དེང་རབས་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་བ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་ནང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ལག་ལེན་དང་རིགས་པའི་གཞུང་ལུགས་དང་ལམ་ལུགས་བཅས་ཀྱི་རྨང་གཞི་བཏིངས་པ་རེད།
གཉིས་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་པ་དང་། དབུལ་བྲལ་འགག་སྒྲོལ་ལ་རྒྱལ་ཕམ་རྟིང་རྩོད་བྱས་པས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མཐུན་རྐྱེན་བསྐྲུན་ཡོད།“ལོ་ལྔ་ཚན་བཅུ་གསུམ་པ་”ཡི་དུས་སྐབས་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པའི་དུས་རིམ་ཡིན་པ་དང་། ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་བླངས་ནས། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་ཆེན་པོ་གསར་པ་ཞིག་ཏུ་སླེབས་ཡོད། རང་རྒྱལ་གྱི་མི་རེའི་ཆ་སྙོམས་རྒྱལ་ནང་ཐོན་སྐྱེན་རིན་ཐང་བསྡོམས་འབོར་ཨ་སྒོར་ཁྲི་1ལས་བརྒལ་བ་དང་། སྔོན་དཔག་བྱས་ན་2020ལོར་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་100ལས་བརྒལ་རྒྱུ་རེད། “ལོ་ལྔ་ཚན་བཅུ་གསུམ་པ་”ཡི་དུས་སྐབས་སུ་སྔ་ཕྱི་བསྡོམས་རྩིས་བྱས་ན་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་ཁྲི་5575དབུལ་བྲལ་བྱུང་བ་དང་། ད་ལོའི་ལོ་མཇུག་ཏུ་ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་བལྟོས་མེད་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་ཐད་ཐོད་བརྒལ་ཆེན་པོ་བྱུང་བ་དང་། ཕྱི་ཕྱོགས་སྒོ་འབྱེད་མུ་མཐུད་རྒྱ་སྐྱེད་བྱུང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཕན་འབྲས་སྔར་བྱུང་མྱོང་མེད་པ་བཅས་རེད། རང་རྒྱལ་གྱིས་འཛམ་གླིང་སྟེང་གཞི་ཁྱོན་ཆེ་ཤོས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་བཙུགས་ཏེ། གཞི་རྩའི་སྨན་བཅོས་འགན་བཅོལ་ཁེབས་ཚད་མི་དུང་ཕྱུར་13ལྷག་ལས་བརྒལ་ཡོད་པ་དང་། གཞི་རྩའི་རྒན་གསོའི་འགན་བཅོལ་ཁེབས་ཚད་མི་དུང་ཕྱུར་10ལ་ཉེ་བ་ཡོད་ལ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། དུས་བཀག་ལྟར་“ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་བཀོད་ཀྱི་དམིགས་འབེན་ལས་འགན་ཡོང་འགྲུབ་ཐུབ་པ་དང་། དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་རྒྱུའི་དམིགས་འབེན་མངོན་འགྱུར་ཡོང་ཐུབ་པ་ནི་སྨོས་མི་དགོས་པ་རེད།
དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བ་དང་། དབུལ་བྲལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་བླངས་པས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་གོམ་ཆེན་གསར་པ་སྤོ་ཐུབ་པ་བྱུང་ཞིང་། དུས་རབས་ཀྱི་རྗེས་སུ་ཆེས་ཆེར་ལུས་པ་ནས་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་ཟིན་པའི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱུང་བ་རེད།
གསུམ་པ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཁྱད་ཆོས་གལ་ཆེན་མང་པོ་ལྡན་ཡོད། འཛམ་གླིང་སྟེང་ཇུས་འགོད་གཅིག་འཛིན་གྱི་དེང་རབས་ཅན་གྱི་མ་དཔེ་མེད་ལ། ཀུན་ལ་འཚམ་པའི་དེང་རབས་ཅན་གྱི་ཚད་གཞིའང་ཡོད་པ་མ་རེད། བློ་མཐུན་ཏེང་ཞའོ་ཕིན་གྱིས་འདི་ལྟར་གསུངས་མྱོང་ཡོད་དེ། “ང་ཚོས་སྤེལ་བའི་དེང་རབས་ཅན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཡིན། ང་ཚོས་འཛུགས་སྐྲུན་བྱེད་པའི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡིན།” ང་ཚོས་སྐུལ་འདེད་གཏོང་བཞིན་པའི་དེང་རབས་ཅན་ལ་རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ཐུན་མོང་གི་ཁྱད་ཆོས་ལྡན་པ་རེད་ལ། རྒྱལ་ཁབ་ཀྱི་གནས་ཚུལ་གཞིར་བཟུང་བའི་ཀྲུང་གོའི་ཁྱད་ཆོས་དེ་བས་ཀྱང་ལྡན་པ་རེད། དང་པོ། རང་རྒྱལ་གྱི་དེང་རབས་ཅན་ནི་མི་འབོར་གྱི་གཞི་ཁྱོན་ཤིན་ཏུ་ཆེ་བའི་དེང་རབས་ཅན་ཡིན། རང་རྒྱལ་གྱི་མི་འབོར་དུང་ཕྱུར་14སྤྱི་ཡོངས་ནས་དེང་རབས་ཅན་གྱི་སྤྱི་ཚོགས་སུ་བསྐྱོད་པ་ལ། དེའི་གཞི་ཁྱོན་ད་ལྟའི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་སྤྱི་འབོར་ལས་བརྒལ་ཡོད་པ་དེས་དེང་རབས་ཅན་གྱི་འཛམ་གླིང་གི་མངའ་ཁོངས་ཡོངས་སུ་བསྒྱུར་ངེས་རེད་ལ། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་ཤུགས་རྐྱེན་ཟབ་མོ་ལྡན་པའི་དོན་ཆེན་ཞིག་རེད། གཉིས་པ། རང་རྒྱལ་གྱི་དེང་རབས་ཅན་ནི་མི་དམངས་ཡོངས་རྫོགས་ཐུན་མོང་ཕྱུག་འགྱུར་ཡོང་བའི་དེང་རབས་ཅན་ཡིན། ཐུན་མོང་ཕྱུག་འགྱུར་ཡོང་བ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་པ་དང་། རང་རྒྱལ་གྱི་དེང་རབས་ཅན་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཐོག །རང་རྟོགས་དང་རང་འགུལ་ངང་ས་ཁུལ་ཁག་བར་གྱི་ཧེ་བག་དང་། གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཧེ་བག །ཡོང་འབབ་བགོ་བཤའི་ཧེ་བག་བཅས་ཐག་གཅོད་བྱས་ཏེ། སྤྱི་ཚོགས་དྲང་སྙོམས་དང་དྲང་བདེན་ཡོང་བར་སྐུལ་འདེད་དང་། རིམ་གྱིས་མི་དམངས་ཡོངས་རྫོགས་ཐུན་མོང་ཕྱུག་འགྱུར་ཡོང་བ། མཐའ་གཉིས་སུ་གྱེས་པ་མཐའ་གཅིག་ཏུ་བཀག་འགོག་བཅས་བྱེད་ཀྱི་ཡོད། གསུམ་པ། རང་རྒྱལ་གྱི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་ཡོང་བའི་དེང་རབས་ཅན་ཡིན། རང་རྒྱལ་གྱི་དེང་རབས་ཅན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱུན་འཁྱོངས་བྱས་ནས། ཕུགས་བསམ་དང་དད་སེམས་སྐོར་གྱི་སློབ་གསོ་ལ་ཤུགས་སྣོན་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེར་སྐྱེད། དངོས་པོ་ཕྱོགས་ཡོངས་ནས་གྲ་རྒྱས་དང་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཅས་བྱེད་ཀྱི་ཡོད། བཞི་པ། རང་རྒྱལ་གྱི་དེང་རབས་ཅན་ནི་མི་དང་རང་བྱུང་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཡིན། རང་རྒྱལ་གྱི་དེང་རབས་ཅན་གྱིས་དངོས་པོའི་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་འགྲོས་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་གཙིགས་སུ་འཛིན་པ་དང་། ཐོན་སྐྱེད་གོང་སྤེལ་དང་། འཚོ་བ་ཕྱུག་འགྱུར། སྐྱེ་ཁམས་ལེགས་སྒྱུར་བཅས་ཀྱི་ཤེས་དཔལ་འཕེལ་རྒྱས་གཏོང་བའི་འགྲོ་ལམ་དུ་བསྐྱོད་དགོས། དེ་ལས་ལྡོག་ན་ཐོན་ཁུངས་དང་ཁོག་ཡུག་གི་གནོན་ཤུགས་ཐེག་ཐུབ་པ་མ་རེད། ལྔ་པ། རང་རྒྱལ་གྱི་དེང་རབས་ཅན་ནི་ཞི་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་པའི་དེང་རབས་ཅན་ཡིན། མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་རྒན་གྲས་ཁ་ཤས་བསྐྱོད་སའི་ལམ་ནི་དྲག་ཤུགས་ལ་བརྟེན་ནས་མི་སེར་སྤེལ་ཡུལ་འཕྲོག་བཅོམ་བྱེད་པའི་འགྲོ་ལམ་རེད་ལ། རྒྱལ་ཁབ་གཞན་པ་རྗེས་ལུས་ཐེབས་པ་རིན་དོད་བྱས་པའི་དེང་རབས་ཅན་རེད། རང་རྒྱལ་གྱི་དེང་རབས་ཅན་གྱིས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་ཁེ་མཉམ་རྒྱལ་ཡོང་བ་ནན་བཤད་བྱེད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ། ཧུར་ཐག་གིས་མིའི་རིགས་ཞི་བདེ་དང་འཕེལ་རྒྱས་ཡོང་བར་བྱས་རྗེས་འཇོག་པ་ཡིན། ལག་ལེན་གྱིས་གསལ་བར་བསྟན་ཡོད་པ་ནི། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོའི་དོན་དངོས་དང་མཐུན་པ་སྟེ། དེས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཆོས་ཉིད་མངོན་ཡོད་ལ། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ཀྱང་མངོན་ཡོད། རང་རྒྱལ་གྱིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་བཏང་སྟེ། མིའི་རིགས་ལ་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་མུ་མཐུད་དུ་འཇོག་དགོས།
གསུམ། ཤུགས་བཏོན་ནས་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་དགོས།
རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་བཀོད་པ་འཛུགས་པ་ནི། རང་རྒྱལ་འཕེལ་རྒྱས་ཀྱི་དུས་རིམ་དང་། ཁོར་ཡུག །ཆ་རྐྱེན་བཅས་ཀྱི་འགྱུར་ལྡོག་གཞིར་བཟུང་བ་དང་། ལྷག་པར་དུ་རང་རྒྱལ་གྱི་བལྟོས་བཅས་ཀྱི་མཐུན་རྐྱེན་བཟང་པོའི་འགྱུར་ལྡོག་གཞིར་བཟུང་ནས་དུས་བབ་དང་བསྟུན་ཏེ་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པ་ནི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་མ་ལག་རང་བཞིན་དང་གཏིང་རིམ་རང་བཞིན་གྱི་འཕོ་འགྱུར་ཞིག་ཡིན་པ་དང་། མིག་སྔར་ལ་གཞི་ཚུགས་ཤིང་ཕུགས་རྒྱང་ལ་དམིགས་པའི་འཐབ་ཇུས་ཀྱི་འཆར་བཀོད་ཅིག་ཡིན། ང་ཚོས་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་མགྱོགས་པོར་འཛུགས་པའི་འཐབ་ཇུས་ཀྱི་བསམ་བཀོད་གནད་ལ་འཁེལ་བར་ཁོང་དུ་ཆུད་དགོས།
རྩ་བའི་ཐོག་ནས་བཤད་ན། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་བླང་བྱ་དང་བསྟུན་པ་དང་། རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ཀྱི་དགེ་མཚན་གསར་པ་སྐྲུན་པའི་དགོས་ངེས་ཀྱི་གདམ་ག་རེད། སྒྱུར་བཅོས་སྒོ་འབྱེད་མ་བྱས་གོང་། རང་རྒྱལ་གྱི་དཔལ་འབྱོར་ནི་རྒྱལ་ནང་གི་འཁོར་རྒྱུག་གཙོ་བོར་འཛིན་པ་དང་། ཕྱིར་གཏོང་ནང་འདྲེན་གྱིས་རྒྱལ་དམངས་དཔལ་འབྱོར་གྱི་བསྡུར་གྲངས་ཟིན་ཚད་ཤིན་ཏུ་ཉུང་བ་རེད། སྒྱུར་བཅོས་སྒོ་འབྱེད་བྱས་རྗེས། ང་ཚོས་རྒྱལ་སྒོ་ཕྱེས་ནས་ཕྱི་ཕྱོགས་ཉོ་འཚོང་དང་ཕྱི་དངུལ་ཚུར་འགུག་རྒྱ་སྐྱེད་བཏང་བ་རེད། ལྷག་པར་དུ་2001ལོར་འཛམ་གླིང་ཉོ་འཚོང་རྩ་འཛུགས་ནང་ཞུགས་རྗེས། རང་རྒྱལ་རྒྱལ་སྤྱིའི་ལས་བགོས་ནང་ཟབ་ཞུགས་དང་། རྒྱལ་སྤྱིའི་འཁོར་རྒྱུག་ཆེན་པོའི་ནང་དུ་མཉམ་འདྲེས་བྱས་ཏེ། ཚོང་ར་དང་ཐོན་ཁུངས་ཏེ་“སྣེ་གཉིས་ཕྱི་ལ་ཡོད་པའི་”འཕེལ་རྒྱས་ཀྱི་བཀོད་པ་ཆགས་པས། ང་ཚོས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་གོ་སྐབས་དམ་འཛིན་བྱས་ཏེ་དཔལ་འབྱོར་སྟོབས་ཤུགས་མགྱོགས་པོར་ཆེ་རུ་གཏོང་བ་དང་། མི་དམངས་ཀྱི་འཚོ་བ་ལེགས་བཅོས་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད།
2008ལོའི་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ནི་རང་རྒྱལ་འཕེལ་རྒྱས་ཀྱི་བཀོད་པར་འཕོ་འགྱུར་བྱུང་བའི་ཆུ་མཚམས་འབྱེད་རི་ལྟ་བུ་ཡིན། ཚབས་ཆེ་བའི་ཕྱིའི་ཉམས་ཉེན་གྱི་ཕོག་ཐུག་གི་མདུན་དུ། ང་ཚོས་ནང་མཁོ་རྒྱ་སྐྱེད་གཏོང་རྒྱུ་དེ་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་མགྱོགས་ཙམ་ཡོང་བའི་གཞི་རྩའི་རྐང་པ་འཛུགས་ས་བྱས་པ་དང་། དཔལ་འབྱོར་འཕེལ་རྒྱས་དེ་ནང་མཁོ་ཡིས་གཙོ་ཁྲིད་བྱེད་པར་སྤོ་སྒྱུར་བྱས་ཏེ། རྒྱལ་ནང་གི་འཁོར་རྒྱུག་གིས་རང་རྒྱལ་གྱི་དཔལ་འབྱོར་ནང་ཐོན་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གྱུར་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་རྒྱུན་འཁྱོངས་བྱས་ནས། འཕེལ་རྒྱས་གཏོང་རྒྱུ་དེ་ནང་མཁོ་སྤྱི་དང་ལྷག་པར་དུ་ནང་མཁོས་སྐུལ་ཁྲིད་བྱ་རྒྱུར་སྔར་བས་མང་ཙམ་བརྟེན་པར་བྱེད་ཀྱི་ཡོད། རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་འཚོང་ལ་བརྟེན་ཚད་དེ་2006ལོའི་རྩེ་མོ་67%ནས་2019ལོའི་32%ལ་ཉེ་བར་ཆག་པ་དང་། རྒྱུན་ལྡན་རྣམ་གྲངས་དྲང་ཁྱད་ཀྱིས་རྒྱལ་ནང་ཐོན་སྐྱེན་རིན་ཐང་བསྡོམས་འབོར་ནང་ཟིན་པའི་བསྡུར་ཚད་ཆེས་མཐོ་ཤོས་དུས་ཀྱི་10%ཡན་ནས་ད་ལྟའི་1%ཡས་མས་སུ་ཆག་པ་དང་། ནང་མཁོས་དཔལ་འབྱོར་འཕར་སྣོན་ཡོང་བར་བྱས་རྗེས་འཇོག་ཚད་ལོ་7ལ་100%ལས་བརྒལ་བ་རེད། ང་ཚོས་འཕེལ་རྒྱས་བཀོད་པ་གསར་པ་འཛུགས་རྒྱུ་བཏོན་པ་ནི་རང་རྒྱལ་གྱི་ཕྱི་རོལ་ཡུལ་གྱི་དཔལ་འབྱོར་ཆོས་ཉིད་དང་འཕེལ་ཕྱོགས་རང་རྟོགས་ངང་སྟངས་འཛིན་བྱས་པ་ཞིག་ཡིན་ཏེ་དེར་ལག་ལེན་གྱི་རྨང་གཞི་ལྡན་ཡོད།
