མཚོ་ངོས་རྒྱ་ཆེ་ཞིང་ཆུ་མོ་དྭངས་ཤིང་གསལ། ཉ་མོ་གར་ལ་རྩེན་ཞིང་ཁྲུང་ཁྲུང་ཕྲེང་དུ་བསྟར། ནམ་མཁའ་སྔོན་པོའི་འོག་ཏུ་མཚོ་དང་ཨ་སྔོན་གཞི་གཅིག་ཏུ་འདྲེས། འདི་ནི་ཁྲི་ཤོར་རྒྱལ་མོ་སྟེ་མཐོ་སྒང་གི་མཛེས་རྒྱན་ཉག་གཅིག་ཡིན།
2021ལོའི་ཟླ་6ཚེས་8ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་ཕེབས་ནས་མཚོ་སྔོན་པོའི་ལྷ་མོའི་མཚོ་ཁུག་ཏུ་མཚོ་སྔོན་ཞིང་ཆེན་གྱི་ཁྲི་ལེབ་རི་བོའི་ས་ཁུལ་དང་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་དང་འབྲེལ། ས་གནས་དངོས་སུ་མཚོ་སྔོན་པོའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལས་དོན་གྱི་ཕན་འབྲས་ལ་གཟིགས་ཞིབ་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་བཅོས་སྐྱོང་ལ་ཐོབ་པའི་གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པས་གཅེས་སྤྲས་ལྡབ་འགྱུར་དང་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས་ཞེས་ནན་གསུང་གནང་། སྤྱི་ཁྱབ་ཧྲུའུ་ཅིས་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་མཚོ་སྔོན་ལ་སྲུང་སྐྱོབ་དང་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་པའི་སྐྱེ་ཁམས་ཁོར་ཡུག་གི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་མཚོ་སྔོན་པོར་རི་སྔོན་ཆུ་དྭངས་ཀྱི་ཁྲོད་ཉམས་འགྱུར་གསར་པ་ཞིག་མངོན་ཡོད།
“མཚོ་མོ་སླར་ལྡོག་པ་”དང་འབབ་རྒྱུད་བཅོས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ། མཚོ་སྔོན་པོའི་བྱང་ཤར་ངོགས་ཀྱི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ཁེ་ཐུའུ་རྒྱལ་ཁབ་རིམ་པའི་བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་དཔེ་སྟོན་ཁུལ་དུ་རྒྱང་ལྟ་བྱེད་སྐབས། ལྗང་མདོག་གི་སྐྱེ་སྟོབས་ནི་བྱེ་སྒང་དུ་སྣུར་སྲིང་བྱས་ཡོད།
“དེ་སྔོན་མདའ་བཞི་རྫོང་གི་ས་ཞིང་བྱེ་འགྱུར་གྱི་གནད་དོན་ཛ་དྲག་ཡིན་པས་ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་པ་མ་ཟད། ད་དུང་མཚོ་སྔོན་པོའི་སྐྱེ་ཁམས་བདེ་འཇགས་ལའང་ཐད་ཀར་ཤུགས་རྐྱེན་ཐེབས་ཡོད།” མདའ་བཞི་རྫོང་རྩྭ་ཐང་ས་ཚིགས་ཀྱི་ནགས་ལས་བཟོ་བཀོད་པ་ཧྲི་ཏེ་རུང་གིས་ངོ་སྤྲོད་བྱས་དོན། ལོ་མང་བཅོས་སྐྱོང་བྱས་པ་བརྒྱུད། ད་ལྟ་བྱེ་བཅོས་ནགས་སྐྲུན་འགོག་གསོ་ཁུལ་གྱི་རང་བྱུང་སྔོ་ཁེབས་རིམ་བཞིན་སླར་གསོ་བྱུང་བ་དང་སྡོང་ཕྲུག་སྐྱེ་འཚར་ཡག་པོ་ཡོད་པས། མཚོ་སྔོན་པོའི་བྱང་ཤར་ངོགས་སུ་“ལྗང་མདོག་སྲུང་ཡོལ་”བརྟན་པོ་ཞིག་བསྐྲུན་ནས་མཚོ་སྔོན་པོའི་ལྟེ་བའི་ས་ཁོངས་ཀྱི་སྐྱེ་ཁམས་བདེ་འཇགས་ལ་འགན་ལེན་ནུས་ལྡན་ཐུབ་ཡོད།
མཚོ་སྔོན་པོའི་འབབ་རྒྱུད་ནི་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་དང་རང་རྒྱལ་གྱི་ནུབ་བྱང་རྒྱུད་ཀྱི་ཁོར་ཡུག་ཆེན་པོའི་སྐྱེ་ཁམས་དོ་མཉམ་སྲུང་སྐྱོང་བྱེད་པའི་ཆུ་གཟུགས་གལ་ཆེན་ཞིག་ཡིན། གནམ་གཤིས་དྲོ་རུ་ཕྱིན་པ་དང་མིའི་རིགས་ཀྱི་འགུལ་སྐྱོད་ཀྱི་ཤུགས་རྐྱེན་ཐེབས་ནས་མཚོ་སྔོན་པོར་དེ་སྔ་མཚེའུ་ཆུང་དུ་ཕྱིན་པ་དང་ས་ཆ་བྱེ་ཐང་དུ་གྱུར་པ་སོགས་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་བྱུང་ཡོད། 2008ལོར་མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ་རེད། 2012ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཟམ་མི་འཆད་པར་ཆེ་རུ་བཏང་བས་འབབ་རྒྱུད་ཀྱི་སྔོ་ཁེབས་དང་འདམ་ར་མངོན་གསལ་དོད་པོས་སླར་གསོ་བྱུང་ཡོད། 2021ལོར་མཚོ་སྔོན་པོའི་འབབ་རྒྱུད་དུ་བྱེ་འགོག་བྱེ་བཅོས་ཀྱི་ལས་འགན་མུའུ་ཁྲི་25.28ལེགས་སྒྲུབ་བྱས་པ་དང་། རྩྭ་ཐང་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་60%ཟིན་པ། འདམ་ར་སྲུང་སྐྱོབ་བྱེད་ཚད་69%ཟིན་པ། ཆུའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་4625.6ཟིན་པ། སྤྱི་ཡོངས་ཀྱི་ཆུའི་ཁོར་ཡུག་གི་དམིགས་ཚད་གལ་ཆེན་ལོ་མང་རིང་བརྟན་པོ་མཐའ་འཁྱོངས་ཐུབ་ནས་ཆུ་སྤུས་ཀྱི་གནས་ཚུལ་ལེགས་སུ་ཕྱིན་ཚད་100%ཟིན་ཡོད།
ད་ལྟ་མཚོ་སྔོན་པོའི་ཆུ་ཁ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་། “མཚོ་མོ་སླར་ལྡོག་པ་”དང་འབབ་རྒྱུད་ཀྱི་སྐྱེ་ཁམས་རྒྱུན་མཐུད་ལེགས་སུ་ཕྱིན་པ། སྐྱེ་ཁམས་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ། ལྗང་མདོག་གི་བར་སྟོང་ཟམ་མི་འཆད་པར་རྒྱ་ཆེར་ཕྱིན་པ་བཅས་རེད།
