དང་པོ། བླ་བྲང་མཐའ་བའི་བྱུང་བ་མདོར་བསྡུས།
བླ་བྲང་མཐའ་བ་ནི་ཆོས་སྡེ་ཆེན་པོ་དགའ་ལྡན་བཤད་སྒྲུབ་དར་རྒྱས་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་ཞེས་པའམ་བླ་བྲང་བཀྲ་ཤིས་འཁྱིལ་དུ་འབོད་པའི་དགོན་ཆེན་འདི་ཉིད་ལ་བརྟེན་ནས་ཆགས་པ་ཡིན་ཞིང་། སྔ་མོའི་དུས་སུ་གཙོས་ཁ་གྱ་ཚོ་དྲུག་གི་རྩྭ་ས་ཡིན་རབས་ཀྱང་བཤད་སྲོལ་ཡོད། རབ་བྱུང་བཅུ་གཉིས་པའི་ས་མོ་གླང་སྟེ་སྤྱི་ལོ་1709ལོར། སོག་པོའི་རྒྱལ་པོ་ཇུན་ནང་གི་གདན་ཞུས་ལྟར། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་མཆོག་མདོ་སྨད་ལ་ཆིབས་བསྒྱུར་གནང་ཞིང་། ཁ་གྱ་ཚོ་དྲུག་གི་ཤིང་ཆ་དྲངས་པ་དང་ཆོས་འཁོར་དང་ཟམ་ཚ། རོང་ཆེན་བཅོ་བརྒྱད། རོང་བོ་ཡར་ནང་མར་ནང(དེང་གི་མཚོ་སྔོན་རེབ་གོང་རྫོང་གི་ཁོངས་གཏོགས) རྡོ་སྦིས། བིས་མདོ(དེང་གི་ཞོན་ཧྭ་རྫོང་གི་ཁོངས་གཏོགས) རྔ་བ། རྭ་མདོ། ཚ་ཁོག(དེང་གི་སི་ཁྲོན་ཟུང་ཆུ་རྫོང་གི་ཁོངས་གཏོགས) སོགས་ནས་འུ་ལག་བསྡུས་ཏེ་དགོན་པ་བཞེངས་འགོ་བརྩམས། ཀུན་མཁྱེན་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་མཆོག་དབུས་གཙང་ནས་མདོ་ཁམས་སྨད་དུ་ཕེབས་པའི་ལམ་བར་དུ་སི་ཁྲོན་རྭ་མདོ་ནས་འབྲོག་ཁྱིམ་དྲུག་རྗེས་སུ་ཁྲིད་ནས་བླ་བྲང་དགོན་པའི་སྒོ་ཕྱུགས་གཉེར་དུ་བཅུག །སྐུ་ཕྲེང་གཉིས་པའི་སྐུ་རིང་ལ་གཏན་སྡོད་བྱས་ཏེ་སོ་ནམ་གཉེར་ཞིང་། དགོན་པའི་འགྲམ་མམ་མཐར་གཏན་དུ་སྡོད་པས་མཐའ་བ་ཞེས་ཐོགས་ཤིང་ལོ་རྒྱུས་སུ་དེར་གཞི་འཛིན་མ་ཁྱིམ་དྲུག་ཟེར། སྐུ་ཕྲེང་རིམ་བྱོན་གྱིས་བླ་བྲང་དགོན་པའི་གཞི་ཁྱོན་རྒྱ་བསྐྱེད་ཅིང་གྲྭ་ཚང་མང་དུ་བཏབ་སྟེ་མདོ་སྔགས་རིག་གནས་མ་ལག་དང་བཅས་པ་ཁ་ཚང་བར་དགོན་སྡེ་འདིར་དྲངས་ཤིང་འཆད་ཉན་རྒྱས་པར་བཏང་བས་རབ་བྱུང་དགེ་འདུན་པའི་སྡེའང་མང་དུ་ཕྱིན། དགེ་འདུན་པར་བསོད་སྙོམས་མཐུན་རྐྱེན་སྦྱོར་བའི་ཕྱིར། མཚོ་སྔོན་མཚོ་ལྷོ་ཁུལ་ནས་འབྲོག་ཁྱིམ་བཅུ་གཅིག་མཐའ་བའི་ཉེ་འགྲམ་དུ་སྤོས་པ་ལ་མཐའ་བ་གོང་མ་ཞེས་འབོད་ཅིང་། གོང་ཞོལ་གྱི་སྡེ་པ་གཉིས་ལ་མཐའ་བ་གོང་མ་དང་ཞོལ་མ་ཞེས་སུ་གྲགས། དེ་མིན་ཀུན་མཁྱེན་སྐུ་ཕྲེང་སོ་སོའི་ཡབ་གཞིས་ཀྱང་སྡེ་ཆེན་པའི་མཐར་ཆགས་པར་མ་ཟད། དད་ལྡན་མང་པོའི་ཞིང་མཆོག་ཏུ་གྱུར་བས་དགེ་ལས་བྱེད་པར་ངང་གིས་འདུ་བས་མཐའ་བ་ནི་གོང་ཞོལ་གྱི་སྡེ་ཙམ་མ་ཡིན་པར་འདུས་སྡེའི་གྲངས་མང་དུ་ཕྱིན་ནོ། །
གཉིས་པ། མཐའ་བའི་བུ་མོའི་སྐྲ་ཕབ་ལུགས།
དུས་ཡུན་རིང་མོའི་སྤྱི་ཚོགས་ལོ་རྒྱུས་དང་རང་བྱུང་དཔལ་འབྱོར་སོགས་ཀྱི་ཤུགས་རྐྱེན་འོག །གནས་འདིའི་བཟའ་བཅའ་འགྲོ་འདུག་དང་གཉེན་སྟོན་དུས་ཆེན། གྱོན་གོས་རྒྱན་ཆ། ལུགས་སྲོལ་གོམས་གཤིས་སོགས་ཀྱི་ཐད་ནས་ཀྱང་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་རིག་གནས་ཤིག་གྲུབ་ཡོད། གནས་འདིའི་བརྗོད་ཀྱིས་མི་ལང་བའི་ཡུལ་སྲོལ་གོམས་གཤིས་ཀྱི་བང་མཛོད་ཁྲོད་ནས། བོད་རིགས་བུ་མོ་རྣམས་ན་ཚོད་17སོན་སྐབས་ཀྱི་སྐྲ་ཕབ་མཛད་སྒོ་ནི་བླ་བྲང་མཐའ་བ་ཡུལ་གྱི་མཚོན་བྱེད་རང་བཞིན་གྱི་ཡུལ་སྲོལ་རིག་གནས་ཤིག་ཡིན་པར་འདོད། ལར་འཛམ་གླིང་གི་མི་རིགས་མང་པོར་བུ་མོ་ནར་སོན་གྱི་མཛད་སྒོ་སྣ་ཚོགས་སྤེལ་སྲོལ་ཡོད་དེ། ལ་ལས་གྱོན་གོས་སྟེང་ནས་མཚོན་པར་བྱེད་ལ། ལ་ལས་སྐྲ་ཤད་དང་སྐྲ་རྒྱན་གྱི་སྟེང་ནས་མཚོན་པར་བྱེད་དེ། དཔེར་ན་དབྱི་རིགས་ཀྱི་སྨད་གཡོགས་བརྗེ་བའི་མཛད་སྒོ(换裙礼)དང་། མོའུ་ལི་ཁེ(穆里克人)རིགས་ཀྱིས་ཞྭ་མོ་གྱོན་ནས་ནར་སོན་པའི་མཚོན་རྟགས་བྱེད་ཅིང་། བླ་བྲང་མཐའ་བ་ཡུལ་གྱི་བོད་རིགས་བུ་མོའི་ནར་སོན་མཛད་སྒོ་ནི་སྐྲ་ཕབ་པའི་མཛད་སྒོ་ཡིན་ཞིང་། བུ་མོ་དག་མོ་ལོ་བཅུ་བདུན་ལོན་དུས་སྐྲ་ཉག་མ་ལན་བུ་བྱེད་པ་དང་སྐྲ་རྒྱན་སོགས་བཏགས་ནས་མཛད་སྒོ་དང་བཅས་སྟོན་མོ་རྒྱ་ཆེར་སྤེལ། ཉིན་དེ་ནས་བཟུང་། བུ་མོ་དེ་ནི་བྱིས་པའི་ན་ཚོད་སྨིན་ཞིང་དར་མའི་གྲས་སུ་ཚུད་པར་གོ་བས་མི་ཚེ་ཡི་དགའ་གྲོགས་སྒྲིག་པ་དང་གཉེན་སྒྲིག་སོགས་ཀྱི་ཐད་ལ་རང་དབང་ཐོབ་པ་སོགས་མདོར་ན། དར་མའི་སྤྱི་ཚོགས་ཀྱི་ལས་སྒོ་གང་སར་ཞུགས་ཆོག་པའི་འགོ་ཚུགས་པ་རེད། མཛད་སྒོ་འདི་ནི་ལོ་རེའི་ལུགས་རྙིང་གི་ཟླ་དང་པོའི་ཚེས་གསུམ་ཉིན་ལ་སྤེལ་ཞིང་། ཁྱིམ་ཚང་གིས་མཛད་སྒོ་ལེགས་འགྲུབ་ཡོང་བར་གྲ་སྒྲིག་སྣ་ཚོགས་སྔོན་ནས་བྱེད་དགོས།
གཅིག །གྲ་སྒྲིག་གི་བརྒྱུད་རིམ།
སྐྲ་ཕབ་པའི་ཉིན་མོ་དེར་བུ་མོ་ནི་མཛད་སྒོའི་མི་སྣ་གཙོ་བོ་ཡིན་ཕྱིར། མི་ལ་གོས་ཀྱིས་རྒྱན་ཞེས་པའི་དཔེ་ལྟར་ཡག་མོ་སྒོར་ངོམས་ཆེད་ཁྱིམ་ཚང་སོ་སོའི་རྒྱུ་འབྱོར་བའི་ཤོང་ཚད་ལྟར་གསེར་དངུལ་གཡུ་བྱུར་གྱི་རྒྱན་ཆ་དང་རྒྱན་གོས་རིགས་མང་པོས་བརྒྱན་ཅི་ཐུབ་བྱེད་ཅིང་། ཁྱིམ་ཚང་འཁོས་ཀ་ཞན་པའི་རིགས་ཀྱིས་རྒྱན་གོས་གཉེན་ཉེ་གྲོགས་པོ་དག་ལ་གཡར་ཏེ་མཛེས་པར་བརྒྱན་པས་བུ་མོར་མཛེས་རྒྱན་སྤྲས་པ་ནི་བྱེད་སྒོའི་རྣམ་གྲངས་ཤིག་གོ །
ལོ་སར་གྱི་ཚེས་གཉིས་པ་ནས་བཟུང་བུ་མོ་ལ་ཡག་ལས་ཀྱི་འགོ་རྩོམ་པ་ཡིན་ཞིང་། ཉིན་དེའི་ཞོགས་པར་ཨ་མས་སྔ་མོ་ནས་མཆོད་འབུལ་དང་བཅས་རང་གི་བུ་མོར་དུས་དེ་རིང་ནས་བཟུང་ས་གར་སོང་བཀྲ་ཤིས་ཕྱྭ་གཡང་འཁོར་ཞིང་ལས་ཅི་བསྒྲུབ་ལེགས་འགྲུབ་བདེ་ལམ་ཡོང་བའི་སྨོན་ལམ་བཏབ་སྟེ། བུ་མོར་གཞན་ལ་གུས་བཀུར་དང་མི་ལ་རྒྱུ་འབྲས་སྲུང་བ། བསམ་པ་ཡར་སེམས་བཅངས་རྒྱུ་སོགས་འཇིག་རྟེན་མི་ཆོས་དང་དམ་པའི་ལྷ་ཆོས་གཉིས་ཀྱི་ཐད་ནས་ཁ་ཏ་སློབ་གསོ་དང་བཅས་སྔར་ནས་གདན་ཞུས་ཡོད་པའི་སྐྲ་སླས་མགོ་བར་སྒུག་ནས་སྡོད་པ་རེད། མགོ་བ་ནི་བུ་མོའི་སྐྲ་སླས་མཁན་ཡིན་ལ། དེ་ནི་རྟགས་རྟེན་འབྲེལ་མང་བོ་ཞིག་ལ་གཞིགས་ནས་གདམ་གསེས་བྱས་པ་ཡིན། ཕ་འཛོམས་མ་འཛོམས་དང་བྱིས་པ་བུ་ཕྲུག་གིས་མཐའ་སྐོར་བ་དང་ཁྱིམ་མི་མཐུན་པ་སོགས་རྟེན་འབྲེལ་མང་པོར་དམིགས་ནས། བུ་མོའི་མ་འོངས་པའི་ཁྱིམ་གཞིས་སུ་བཟའ་མི་ཀུན་གྱི་ལུས་ལ་ན་ཚ་མེད་པ་དང་ལོ་ཕྱུགས་གཡང་ཁ་འཕེལ་བའི་རེ་སྨོན་ཞིག་གི་ཚུལ་དུ་བདམས་པ་ཡིན། བུ་མོའི་སྐྲ་ཚུགས་ཀྱི་ཐད་ནས། དང་ཐོག་སྐྲ་སླས་མ་ཐག་སྤྱི་གཙུག་ནས་སྐྲའི་སུམ་ཆ་གཅིག་ཟིན་པའི་ཆ་ནས་སྐྲ་ལན་ཟླུམ་པོ་ཞིག་བཀར་ཏེ་སྤྱི་གཙུག་ཏུ་གོང་བུ་བྱས་ནས་བཞག་རྗེས། རིམ་བཞིན་ལོགས་གཉིས་སུ་རལ་པ་ཆུང་ངུ་མང་པོ་སླས། སྐབས་དེར་སྐྱེས་མ་མང་པོ་ཡོང་སྟེ་རལ་པ་སླས་རོགས་བྱེད་ཞོར་ཁ་བརྡ་ལ་འཇུག་ཅིང་། ལ་ལས་རང་ཉིད་གྱི་ནར་སོན་མཛད་སྒོའི་ཉམས་མྱོང་དང་མྱོང་ཚོར་བཤད་པ་དང་ལ་ལས་མོ་རང་ནར་སོན་པར་རྟེན་འབྲེལ་ཞུ་བ་སོགས་གང་ལྟར་ཁྱིམ་ཚང་ཡོངས་ནི་མཛའ་མཐུན་བདེ་སྐྱིད་ཀྱི་མཁའ་དབུགས་ཁྲོད་སིམ་ཡོད། སྐྲའི་ལན་བུ་སླས་ཚར་རྗེས་མགོ་བ་རྣམས་ཀྱིས་དར་སྐུད་ནག་པོས་སྐྲའི་ལན་རྔ་བསྐྱངས་ནས་སྐྲ་མཐུད་སླས་པ་དང་ཐོད་པའི་དཀྱིལ་ནས་ལོགས་གཉིས་སུ་བཀར་ཏེ་མདུན་ནས་རྒྱབ་ཏུ་རིམ་བཞིན་བསྟར་བ་དང་། འགྲམ་ནས་རྩིས་པའི་ལན་བུ་གཉིས་པ་དང་གསུམ་པའི་སྐྲ་མཐུད་ལ་བལ་སྐུད་དཀར་པོ་ཞིག་འདོགས་ཤིང་། འདི་ཡིས་བུ་མོའི་ངང་རྒྱུད་བལ་ལྟར་འཇམ་ཞིང་དཀར་བ་སོགས་མཚོན།