མ་འོངས་པའི་དུས་སྐབས་ཤིག་རིང་། རང་རྒྱལ་གྱི་རྒྱལ་ནང་ཚོང་རས་དཔལ་འབྱོར་འཁོར་རྒྱུག་ཡོང་བར་གཙོ་ཁྲིད་བྱེད་པའི་ཁྱད་ཆོས་སྔར་བས་མངོན་གསལ་དོད་པོར་འགྱུར་ངེས་རེད་ལ། དཔལ་འབྱོར་འཕར་སྣོན་ཡོང་བའི་ནང་མཁོའི་བག་ཉལ་སྟོབས་ཤུགས་མུ་མཐུད་གློད་འགྲོལ་འབྱུང་ངེས་རེད། དགོས་མཁོའི་ཐད་ནས་བལྟས་ན། རང་རྒྱལ་ལ་མི་འབོར་དུང་ཕྱུར་14ཡོད་ཅིང་། དེའི་ནང་གི་དུང་ཕྱུར་4ལྷག་ཡོང་འབབ་འབྲིང་གྲས་ཀྱི་མི་ཚོགས་ཡིན་པ་དང་། རང་རྒྱལ་གྱི་ཚོང་རྫས་སིལ་ཚོང་བྱེད་གྲངས་ཨ་རི་ལས་བརྒལ་གྲབས་ཡོད་ལ། འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། ད་དུང་བརྟན་པོའི་ངང་འཕར་སྣོན་ཡོང་བའི་བར་སྟོང་ཡོད། འདོན་སྤྲོད་ཀྱི་ཐད་ནས་བལྟས་ན། རང་རྒྱལ་གྱི་རྒྱལ་ནང་གི་ཚོང་ར་ཆེན་པོར་བརྟེན་པའི་ཐོན་སྐྱེད་ནུས་ཤུགས་ཆེན་པོས་གོ་ལ་ཧྲིལ་པོའི་བདག་རྐྱེན་ཐོན་ཁུངས་ལེགས་སྒྲིག་དང་གསར་གཏོད་བྱེད་ཐུབ་པས། གཞི་ཁྱོན་གྱི་ཕན་འབྲས་དང་འདུས་གྲུབ་ཀྱི་ཕན་འབྲས་ཚད་ཆེན་པོས་ཐོན་པར་བྱས་ཡོད། བབ་བསྟུན་ལས་སྒྲུབ་དང་གནད་འཕིགས་ཇུས་བསྟར་བྱས་ན། ང་ཚོར་ད་གཟོད་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པ་དང་། འགྲན་རྩོད་ཀྱི་དགེ་མཚན་གསར་པ་སྐྲུན་པའི་མཐུན་རྐྱེན་ཡོངས་སུ་འཛོམས་ཐུབ།
དང་པོ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པ་ནི་འཕེལ་རྒྱས་ཀྱི་རང་དབང་འཛིན་པའི་སྔོན་ཚུད་ཀྱི་འཆར་བཀོད་ཅིག་ཡིན་པ་ལས། གཞན་དབང་གི་ཐབས་ཚུལ་དང་སྐབས་བསྟུན་གྱི་ཐབས་བཀོད་ཅིག་མ་ཡིན། རྒྱལ་སྤྱིའི་གཤིབ་བསྡུར་ཐད་ནས་བལྟས་ན། རྒྱལ་ཁབ་ཆེན་པོའི་དཔལ་འབྱོར་གྱི་ཁྱད་ཆོས་ནི་ནང་མཁོ་གཙོ་བོ་འཛིན་པ་དང་ནང་ཁུལ་དུ་འཁོར་རྒྱུག་ཐུབ་པ་དེ་ཡིན། རང་རྒྱལ་ཉིད་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་ཆེ་གྲས་ཨང་གཉིས་པ་དང་བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེན་པོ་ཨང་དང་པོ་ཡིན་པ་དང་སྦྲགས་ནས། རྒྱལ་ནང་གི་དཔལ་འབྱོར་འཁོར་རྒྱུག་དང་རྒྱལ་སྤྱིའི་དཔལ་འབྱོར་འཁོར་རྒྱུག་བར་གྱི་འབྲེལ་བ་སྔ་མོ་ནས་ལེགས་སྒྲིག་བྱ་དགོས་པའི་བླང་བྱ་མ་བཏོན་རང་ཐོན་བྱུང་ཡོད། དེ་ནི་ང་ཚོས་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་རྒྱུའི་སྐོར་འདོན་སྐབས་བསམ་གཞིག་གཏོང་ས་ཨང་དང་པོ་ཡིན། ད་ལྟའི་རྒྱལ་སྤྱིའི་གནས་བབ་ལ་གཏན་འཇགས་མིན་པ་དང་གཏན་འཁེལ་མིན་པའི་རྒྱུ་རྐྱེན་གྱིས་ཁེངས་པའི་རྒྱབ་ལྗོངས་འོག་ཏུ། རྒྱལ་ནང་དུ་གཞི་ཚུགས་ཞིང་རྒྱལ་ནང་གི་ཚོང་ར་ཆེན་པོར་བརྟེན་ནས་ནང་མཁོའི་བག་ཉལ་སྟོབས་ཤུགས་སྒོ་ཀུན་ནས་བཏོན་ན། ཕྱིའི་ཕོག་ཐུག་དང་ཕྱི་མཁོ་མར་ཆག་པའི་དབང་གིས་བྱུང་བའི་གནོན་རྐྱེན་སེལ་བར་ཕན་ཐོགས་ཡོད་པ་དང་། ཚབས་ཆེ་བའི་གནས་ཚུལ་འོག་ཏུ་རང་རྒྱལ་གྱི་དཔལ་འབྱོར་གཞི་རྩའི་ཆ་ནས་རྒྱུན་ལྡན་ངང་འཁོར་སྐྱོད་ཡོང་བ་དང་སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་བརླིང་ཡོང་བ་འགན་ལེན་བྱེད་པར་ཕན་ཐོགས་ཡོད་པ་རེད།
གཉིས་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པ་ནི་སྒོ་འབྱེད་ཅན་གྱི་རྒྱལ་ནང་དང་རྒྱལ་སྤྱིའི་ཟུང་ལྡན་འཁོར་རྒྱུག་ཡིན་པ་ལས། བཀག་སྡོམ་ཅན་གྱི་རྒྱལ་ནང་གི་རྐྱང་པའི་འཁོར་རྒྱུག་མ་ཡིན། རང་རྒྱལ་གྱི་དཔལ་འབྱོར་ཉིད་འཛམ་གླིང་དཔལ་འབྱོར་ནང་ཟབ་མོར་འདྲེས་ཏེ། གོ་ལ་ཧྲིལ་པོའི་རྒྱལ་ཁབ་མང་པོའི་ཐོན་ལས་དང་འབྲེལ་ཚད་དང་ཕན་ཚུན་བརྟེན་ཚད་ཅུང་མཐོན་པོ་ཡོད་པ་དང་། ནང་མཁོ་དང་ཕྱི་མཁོའི་ཚོང་ར་ཡང་མ་གཞི་ནས་ཕན་ཚུན་གཅིག་ལ་གཅིག་རྟེན་དང་ཕན་ཚུན་སྐུལ་འདེད་གཏོང་རེས་བདག་ཉིད་ཅན་ཡིན། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་འཛིན་པ་ནི་སྒོ་བརྒྱབ་ནས་བཀག་སྡོམ་འཁོར་སྐྱོད་བྱེད་པ་གཏན་ནས་མ་ཡིན་པར། ནང་མཁོའི་བག་ཉལ་སྟོབས་ཤུགས་བཏོན་ནས་རྒྱལ་ནང་གི་ཚོང་ར་དང་རྒྱལ་སྤྱིའི་ཚོང་ར་སྔར་བས་སྦྲེལ་མཐུད་ཡག་པོ་དང་། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོར་བརྟེན་ནས་གོ་ལ་ཧྲིལ་པོའི་ཐོན་ཁུངས་ཀྱི་བདག་རྐྱེན་འགུག་སྡུད། རྒྱལ་ནང་རྒྱལ་སྤྱིའི་ཚོང་ར་ཆེན་པོ་གཉིས་དང་ཐོན་ཁུངས་རིགས་གཉིས་སྔར་བས་བཀོལ་སྤྱོད་ཡག་པོ། གོ་ལ་ཧྲིལ་པོའི་ཐོན་ཁུངས་བགོ་སྒྲིག་གི་ནུས་པ་མཐོར་འདེགས། སྒོ་འབྱེད་དང་འཕེལ་རྒྱས་ཀྱི་འཐབ་ཇུས་ཀྱི་རང་འགུལ་སྔར་བས་བརྩོན་ལེན་ཡག་པོ་བཅས་བྱེད་པ་ཡིན། རང་རྒྱལ་གྱི་སྒོ་འབྱེད་ཀྱི་སྒོ་མོ་ཇེ་ཆེ་ནས་ཇེ་ཆེར་འབྱེད་པ་ལས་རྒྱག་མི་སྲིད། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་དང་རྒྱལ་ནང་དང་རྒྱལ་སྤྱིའི་ཟུང་ལྡན་འཁོར་རྒྱུག་བར་གྱི་འབྲེལ་བ་ཚན་རིག་དང་མཐུན་པར་ཤེས་རྟོགས་དང་། རང་འགུལ་ལས་སྒྲུབ་དང་ལས་སྒྲུབ་མཁས་པོ་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་པ་དང་། ཁྱབ་རྒྱ་དང་ཁྱབ་ཁོངས་དང་རིམ་པ་བཅས་སྔར་ལས་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལག་ལེན་བསྟར་དགོས།