“གཙང་པོའི་ཕྱེད་ཀ་ཆུ་དང་ཕྱེད་ཀ་ཉ།” སྐྱེ་དངོས་ཀྱི་སྣ་མང་རང་བཞིན་མགྱོགས་མྱུར་ངང་སླར་གསོ་བྱུང་བ། 2021ལོའི་ཟླ་6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་དུ་རྟོག་ཞིབ་གནང་སྐབས་ནན་གསུང་གནང་དོན། རྒྱལ་ཁབ་སྤྱི་གླིང་གིས་བྱེད་པོར་བྱེད་པ་དང་། རང་བྱུང་སྲུང་སྐྱོབ་ཁུལ་གྱིས་རྨང་གཞི་བྱེད་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཀྱིས་ཁ་གསབ་བྱེད་པ་བཅས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་མ་ལག་མགྱོགས་མྱུར་བསྐྲུན་ནས་རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་དང་། རང་བྱུང་ཐོན་ཁུངས་སྲུང་སྐྱོབ་ཡག་པོ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཡག་པོ་བཅས་བྱེད་དགོས།
རྐང་ཚ་རྫོང་འོམ་ལོ་གཙང་འགྲམ་གྱི་ཙོང་ཉའི་ཁྱིམ་གཞིས་སུ་གསར་འགོད་པས་ཙོང་ཉ་མི་ཉུང་བ་ཞིག་ཆུའི་ནང་བླུགས་ཡོད་པ་མཐོང་། “ལྟོས་དང་། ལོ་ན་18ལ་སླེབས་པའི་ཙོང་ཉ་དེ་དག་ཐོག་མར་རྫོང་དུ་རྒྱུད་སྤེལ་ཚོད་ལྟ་ས་ཚིགས་བཙུགས་ནས་ཟླ་བ་གཅིག་སོང་རྗེས་ཟི་ལིང་དུ་གསོ་ཚགས་བྱས་ཏེ་ལོ་འཁོར་ཧྲིལ་པོ་ལོན་རྗེས་སླར་ཡང་མཚོ་སྔོན་པོར་སྐྱེལ་གྱི་ཡོད་”ཅེས་རྐང་ཚ་རྫོང་ཞིང་འབྲོག་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་རུ་ཁག་ཆེན་པོའི་ཉ་ལས་བདག་སྐྱོང་བ་ཀྲང་ཀོང་རུང་གིས་གསར་འགོད་པར་དེ་ལྟར་བཤད།
ཙོང་ཉ་ནི་མཚོ་སྔོན་པོར་དམིགས་བསལ་དུ་ཡོད་པའི་རྩ་ཆེའི་སྲོག་ཆགས་ཤིག་ཡིན་ལ། མཚོ་སྔོན་པོའི་“རྩྭ་དང་། ཆུ་དང་། མཚེའུ། ཉ་དང་འདབ་ཆགས་སོགས་”ཀྱི་སྐྱེ་ཁམས་མ་ལག་ཁྲོད་ཀྱི་འགག་རྩའི་སྲོག་ཆགས་ཤིག་ཀྱང་རེད། ལོ་ལྟར་ཟླ་5པའི་ཟླ་མཇུག་ནས་ཟླ་8པའི་ཟླ་འགོར་ཙོང་ཉ་ཁྱུ་དང་ཁྱུ་བྱས་ཏེ་མཚོ་སྔོན་པོའི་འགྲམ་ནས་རྡོག་ཐོན་བྱེད་པ་དང་། “གཙང་པོའི་ཕྱེད་ཀ་ཆུ་དང་ཕྱེད་ཀ་ཉ་”ཡི་ཡུལ་སྐོར་མཛེས་ལྗོངས་ཤིག་མངོན་གྱི་ཡོད་པ་རེད། འོན་ཀྱང་དེ་སྔ་འཛིན་རྙབ་བྱེད་ཚད་མང་དྲགས་པའི་རྐྱེན་གྱིས་ཙོང་ཉའི་ཐོན་ཁུངས་སྐབས་ཤིག་རིང་རྒྱུན་ཆད་པའི་ཚད་གཞི་དམའ་ཤོས་སུ་སླེབས་ཡོད། ཙོང་ཉའི་ཐོན་ཁུངས་སྲུང་སྐྱོབ་བྱེད་ཆེད། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་པོར་ཕྱོགས་བསྡུས་བཅོས་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། ཆུའི་སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། མཚོ་བཀག་ནས་ཉ་གསོ་བ་དང་། མི་ཐབས་ལ་བརྟེན་ནས་ཉ་གློད་པ། གཙང་པོར་ཕྱིར་ལོག་གི་འགྲོ་ལམ་བསྐྲུན་པ་སོགས་ཀྱི་སྲུང་སྐྱོབ་བྱ་ཐབས་སྤྱད་དེ་ཙོང་ཉའི་གྲངས་འབོར་སླར་གསོ་ཐུབ་པའི་འགན་ལེན་ནུས་ལྡན་བྱས། 2021ལོར་ཙོང་ཉའི་ཐོན་ཁུངས་ཏུན་ཁྲི་10.85བར་སླར་གསོ་བྱུང་བ་དང་། དེ་ནི་སྲུང་སྐྱོབ་ཀྱི་དུས་འགོའི་ལྡབ་42ཡིན།