གསུམ་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པར་རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོའི་རྨང་གཞིའི་ཐོག་གི་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་འཛིན་པ་ལས། ས་གནས་སོ་སོས་རང་རང་གི་འཁོར་རྒྱུག་ཆུང་བ་སྤེལ་བ་མ་ཡིན། ཏང་ཀྲུང་དབྱང་གིས་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་རྒྱུའི་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་པ་དང་། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་འཛིན་རྒྱུ་བཏོན་པ་ནི། རྒྱལ་ཡོངས་ལ་དམིགས་ནས་བཤད་པ་ཞིག་ཡིན་པ་ལས། ས་གནས་སོ་སོས་ཞིང་ཆེན་ནང་ཁུལ་དང་། གྲོང་ཁྱེར་ནང་ཁུལ། རྫོང་ནང་ཁུལ་གྱི་འཁོར་རྒྱུག་ཆུང་བ་སྤེལ་རྒྱུའི་བླང་བྱ་བཏོན་པ་མ་ཡིན། ས་ཁུལ་ཁག་གིས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་དང་རྒྱལ་ནང་རྒྱལ་སྤྱིའི་ཟུང་ལྡན་འཁོར་རྒྱུག་ནང་གི་རང་ཉིད་ཀྱི་གོ་གནས་དང་བལྟོས་བཅས་ཀྱི་མཐུན་རྐྱེན་བཟང་པོ་གནད་ལ་འཕིགས་པར་འཚོལ་བ་དང་། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པ་དེ་ས་ཁོངས་ཀྱི་གནད་ཆེའི་འཐབ་ཇུས་དང་། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས། བྱེད་ལས་ཁུལ་གཙོ་བོའི་འཐབ་ཇུས། རང་མོས་ཉོ་འཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་སོགས་ལག་ལེན་བསྟར་བ་དང་སྦྲེལ་མཐུད་དམ་ཚགས་ཡོང་བ་བྱས་ཏེ། སྒྱུར་བཅོས་སྒོ་འབྱེད་ཀྱི་མཐོ་ས་གསར་པ་འཛུགས་དགོས་པ་ལས། “ཆུང་ཞིང་ཆ་ཚང་བ་”སྤེལ་མི་ཉན་ལ། “འཁོར་རྒྱུག་ཆུང་བའི་”མིང་ཐོག་ནས་ས་ཁུལ་བཀག་སྡོམ་དེ་བས་ཀྱང་བྱེད་མི་ཉན། མཐུན་རྐྱེན་འཛོམས་པའི་ས་ཁུལ་གྱིས་རྒྱལ་ཡོངས་ཀྱིས་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པར་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་པའི་ཐབས་ལམ་ནུས་ལྡན་སྔོན་ལ་འཚོལ་ཞིབ་བྱས་ཏེ། སྣེ་ཁྲིད་དང་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཆོག
འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པར་ངེས་པར་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་བསྟར་དགོས། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བཏོན་ནས་ལོ་5འདས་ཟིན་པ་དང་། ཕྱོགས་གང་ཅིའི་ཐད་ཚད་མཐོའི་ངོས་འཛིན་གཅིག་མཐུན་བྱུང་ཡོད་ལ། ལག་ལེན་ཡང་མུ་མཐུད་ཟབ་སྤེལ་བྱེད་བཞིན་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བར་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་དགོས་ངེས་ཡིན་ཏེ། དེ་ནི་ལོ་རྒྱུས་ཀྱི་གཏན་ཚིགས་དང་མངོན་སུམ་གྱི་གཏན་ཚིགས་གཉིས་ཀྱིས་ཐུན་མོང་དུ་བྱེད་ནུས་ཐོན་པའི་མཇུག་འབྲས་རེད། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཁྱབ་ཁོངས་ཁག་འཕེལ་རྒྱས་གཏོང་བའི་སྔོན་ཚོད་རང་བཞིན་གྱི་བསམ་གཞིག་དང་། ཁྱོན་ཡོངས་རང་བཞིན་གྱི་འཆར་འགོད། འཐབ་ཇུས་རང་བཞིན་གྱི་བཀོད་སྒྲིག །སྤྱི་ཡོངས་རང་བཞིན་གྱི་སྐུལ་འདེད་བཅས་ལ་ཤུགས་སྣོན་དང་། སྲིད་ཇུས་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས། འཕེལ་རྒྱས་ཀྱི་ཕྱོགས་སོ་སོ་ཕན་ཚུན་སྐུལ་འདེད་བྱེད་ཐུབ་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བྱ་རྒྱུ་དེ་མུ་མཐུད་གཏིང་ཟབ་ཏུ་སྤེལ་དགོས།
བཞི། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པར་ཤུགས་འདོན་ས་གལ་ཆེན་འགའ་ཡག་པོར་འཛིན་དགོས།
འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པ་ནི་མ་ལག་ཚང་བའི་ལས་གྲྭ་ཞིག་ཡིན་པས། “ལས་ཀྱི་རྩ་གནད་གོང་ནས་བཟུང་”སྟེ། འཐབ་ཇུས་ཀྱི་འཆར་འགོད་དང་སྟེང་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་དགོས་ལ། “བྱེ་བྲག་གི་བྱ་བ་འོག་ནས་བསྒྲུབས་”ཏེ་ལས་ཀའི་ཤུགས་འདོན་ས་སྟངས་འཛིན་བྱེད་དགོས།
གཅིག་ནས་ཆ་ཚང་བའི་ནང་མཁོའི་མ་ལག་མགྱོགས་པོར་གསོ་སྐྱོང་བྱེད་དགོས། འདི་ནི་རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་ཡོང་བ་དང་། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོའི་བྱེད་པོའི་གོ་གནས་ཆེ་རུ་གཏོང་བའི་རྨང་གཞི་གལ་ཆེན་ཡིན། དཔལ་འབྱོར་བྱེད་སྒོ་ནི་འགུལ་བའི་རྣམ་པའི་རེས་མོས་འཁོར་རྒྱུག་གི་བརྒྱུད་རིམ་ཞིག་ཡིན། གཏིང་རིམ་སྒྱུར་བཅོས་ལ་སྐུལ་འདེད་དང་སྲིད་ཇུས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ། དཔལ་འབྱོར་འཁོར་རྒྱུག་ཡོང་བར་ཚོད་འཛིན་བྱེད་པའི་འགག་གནས་གཤོང་དགོས། རྒྱལ་ནང་གི་དགོས་མཁོ་སྐོང་རྒྱུ་གཞི་རྩའི་རྐང་འཛུགས་ས་བྱེད་པ་དང་། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བ་དེ་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་བ་དང་ཟུང་འབྲེལ་དམ་ཚགས་བྱེད་པ། འདོན་སྤྲོད་མ་ལག་གི་རྒྱལ་ནང་དགོས་མཁོ་དང་འཚམ་མཐུན་གྱི་ཆ་ཤུགས་ཆེན་པོ་ཆེ་རུ་གཏོང་བ་བཅས་བྱས་ནས། དགོས་མཁོས་འདོན་སྤྲོད་ལ་སྣ་ཁྲིད་བྱེད་པ་དང་། འདོན་སྤྲོད་ཀྱིས་དགོས་མཁོ་སྐྲུན་པའི་ཆུ་ཚད་སྔར་ལས་མཐོ་བའི་འགུལ་རྣམ་དོ་མཉམ་ཡོང་བ་བྱེད་དགོས། དེང་རབས་འཁོར་སྐྱོད་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། མཁྲེགས་ཆས་དང་མཉེན་ཆས་དང་ཐབས་ལམ་དང་ལས་སྟེགས་འཐུས་ཚང་དུ་བཏང་སྟེ། རྒྱལ་ནང་དང་རྒྱལ་སྤྱིའི་ཟུང་ལྡན་འཁོར་རྒྱུག་གི་རྨང་གཞི་གལ་ཆེན་བརྟན་པོ་བཟོ་དགོས།
གཉིས་ནས་ཚན་རྩལ་རང་ཚུགས་རང་བརྩོན་གང་མགྱོགས་བྱེད་དགོས། འདི་ནི་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་ཐོགས་མེད་ཡོང་བ་འགན་ལེན་བྱེད་པ་དང་། རྒྱལ་སྤྱིའི་འཁོར་རྒྱུག་ཆེན་པོ་ནང་གི་རང་རྒྱལ་གྱི་དགེ་མཚན་གསར་པ་སྐྲུན་པའི་གནད་འགག་ཡིན། འགན་འཁྲིའི་འདུ་ཤེས་དང་ཉམས་ཉེན་གྱི་འདུ་ཤེས་ཆེ་རུ་སྐྱེད་པ་དང་། སྟོང་བསམ་མི་འཆང་བར་མངོན་སུམ་ལ་མཐོང་ཆེན་བྱེད་པ། གནད་འགག་གི་སྲོག་ཤིང་ལག་རྩལ་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ཏེ། ཁྱབ་ཁོངས་གལ་ཆེན་གྱི་“སྐེ་བཙིར་བའི་”ལག་རྩལ་མགྱོགས་པོར་འགག་སྒྲོལ་བྱེད་དགོས། ཤེས་ལྡན་མི་སྣ་གསར་གཏོད་ཀྱི་གསོན་ཤུགས་སྒོ་ཀུན་ནས་འདོན་སྤེལ་དང་། ཤེས་ལྡན་མི་སྣ་ཕྱོགས་ཡོངས་ནས་གསོ་སྐྱོང་དང་། ནང་འདྲེན། བཀོལ་སྤྱོད་ཡག་པོ་བཅས་བྱས་ཏེ། རྒྱལ་སྤྱིའི་རྩེ་གྲའི་ཚན་རྩལ་གྱི་སྣེ་འདྲེན་ཤེས་ལྡན་མི་སྣ་དང་གསར་གཏོད་དཔུང་སྡེ་སྔར་ལས་མང་པོ་སྐྱེད་སྲིང་བྱེད་དགོས་པ་དང་། རྒྱལ་སྤྱིའི་འགྲན་ཤུགས་མངའ་བའི་ན་གཞོན་ཚན་རྩལ་གྱི་ཤེས་ལྡན་མི་སྣའི་རྗེས་གྲབས་དཔུང་ཁག་གསོ་སྐྱོང་བྱེད་དགོས། ཚན་རིག་པ་དང་ཕྱི་འགྲིམས་སློབ་མ་མེས་རྒྱལ་དུ་ལོག་ནས་ཞིབ་སྤེལ་དང་། སློབ་སྦྱོང་། ལས་སྒྲུབ། འཚོ་བ་རོལ་བ་བཅས་ཀྱི་ཐད་ཁོར་ཡུག་དང་ཞབས་ཞུའི་འགན་སྲུང་ཡག་པོ་མཁོ་འདོན་བྱས་ནས། དེ་དག་གིས་འཇོན་ཐང་གང་ཡོད་འདོན་ཐུབ་པ་དང་། ཡོན་ཏན་གང་ཡོད་སྤྱོད་ཐུབ་པ། རྒྱལ་ཁབ་ཀྱི་དོན་དུ་ནུས་པ་འདོན་ཐུབ་པ་བཅས་བྱེད་དགོས།
གསུམ་ནས་ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་ལེགས་སྒྱུར་རིམ་སྤར་ལ་སྐུལ་འདེད་གཏོང་དགོས། འདི་ནི་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོའི་བྱེད་པོའི་གོ་གནས་བརྟན་པོ་གཏོང་བ་དང་། དེའི་རྒྱལ་སྤྱིའི་འཁོར་རྒྱུག་ཆེན་པོའི་ནང་གི་སྐུལ་ཁྲིད་ཀྱི་ནུས་པ་ཆེ་རུ་གཏོང་བའི་དགོས་ངེས་དགོས་མཁོ་ཡིན། བཟོ་སྐྲུན་ལས་རིགས་ནི་རང་རྒྱལ་དཔལ་འབྱོར་གྱི་སྲོག་རྩ་གནས་ས་ཡིན་ལ། རྒྱལ་ཁབ་འཛུགས་པའི་རྩ་བ་དང་རྒྱལ་ཁབ་སྟོབས་ལྡན་གཏོང་བའི་རྨང་གཞི་ཡིན། ཐེངས་འདིའི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་སྐབས། རང་རྒྱལ་གྱི་ཆ་ལག་ཚང་བའི་བཟོ་སྐྲུན་ལས་རིགས་མ་ལག་གིས་ཧ་ཅང་གལ་ཆེ་བའི་འདེགས་སྐྱོར་ནུས་པ་ཐོན་པས། བཟོ་སྐྲུན་ལས་རིགས་དེ་རྒྱལ་ཁབ་དང་ལྷག་པར་དུ་རྒྱལ་ཁབ་ཆེན་པོའི་འཕེལ་རྒྱས་དང་བདེ་འཇགས་ཐད་དོན་སྙིང་གལ་ཆེན་ལྡན་པ་སླར་ཡང་རིགས་སྒྲུབ་བྱས་ཡོད། ཐོན་ལས་མུ་ཕྲེང་གི་ལྡེམ་ཤུགས་དང་འགྲན་རྩོད་ནུས་ཤུགས་ཆེ་རུ་གཏོང་རྒྱུ་དེ་སྔར་ལས་གལ་ཆེ་བའི་གོ་གནས་སུ་བཞག་སྟེ། རང་ལ་དབང་ཞིང་ཚོད་འཛིན་བྱེད་ཐུབ་པ་དང་། བདེ་འཇགས་ཕྱོད་ཆེའི་ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་ཤུགས་བཏོན་ནས་འཛུགས་དགོས། གནད་ཆེའི་ལས་རིགས་ཀྱི་ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་མ་ལག་ཚང་བར་གསེད་བཀྲོལ་དང་། ཉམ་ཞན་ལྷུ་ཚིགས་གསལ་རྟོགས། ཉེན་འགག་མ་ནོར་བར་ཟིན་པ། ལས་རིགས་བགོས་ནས་འཐབ་ཇུས་ཀྱི་ཇུས་འགོད་དང་ཇུས་བསྟར་གནད་འཕིགས། ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་གི་ཆད་སྐྱོན་མགྱོགས་པོར་ཁ་གསབ་བཅས་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་ཁྱབ་ཁོངས་དང་མཚམས་ཚིགས་ནང་རང་ལ་དབང་ཞིང་ཚོད་འཛིན་བྱེད་ཐུབ་པ་རིམ་གྱིས་མངོན་འགྱུར་བྱེད་དགོས། བྱེད་ཐབས་ནུས་ལྡན་སྤྱད་དེ་ཁེ་ལས་ཀྱི་རྩ་ཚུགས་རང་བཞིན་ཆེ་རུ་བཏང་ནས། ཐོན་ལས་རྒྱལ་ནང་དུ་རིམ་ལྡན་སྤོ་སྒྱུར་ཡོང་བར་སྐུལ་འདེད་གཏོང་དགོས། གལ་ཏེ་ཕྱི་རུ་སྤོ་སྒྱུར་བྱེད་ཀྱང་ཐོན་ལས་མུ་ཕྲེང་གི་འགག་རྩའི་ལྷུ་ཚིགས་ཐབས་བརྒྱ་ཇུས་སྟོང་གིས་རྒྱལ་ནང་དུ་འཇོག་དགོས།
བཞི་ནས་ཞིང་ལས་དང་གྲོང་གསེབ་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་འཁོར་རྒྱུག་ཡོང་བར་བྱེད་པ་ནི་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོའི་གལ་ཆེ་བའི་ཕྱོགས་ཤིག་ཡིན་ལ། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་བར་གྱི་བསྡུར་ཚད་ཀྱི་འབྲེལ་བ་སྐྱོན་བྲལ་ཡོང་བ་འགན་ལེན་བྱེད་པའི་གནད་འགག་གི་རྒྱུ་རྐྱེན་ཡང་ཡིན། ཞིང་ལས་དང་གྲོང་གསེབ་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་། འཕེལ་རྒྱས་དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བའི་གནད་དོན་ཐག་གཅོད་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན། “ཞིང་གསུམ་”གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དེ་ཏང་ཡོངས་ཀྱི་གལ་གནད་ཆེ་ཤོས་ཀྱི་ལས་ཀར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས། དབུལ་བྲལ་འགག་སྒྲོལ་གྲུབ་འབྲས་རྒྱ་སྐྱེད་དང་སྲ་བརྟན་གཏོང་བ་དེ་གྲོང་གསེབ་དར་རྒྱས་གཏོང་བ་དང་སྦྲེལ་མཐུད་ནུས་ལྡན་ཡོང་བ་མངོན་འགྱུར་བྱེད་པ་དང་། དབུལ་ཞྭ་ཕུད་པའི་ས་ཁུལ་གྱི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་མུ་མཐུད་སྐུལ་སྤེལ་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བ་དང་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་ཡོང་བར་སྐུལ་འདེད་གཏོང་དགོས། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་འདོན་སྤྲོད་བདེ་འཇགས་འགན་སྲུང་བྱེད་པ་ནི་“ཞིང་གསུམ་”ལས་ཀའི་དོན་ཆེན་ཨང་དང་པོ་ཡིན། འབྲུ་རིགས་བདེ་འཇགས་ཀྱི་གནད་དོན་ལ་སྣང་ཆུང་གཏན་ནས་བྱེད་མི་རུང་། འབྲུ་རིགས་གཞི་རྩའི་ཆ་ནས་རང་མཁོ་རང་སྒྲུབ་ཐུབ་པ་དང་། བཟའ་འབྲུ་བལྟོས་མེད་བདེ་འཇགས་ཡོང་བ་འགན་ལེན་དང་། ཀྲུང་གོ་བའི་ཟས་ཕོར་རང་གི་ལག་ཏུ་བརྟན་པོར་བཟུང་བ་འགན་ལེན་བྱེད་དགོས། ཞིང་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་སྐུལ་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་དང་། ཞིང་ལས་ཐོན་སྐྱེད་ཀྱི་གྲུབ་ཚུལ་ལེགས་སྒྱུར། ཞིང་ལས་ཐོན་སྐྱེད་ཀྱི་ས་ཁོངས་ཀྱི་བཀོད་པ་ལེགས་སྒྱུར། འབྲུ་རིགས་ཐོན་སྐྱེད་བྱེད་ལས་ཁུལ་དང་། གལ་ཆེ་བའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་སྲུང་སྐྱོབ་ཁུལ། ཁྱད་ལྡན་ཞིང་ལས་ཐོན་རྫས་ཁྱད་འཕགས་ཁུལ་བཅས་འཛུགས་སྐྲུན་ལ་ཤུགས་སྣོན་བཅས་བྱེད་དགོས།