ཙོང་ཉ་ཚོགས་པའི་“འཆི་ཁར་སླར་གསོན་”བྱུང་བའི་ཐོག་ནས་མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སླར་གསོའི་ལམ་བུ་བདེན་དཔང་བྱས་ཡོད། མིག་སྔར་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པ་དང་བསྟུན་ནས་མཚོ་སྔོན་པོའི་ས་ཁོངས་སུ་ཆུ་བྱའི་གྲངས་འབོར་ཁྲི་57.1ལྷག་ཙམ་ཟིན་པ་དང་། མཚོ་སྔོན་པོ་ནི་ཀྲུང་གོའི་དུས་བྱའི་རྒྱུད་པ་སྤེལ་མང་ཤོས་དང་ཁྱུ་ཚོགས་གཅིག་སྡུད་ཆེ་ཤོས་ཀྱི་རྒྱུད་སྤེལ་བྱ་ཡུལ་ཞིག་ཏུ་གྱུར་ཡོད། མཚོ་སྔོན་པོའི་སྲོག་ཆགས་རིགས་ཀྱི་དགོ་བའི་གྲངས་འབོར་300ཙམ་ཡང་མ་ཟིན་པར་སྟོངས་ལ་ཉེ་བ་ནས་སྲོག་ཆགས་2900ལྷག་བར་མང་དུ་ཕྱིན་ཡོད།
“སྒོ་རྒྱག་པ་ནི་སྔར་བས་ལེགས་པའི་སྲུང་སྐྱོབ་བྱེད་ཆེད་ཡིན།” མི་དང་རང་བྱུང་ཁམས་སྔར་བས་ཞི་མཐུན་ཡིན་པ། 2021ལོའི་ཟླ་3པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་ཚོགས་ཆེན་གཉིས་གྱི་རིང་ལ་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་རི་སྔོན་ཆུ་དྭངས་ནི་ནམ་ཡང་མཚོ་སྔོན་གྱི་དགེ་མཚན་དང་སྤོབས་པ་ཞིག་ཏུ་འགྱུར་བར་བྱས་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་བུ་ཕྲུག་གི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས་པའི་ནན་གསུང་གནང་།
བྱེ་གླིང་ནི་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དེ་སྔ་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་དམིགས་བསལ་གྱི་བྱེ་སྒང་མཛེས་ལྗོངས་ལ་བརྟེན་ནས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་མོད། འོན་ཀྱང་སྐྱེ་ཁམས་སྲུང་སྐྱོབ་ལ་འགྲན་སློང་ཡང་འཕྲད་ཡོད། “2017ལོའི་ཟླ་8པར་ང་ཚོས་བྱེ་གླིང་མཛེས་ལྗོངས་ཁུལ་སྒོ་རྒྱག་པ་དང་ཡུལ་སྐོར་གཉེར་སྐྱོང་བྱེད་སྒོ་སྤེལ་མཚམས་བཞག་སྟེ་མཛེས་ལྗོངས་ཁུལ་བཀག་སྡོམ་དང་བཅོས་སྒྲིག་བྱས་ཡོད།” མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཡུལ་སྐོར་དོ་དམ་ཁྲུའུ་ཡི་འགན་འཁུར་བས་ངོ་སྤྲོད་བྱས་དོན། “སྒོ་རྒྱག་པ་ནི་སྔར་བས་ལེགས་པའི་སྲུང་སྐྱོབ་བྱེད་ཆེད་ཡིན། ད་ལྟ་བྱེ་གླིང་ལྷིང་འཇགས་སུ་གྱུར་པ་དང་འདམ་ར་མང་དུ་ཕྱིན་ནས་ཆུ་བྱ་གང་སར་མཐོང་རྒྱུ་ཡོད། ང་ཚོས་ད་དུང་བྱེ་གླིང་དེ་རང་བྱུང་སློབ་གསོ་དང་སྐྱེ་ཁམས་ཉམས་ལེན་རྟེན་གཞིར་བསྐྲུན་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་རྩིས་ཡོད།”
ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་མཐའ་འཁྱོལ་བྱས་ཤིང་། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཡུལ་སྐོར་གསར་སྤེལ་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། “མཚོ་སྔོན་པོ་སྲུང་སྐྱོབ་ཆེན་པོ་དང་བཅོས་སྐྱོང་ཆེན་པོ་དང་མཉམ་འབྲེལ་ཆེན་པོ།” “མཚོ་སྔོན་པོར་སྲུང་སྐྱོབ་བྱེད། ང་ནི་དང་བླངས་པ་ཡིན་”ཞེས་པ་སོགས་ཀྱི་བྱེད་སྒོ་སྔ་རྗེས་སུ་སྤེལ་ནས། འདབ་ཆགས་གླིང་ཕྲན་གྱི་འདབ་ཆགས་ལ་ལྟ་བའི་རྟེན་གཞི་དང་། ཕུའུ་ཧྲི་དགོ་བ་ཚན་རིག་ཞིབ་འཇུག་དང་མྱུར་སྐྱོབ་ལྟེ་གནས། ཙོང་ཉ་ཕྱིར་རྐྱལ་ལྟ་སྐོར་རྟེན་གཞི་བཅས་སྐྱེ་ཁམས་སློབ་གསོའི་རྟེན་གཞི་གསུམ་བཙུགས་པ། ལྷ་མོ་མཚོ་ཁུག་གི་“ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་བསྟར་བའི་སློབ་གསོའི་རྟེན་གཞི་”ཧུར་ཐག་བཏོད་དེ། མཚོ་སྔོན་པོའི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་ཞིང་ཆེན་རིམ་པའི་ཚོད་ལྟ་ཁུལ་འཛུགས་སྐྲུན་མགྱོགས་སུ་བཏང་སྟེ་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ཡོད།
གསར་འགོད་པའི་ལག་བྲིས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། “མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་ལ། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ལ་གནས་ཡོད།” “མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་‘རྒྱལ་ཁབ་ཀྱི་དོན་ཆེན་ཞིག་ཡིན།’” གཙང་གསུམ་ཆུ་འགོ་ནས་ཁྲི་ལེབ་རི་བོ་དང་དེ་ནས་མཚོ་སྔོན་པོའི་བར་དུ། སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ནམ་ཡང་མཐོང་ཆེན་མཛད་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཁ་ཕྱོགས་གསལ་པོ་བསྟན་གནང་ཡོད། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་བཅོས་སྐྱོང་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་ཐོག་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་ལག་ལེན་བསྟར་བའི་བརྗིད་ཆེའི་སྟོབས་ཤུགས་གསོན་ཉམས་ལྡན་པར་མངོན་ཡོད།
གནམ་ལྷ་རྒྱལ་གྱིས་བསྒྱུར།