ལྔ་ནས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་གཏོང་དགོས། འདི་ནི་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་ཐོགས་མེད་ཡོང་བའི་ཀུན་སློང་དང་དམིགས་ཡུལ་ཡིན་ལ། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་གནད་འགག་གི་འབྲེལ་གནས་ཀྱང་ཡིན། མི་དམངས་མང་ཚོགས་ཀྱི་དགོས་མཁོའི་འགྱུར་བ་དང་བསྟུན་པ་དང་། དམངས་འཚོའི་བྱ་གཞག་ཁག་ཧུར་ཐག་གིས་ཡག་པོར་བསྒྲུབས་ཏེ། མི་སེར་གྱི་འཚོ་བ་སྔར་བས་ཡག་པོ་ཡོང་བ་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཐོན་སྐྱེད་ཀྱི་རྩ་བའི་དམིགས་ཡུལ་ཡིན། བགོ་བཤའི་གྲུབ་ཚུལ་ལེགས་སྒྱུར་བྱས་ནས་ཡོང་འབབ་འབྲིང་གྲས་ཀྱི་མི་ཚོགས་འཕེལ་རྒྱས་དང་རྒྱ་སྐྱེད་བཏང་ན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་སྐྱེད་པར་ཕན་ཐོགས་ཡོད་པ་དང་། དེ་ནི་རྒྱལ་དམངས་དཔལ་འབྱོར་གྱི་འཁོར་རྒྱུག་ཐོགས་མེད་ཡོང་བའི་གནད་འགག་གི་ལྷུ་ཚིགས་ཡིན། རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་བྱེད་པ་དང་། བགོ་བཤའ་རྒྱག་སྟངས་སྣ་མང་མཉམ་དུ་གནས་པ་རྒྱུན་འཁྱོངས་དང་། ཐོག་མའི་བགོ་བཤའི་ནང་གི་ངལ་རྩོལ་གླ་ཕོགས་ཀྱི་བསྡུར་ཚད་ཆེ་རུ་གཏོང་བ། གླ་ཕོགས་ལུགས་མཐུན་འཕར་སྣོན་གྱི་ལམ་སྲོལ་འཐུས་ཚང་གཏོང་བ། ས་ཆ་དང་མ་རྩ་སོགས་བདག་རྐྱེན་གྱི་བཀོལ་སྤྱོད་བྱེད་དབང་དང་ཁེ་བཟང་རག་དབང་སྤྱད་དེ་ཡོང་འབབ་དམའ་འབྲིང་གི་མི་ཚོགས་ཀྱི་བདག་རྐྱེན་ཡོང་འབབ་འཕར་སྣོན་ཡོང་བ་འཚོལ་ཞིབ་བཅས་བྱས་ནས། ངལ་རྩོལ་པའི་ཐོབ་ཐང་དང་ཁེ་དབང་དངོས་གནས་འགན་སྲུང་དང་། ཡོང་འབབ་འབྲིང་གྲས་ཀྱི་མི་ཚོགས་མུ་མཐུད་རྒྱ་སྐྱེད་གཏོང་དགོས། གནད་དོན་ཁྲིད་ཕྱོགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ནས་དམངས་འཚོའི་ཁེ་ཕན་མང་ཙམ་སྒྲུབ་པ་དང་། དམངས་འཚོའི་སེམས་ཁྲལ་མང་ཙམ་སེལ་བ་དང་། གང་ནུས་དེ་སྒྲུབ་དང་འཁོག་དཔག་ལས་སྒྲུབ་རྒྱུན་འཁྱོངས་བྱས་ནས་དམངས་འཚོའི་ཆད་སྐྱོན་དང་ཞན་ཆ་མགྱོགས་པོར་གསབ་པ་དང་། ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
དྲུག་ནས་བདེ་འཇགས་དང་འཕེལ་རྒྱས་ཞེས་པའི་མཐའ་མཚམས་འདི་བརྟན་པོར་སྲུང་དགོས། འདི་ནི་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པའི་གལ་ཆེའི་སྔོན་འགྲོ་དང་འགན་སྲུང་ཡིན་པ་དང་། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་ཐོགས་མེད་ཡོང་བའི་བརྗོད་དོན་མེད་དུ་མི་རུང་བ་ཞིག་ཡིན། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱིས་འཕེལ་རྒྱས་དང་བདེ་འཇགས་གཉིས་གཅིག་འདོམས་བྱེད་པའི་ཐད་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་ཡོད་དེ། དེ་ནི་རྙོག་འཛིང་ཆེ་བའི་ཁོར་ཡུག་ནང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་སྔར་ལས་ལྷག་པར་སྐུལ་འདེད་གཏོང་བར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་པ་རེད། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་དང་། རྒྱལ་ཁབ་ཀྱི་ཁེ་ཕན་བླ་ན་མེད་པ་རྒྱུན་འཁྱོངས། མི་དམངས་བདེ་འཇགས་ཡོང་བ་དམིགས་ཡུལ་དུ་འཛིན་པ། ཆབ་སྲིད་ཀྱི་བདེ་འཇགས་རྩ་བར་འཛིན་པ་བཅས་བྱས་ཏེ། རྒྱལ་ཁབ་བདེ་འཇགས་ཀྱི་མ་ལག་དང་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། སྒོ་འབྱེད་དང་བདེ་འཇགས་བར་གྱི་འབྲེལ་བ་སྟངས་འཛིན་ཡག་པོ་དང་། སྒོ་འབྱེད་དང་བདེ་འཇགས་ཀྱི་དྲ་རྒྱ་དམ་ཚགས་དང་བརྟན་པོར་བཟོས་ཏེ། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཁོར་ཡུག་ནང་རྒྱལ་ཁབ་བདེ་འཇགས་འགུལ་རྣམ་གྱིས་སྲུང་སྐྱོང་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་དགོས། མི་དམངས་ཀྱི་ཚེ་སྲོག་གི་བདེ་འཇགས་སྲུང་སྐྱོབ་བྱེད་པ་དེ་ཨང་དང་པོར་འཇོག་པ་དང་། སྤྱི་པའི་བདེ་འཇགས་འགན་སྲུང་བྱེད་ནུས་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། མི་དམངས་བདེ་སྡོད་ལས་བརྩོན་བྱེད་པ་དང་། སྤྱི་ཚོགས་གཏན་འཇགས་རིམ་ལྡན་ཡོང་བ། རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་བ་བཅས་ལ་སྐུལ་འདེད་གཏོང་དགོས།
ལྔ། ཏང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ་དང་། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པར་འགོ་ཁྲིད་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས།
མིག་སྔའི་རྙོག་འཛིང་དང་ཛ་དྲག་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལྗིད་རྫོབ་ཆེ་བའི་ལས་འགན་གྱི་མདུན་དུ། ངེས་པར་དུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནུས་ལྡན་བྱེད་པ་འགན་ལེན་བྱས་ཏེ་གང་གསུང་དེ་སྒྲུབ་བྱེད་དགོས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་དེ་“ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པར་གཅིག་འདོམས་ངང་སྐུལ་འདེད་གཏོང་བ་དང་“ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་ཕྱོགས་སོ་སོར་དོན་འཁྱོལ་བྱེད་པ་དང་། ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་འཁྱོངས་དང་འཐུས་ཚང་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་དུ་འགྱུར་བར་རྩ་བའི་ཁག་ཐེག་འདོན་སྤྲོད་བྱེད་དགོས།
ད་ལྟའི་འཛམ་གླིང་ལ་ལོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད་པ་དང་། འཕོ་འགྱུར་ཆེན་པོ་འདི་འདྲ་ནི་དུས་སྐབས་གཅིག་དང་བྱ་བ་གཅིག་དང་། ས་ཁོངས་གཅིག་དང་རྒྱལ་ཁབ་གཅིག་གི་འཕོ་འགྱུར་མ་ཡིན་པར། འཛམ་གླིང་གི་འཕོ་འགྱུར་དང་། དུས་རབས་ཀྱི་འཕོ་འགྱུར། ལོ་རྒྱུས་ཀྱི་འཕོ་འགྱུར་བཅས་ཡིན། འཕོ་འགྱུར་ཆེན་པོ་འདིར་ཁ་གཏད་ཡག་པོ་འཇལ་ཐུབ་མིན་གྱི་གནད་འགག་ནི་ང་ཚོར་འཕོ་འགྱུར་རྟོགས་པའི་བློ་གྲོས་དང་། འཕོ་འགྱུར་ལ་བསྟུན་པའི་ཐབས་ཤེས། འཕོ་འགྱུར་གཏོང་བར་བརྩོན་པའི་སྤོབས་པ་བཅས་ལྡན་མིན་ལ་ཐུག་ཡོད། གནའ་མིའི་གཏམ་ལ། “ཇུས་སྔོན་གཏོང་བྱས་ན་དར་རྒྱས་འབྱུང་། ཇུས་རྗེས་གཤོམ་བྱས་ན་ཉམས་ཉེས་འབྱུང་”ཞེས་ཟེར་བ་ལྟར། འཐབ་ཇུས་ཀྱི་བསམ་གཞིག་ལ་ཤུགས་སྣོན་དང་། འཐབ་ཇུས་ཀྱི་ངེས་ཤུགས་མཐའ་འཁྱོངས། ལས་སྒྲུབ་དང་སྐབས་བསྟུན་གཉིས་གཅིག་གྱུར་དང་མིག་མདུན་ཇུས་འགོད་དང་མ་འོངས་ཇུས་འགོད་གཉིས་གཅིག་གྱུར། གནས་བས་ཀྱི་གོང་འཕེལ་དང་འགྱུར་ལྡོག་ལ་བབ་བསྟུན། འཐབ་ཇུས་དང་ཐབས་ཇུས་དུས་ཐོག་ཏུ་ལེགས་སྒྲིག །དུས་ཡུན་འབྲིང་རིང་གི་འཐབ་ཇུས་ཀྱི་ཇུས་འགོད་ལ་ཤུགས་སྣོན་བཅས་བྱས་ཏེ། འཐབ་ཇུས་ཀྱི་རང་དབང་རང་ལག་ཏུ་ཟིན་པར་བྱེད་དགོས།
མི་དམངས་ནི་ང་ཚོའི་ཏང་གིས་སྲིད་དབང་སྐྱོང་བའི་གཏིང་ཤུགས་ཆེ་ཤོས་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་རྩ་བ་ཆེས་ཟབ་ཤོས་ཀྱང་ཡིན། ལོ་རྒྱུས་ཀྱི་བསླབ་བྱ་ཟབ་མོས་ང་ཚོའི་བློ་སྒོ་ཕྱེ་དོན། མི་དམངས་དང་ཁ་བྲལ་བ་དང་། མི་དམངས་དང་ཕྱོགས་འཛོལ་བ། མི་དམངས་རྒྱབ་ཏུ་བསྐྱུར་བ་བཅས་ཀྱི་ཆབ་སྲིད་སྟོབས་ཤུགས་གང་ཡོད་ཚང་མ་མཇུག་མཐར་མི་དམངས་ཀྱི་ལྡོག་ཕྱོགས་སུ་ལངས་ཏེ་མི་དམངས་ཀྱི་རྒྱབ་སྐྱོར་ཤོར་འགྲོ་ངེས་རེད། ཐོག་མཐའ་བར་གསུམ་དུ་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་དང་། ལས་དབང་མཉམ་འཁུར། གཅིག་སེམས་གཅིག་འབྲེལ་བཅས་བྱས་ཏེ། ཏང་དང་མི་དམངས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དོན་ཐོག་ཏུ་འཁྱོལ་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་ཀྱི་བྱེད་པོའི་གོ་གནས་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་དོན་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་ལོངས་སུ་སྤྱོད་པ་བཅས་བྱེད་ཐུབ་དགོས། དངོས་ཐོག་བདེན་འཚོལ་གྱི་སྤྱོད་ཚུལ་དར་སྤེལ་དང་། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན། མང་ཚོགས་ཀྱི་སྐད་སྒྲར་ཉན་པ། མང་ཚོགས་ཀྱི་འདོད་བློ་རྟོགས་པ། དངོས་འཛིན་དང་དངོས་སྒྲུབ་བྱས་ཏེ་མི་དམངས་ཀྱི་དཀའ་ངལ་སེལ་བ་དང་། དམངས་ཀྱི་སེམས་ནད་སེལ་བ། དམངས་ཀྱི་སེམས་པ་གསོ་བ་བཅས་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་བ། རུལ་འགོག་འཐབ་རྩོད་མུ་མཐུད་ཟབ་སྤེལ་བཅས་བྱེད་དགོས།
ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་ན། ངེས་པར་དུ་ཆབ་སྲིད་ལ་བྱང་བ་དང་། དེང་རབས་ཅན་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་པའི་ནུས་པ་ལྡན་པའི་ལས་བྱེད་པའི་དཔུང་སྡེ་ཞིག་ཡོད་དགོས། ཀྲུང་གོའི་གུང་ཁྲན་ཏང་གི་ལོ་ངོ་100རིང་གི་ཉམས་མྱོང་རྩ་ཆེན་སྤྱི་སྡོམ་དང་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་རྒྱུན་འཁྱོངས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་པ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་བཅས་བྱས་ཏེ། ཏང་དང་མི་དམངས་ཀྱི་བྱ་གཞག་གི་དོན་དུ་འབད་བརྩོན་ལྷོད་མེད་བྱེད་དགོས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ལས་བྱེད་པར་སློབ་གསོ་དང་སྐྱེད་སྲིང་བྱ་རྒྱུ་དང་ལྷག་པར་དུ་ན་གཞོན་ལས་བྱེད་པ་སྐྱེད་སྲིང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། རིམ་པ་ཁག་གི་འགོ་ཁྲིད་ཚོགས་པ་དང་ལས་བྱེད་པས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པའི་ནུས་པ་ཆེ་རུ་གཏོང་དགོས། འགན་འཁྲི་འཁུར་ཕོད་པ་དང་ལས་སྒྲུབ་བྱེད་མཁས་པའི་ལས་བྱེད་པར་སྐུལ་ལྕག་དང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡང་དག་པའི་མི་བཀོལ་སྤྱོད་བྱེད་ཕྱོགས་ལ་བརྟེན་ནས་ལས་སྒྲུབ་ལས་གཏོད་བྱེད་ཕྱོགས་ལ་སྣེ་ཁྲིད་བྱས་ཏེ། ལས་ཀ་སྒྲུབ་འདོད་ཡོད་པ་དང་། ལས་ཀ་ལྷུར་ལེན་བྱེད་པ། ལས་ཀ་འགྲུབ་ཐུབ་པ་བཅས་ཀྱི་ལས་བྱེད་པས་སྔར་ལས་ལྷག་པར་འཇོན་ཐང་མངོན་ཐུབ་པ་བྱེད་དགོས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། ངས་ཏང་ཡོངས་ཀྱིས་ཉེན་ཁ་ཚབས་ཆེན་སྣ་ཚོགས་ལ་ཚད་མཐོའི་མཐོང་ཆེན་དང་འགོག་སེལ་ཏན་ཏིག་བྱེད་དགོས་ཚུལ་ནན་བཤད་ཡང་ཡང་བྱས་ཡོད། 2018ལོའི་ཟླ་1པོར། ངས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིབ་གྲོས་འཛིན་གྲྭའི་འགོ་ཚུགས་མཛད་སྒོའི་ཐོག །“ཉམས་ཉེས་དྲན་པའི་འདུ་ཤེས་ཆེ་རུ་གཏང་རྒྱུ་དང་ཉེན་ཁ་དང་འགྲན་སློང་འགོག་ཟོན་བྱ་རྒྱུ་དཀྱུས་གཅིག་ཏུ་དོན་འཁྱོལ་བྱེད་དགོས་”ཞེས་ནན་བཤད་བྱས་པ་དང་། ཕྱོགས་8ཀྱི་བྱེ་བྲག་གི་ཉེན་ཁ་16རེ་རེ་བཞིན་དཔེར་དྲངས་པ་མ་ཟད་དབྱེ་ཞིབ་གཏིང་ཟབ་མོ་བྱས་ནས་བླང་བྱ་གསལ་པོ་བཏོན་པ་ཡིན། དེའི་ནང་གལ་ཏེ་གློ་ཚད་ཡན་གར་བ་ལྟ་བུའི་རིམས་ནད་ཚབས་ཆེན་བྱུང་ན་ང་ཚོས་ཇི་ལྟར་བྱེད་དགོས་སམ་ཞེས་བསྟན་ཡོད། 2019ལོའི་ཟླ་དང་པོར། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་མཐའ་ཚད་ཀྱི་བསམ་གཞིག་རྒྱུན་འཁྱོངས་བྱས་ཏེ་ཉེན་ཁ་ཚབས་ཆེན་འགོག་སེལ་ཤུགས་ཆེན་བྱེད་དགོས་པའི་ཆེད་དོན་ཞིབ་གྲོས་འཛིན་གྲྭའི་ཐོག་གི་གཏམ་བཤད་ནང་། ངས་སླར་ཡང་ཕྱོགས་9ནས་ཉེན་ཁ་ཚབས་ཆེན་འགོག་སེལ་བྱེད་པའི་གནད་དོན་ནན་བཤད་བྱས་ཏེ། འགོ་ཁྲིད་ལས་བྱེད་པས་ཉེན་ཁ་ཚབས་ཆེན་འགོག་སེལ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་དགོས་པའི་བླང་བྱ་བཏོན་པ་ཡིན། ད་ལོའི་གློ་བུར་དུ་བྱུང་བའི་ཏོག་གསར་གློད་ཚད་རིམས་ནད་ཀྱིས་ཉེན་ཁ་ཚབས་ཆེན་འགོག་སེལ་བྱེད་དགོས་ཚུལ་ནན་བཤད་བྱེད་པའི་གལ་ཆེན་རང་བཞིན་དང་དགོས་ངེས་རང་བཞིན་རིགས་སྒྲུབ་གསལ་པོ་བྱས་པ་རེད། ཉེན་ཁ་ཚབས་ཆེན་འགོག་སེལ་བྱེད་པ་དེ་ཧ་ཅང་གལ་ཆེ་བའི་ལས་ཀ་ཞིག་ཏུ་བརྩིས་ནས་ལྷོད་ལྷོད་སྤུ་ཙམ་ཡང་བྱས་མི་རུང་། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་འཛིན་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་ཡག་པོ་བྱས་ཏེ། རིམས་འགོག་འཐབ་རྩོད་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་འཐོབ་པ་བྱེད་དགོས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཕེལ་རིམ་ལ་འགོར་འགྱངས་བྱེད་ལ་ཐ་ན་བར་མཚམས་གཅོད་སྲིད་པའི་ཉེན་ཁ་ཚབས་ཆེན་དེ་དག་ལ་བློ་རྩེ་གཏད་ནས་དོ་ཁུར་བྱེད་དགོས་པ་དང་། ཕྱོགས་བསྡུས་ཀྱིས་ཞིབ་འཇུག་དང་བརྡར་ཤ་གཅོད་པ་དང་། གཅིག་འདོམས་ཀྱིས་ཇུས་འགོད་བྱེད་པ། ཁ་གཏད་ནུས་ལྡན་གཅོག་པ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུ་བཏོན་ནས་དེ་དག་མི་འབྱུང་བ་བྱེད་དགོས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོ་སོའི་བྱེ་བྲག་གི་ཉེན་ཁའི་མདུན་དུ། སྔོན་ཚོད་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་གཏོང་བ་དང་། སྔོན་ནས་ཁ་གཏད་འཇལ་ཐབས་བཟོས་ཏེ། དེ་ཉིད་འགོ་འབུས་མ་ཐག་ཏུ་སེལ་དགོས།
རྒྱལ་ཁབ་ཆེན་པོ་དར་རྒྱས་ཡོང་རྒྱུ་ནི་ལས་སླ་པོ་ཞིག་དང་འབད་མེད་ལྷུན་གྲུབ་ཅིག་གཏན་ནས་ཡིན་མི་སྲིད་པར་ངེས་པར་དུ་དཀའ་ཚེགས་ཆེ་བའི་ཞུན་བརྡར་དང་འཐབ་རྩོད་བྱེད་དགོས། ཏང་ཡོངས་ཀྱིས་ངེས་པར་དུ་མདུན་སྐྱོད་ཀྱི་འགྲོ་ལམ་ཐོག་འཐབ་རྩོད་རླབས་པོ་ཆེ་བྱེད་པའི་ཡུན་རིང་རང་བཞིན་དང་། རྙོག་འཛིང་ཆེ་བའི་རང་བཞིན། དཀའ་ཚེགས་ཆེ་བའི་རང་བཞིན་བཅས་ལ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་བྱེད་དགོས་པ་དང་། མཐའ་ཚད་ཀྱི་བསམ་གཞིག་རྒྱུན་འཁྱོངས་དང་། ཉམས་ཉེས་དྲན་པའི་འདུ་ཤེས་ཆེ་རུ་སྐྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱེད་དགོས། འཐབ་རྩོད་བྱེད་ཕོད་པ་དང་། བཙན་ཤེད་ལ་གདོང་ཐུག་བྱེད་ཕོད་པ། འཐབ་རྩོད་བྱེད་མཁས་པ་དང་། འཐབ་རྩོད་ཀྱི་སྒྱུ་རྩལ་དང་ཐབས་ཇུས་ལ་དང་དོད་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་ཞེས་པའི་ཐབས་མཆོག་འདི་བཀོལ་སྤྱོད་ཡག་པོ་བྱས་ཏེ། མང་ཤས་ལ་མཐུན་སྒྲིལ་དང་མཉམ་འབྲེལ་ཆེན་པོ་ཡག་པོ་བྱེད་དགོས་པ་ལས། ཕྱོགས་བཞིར་ཕར་རྒོལ་བྱེད་མི་རུང་ལ་སྒོ་རྒྱག་རིང་ལུགས་སྤེལ་མི་རུང་། ཞི་བའི་གོང་འཕེལ་གྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་། ཕྱོགས་མང་ལམ་སྲོལ་བེད་སྤྱོད་བྱེད་མཁས་པ་དང་། རྒྱལ་སྤྱིའི་མ་ལག་གི་སྟོབས་ཤུགས་སྔར་ལས་བེད་སྤྱོད་ཡག་པོར་བྱས་ཏེ་ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོབ་རིང་ལུགས། བཙན་དབང་རིང་ལུགས་བཅས་བཀག་འགོག་བྱེད་དགོས། དྲིལ་བསྒྲགས་དང་ལྷག་པར་དུ་ཕྱི་ཕྱོགས་དྲིལ་བསྒྲགས་ལས་ཀ་ཡག་པོར་བསྒྲུབས་ཏེ། ཞི་བའི་གོང་འཕེལ་འགྲོ་བའི་འགན་འཁུར་བའི་རྒྱལ་ཁབ་ཆེན་པོའི་སྣང་བརྙན་བཞེངས་སྐྲུན་བྱེད་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ང་ཚོར་བསམ་ཤེས་དང་རྒྱབ་སྐྱོར་བྱེད་པར་ཧུར་བརྩོན་བྱེད་དགོས།
ཐེངས་འདིར་ཏང་ཀྲུང་དབྱང་གིས་འཆར་བཀོད་དང་གྲོས་གཞི་གཏན་འབེབས་བྱེད་སྐབས། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དེ་མི་དམངས་ལ་བློ་འདྲི་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་གཅིག་གྱུར་བྱས་ཏེ། དམངས་གཙོ་དར་སྤེལ་གཏོང་བ་དང་། སྒོ་ཕྱེ་ནས་ཇུས་འདྲི་བྱེད་པ། མང་གྲོས་བློ་བསྡུ་བྱེད་པ་བཅས་ནན་བཤད་བྱས་ཡོད་པ་དང་། བསམ་འཆར་སྡུད་ལེན་བྱེད་པའི་ཁྱབ་རྒྱ་ཧ་ཅང་ཆེ་བ་དང་། ཟབ་ཞུགས་མི་གྲངས་ཧ་ཅང་མང་བ། རྣམ་པ་ཧ་ཅང་མང་བ་བཅས་སྔར་བྱུང་མྱོང་མེད་པ་ཞིག་རེད། 《གྲོས་གཞི་》གཞིར་བཟུང་ནས་“ལོ་ལྔ་ཚན་བཅུ་བཞི་པ་”ཡི་འཆར་འགོད་རྩ་གནད་དང་། ཆེད་དོན་འཆར་འགོད། ས་གནས་ཀྱི་འཆར་འགོད་བཅས་གཏན་འབེབས་ཡག་པོ་བྱེད་དགོས་པ་དང་། མི་དམངས་ཀྱི་འབོད་སྒྲར་ཉན་པ་དང་། མི་དམངས་ཀྱི་བློ་གྲོས་གཅིག་སྡུད་བྱེད་པར་དོ་སྣང་བྱེད་དགོས། ས་ཁུལ་ཁག་གིས་རང་ས་ཁུལ་གྱི་འཆར་བཀོད་གཏན་འབེབས་བྱེད་སྐབས་དོན་དངོས་དང་ཟུང་འབྲེལ་དང་། དངོས་ཐོག་བདེན་འཚོལ། འཁྲོལ་འཁྱིལ་ཡོད་པ་བཅས་བྱེད་དགོས་པ་ལས་གཅིག་ཐོག་གཉིས་སྤོ་བྱེད་མི་རུང་། འཆར་བཀོད་ལག་བསྟར་ནུས་ལྡན་བྱེད་པའི་ལམ་སྲོལ་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་བ་དང་། འཆར་བཀོད་ལག་བསྟར་བྱེད་རིང་གི་འགུལ་རྣམ་ལྟ་ཞིབ་དང་། དུས་དཀྱིལ་དཔྱད་དཔོག །སྤྱི་སྡོམ་དཔྱད་དཔོག་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། འཆར་བཀོད་ལག་བསྟར་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས།
བློ་མཐུན་རྣམ་པ། སང་ལོ་ང་ཚོས་ཏང་བཙུགས་ནས་ལོ་ངོ་100འཁོར་བའི་དུས་ཆེན་བསུ་རྒྱུ་ཡིན། ཏང་ཀྲུང་དབྱང་གིས་རྟེན་འབྲེལ་མཛད་སྒོ་ལ་སྤྱིའི་ཆ་ནས་ཇུས་འགོད་བྱེད་བཞིན་ཡོད་ལ། གཏན་འཁེལ་བྱས་རྗེས་རིམ་པ་ཁག་གི་ཏང་ཨུས་ནན་ཏན་གྱིས་ལག་བསྟར་བྱེད་དགོས། ང་ཚོས་སྔ་འཛིན་ཕྱི་གཏོད་དང་མ་འོངས་གསར་གཏོད་བྱེད་པ་དང་། ཏང་ཡོངས་ཀྱི་བློ་མཐུན་ཚོས་སྔར་བས་འབད་བརྩོན་དོན་ལྡན་བྱེད་པའི་བསམ་བློའི་འཁྱེར་སོ་སྐུལ་སློང་བྱས་ཏེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་པ་མུ་མཐུད་གསར་སྐྲུན་བྱེད་དགོས།
བསོད་ནམས་དབང་རྒྱལ་གྱིས་བསྒྱུར།
འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2020ལོའི་ཟླ་10ཚེས་29ཉིན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་ཡིན།