དེའི་འཕྲོར། གནམ་ལོ་གསར་ཚེས་ཀྱི་ཉིན་གསུམ་པའི་ཉི་མ་རྩེ་ཤར་གྱི་སྔོན་ལ་མགོ་སླས་མཁན་གྱིས་ལན་བུ་ཚང་མ་རིམ་པ་བཞིན་གསུམ་ནས་ལྔ་བར་མཉམ་གཅིག་ཏུ་བྱས་ཏེ་ཚགས་བསྟར་དགོས་པ་དང་། སྤྱི་གཙུག་གི་ཟླུམ་དབྱིབས་ལྟ་བུའི་སྐྲ་དེ་ལ་ལན་ཕྲུག་ཟེར་ཞིང་དགུ་ལས་ཤིག་སླས་དགོས་པ་རེད། ལན་ཕྲུག་གི་སྟེང་ནས་སྐེ་མཚམས་སུ་རལ་ཕྲུག་འདོགས་པ་དང་། རལ་ཕྲུག་གོང་གི་དགུ་སླས་གསེབ་ཏུའང་བལ་དཀར་པོ་ཞིག་འཇོག་སྲོལ་ཡོད་ལ། བཤད་སྲོལ་ལ་དེ་ནི་བུ་མོའི་མིང་པོའི་སྐལ་ཡིན་ཟེར། རལ་སྲུག་ནི་འགོ་སྣམ་དམར་པོ་ཞེང་དུ་ཚུན་གཉིས་ཙམ་དང་རིང་ཐུང་ལ་ཁྲེ་ཙེ་གང་དང་ཕྱེད་ཀ་ཡོད་མེད་ཀྱི་སྟེང་དུ་སྤོས་ཤེལ་ལ་སྒྲོག་རིལ་གཡུ་དང་བྱུ་རུ་བཅུ་ལྷག་བསྒྲིགས་ནས་བརྒྱན་ཡོད་པ་ཞིག་ཡིན། དེའི་རྗེས་སུ་ལན་བུ་ཚང་མ་དང་རལ་ཕྲུག་གཉིས་ལྷན་ཅིག་ཏུ་རལ་པའི་ནང་དུ་བསྡུ་དགོས། རལ་པའི་ཞེང་ནི་ཚུན་དགུ་དང་རིང་ཐུང་ལ་ཁྲེ་ཙེ་གཉིས་ཙམ་ཡོད་པའི་མགོ་སྣམ་དམར་པོའི་མཐའ་རྒྱན་ནག་པོ་ཡིན་ལ། དེའི་སྟེང་དུ་དངུལ་སྒོར་ལྔ་བཅུ་ང་དྲུག་བཞི་སྒྲིག་བྱས་པ་དང་སྟེང་ཕྱོགས་ཀྱི་དཀྱིལ་དུ་དངུལ་དུང་ཞིག་ཡོད། རལ་ཕྲུག་དང་རལ་པ་གཉིས་སྦྲེལ་བྱེད་ཀྱི་རལ་སྒྲོག་ཚང་མའང་དངུལ་སྒོར་ཡིན་པ་དང་ལན་བུ་ཚང་མ་རལ་པའི་ནང་དུ་བསྡུ་སྐབས་རལ་སྒྲོག་རེ་རེའི་བར་དུ་ལན་བུ་བཅུ་ཙམ་མཉམ་གཅིག་ཏུ་བསྡུ་དགོས་པ་ཞིག་ཡིན། རལ་པའི་ཆེས་འོག་དུ་དར་སྐུད་དམར་པོའི་ཙོར་ལ(སྣ་ཚར)འཕངས་ལ། སྐེ་རགས་བཅིངས་པའི་སྐབས་སུ་སྐེ་རགས་ཀྱི་སྣེ་གཉིས་རལ་པའི་གཞོགས་གཉིས་སུ་འཕེན་དགོས། དེ་ལྟར་གོས་ཚ་རུ་གྱོན་ཞིང་། རྣ་རྒྱན་དང་མཛུབ་རྒྱན་སོགས་རེ་རེ་ཐོགས་རྗེས། ཚར་ཞྭ་ཏོག་ཅན་སྣ་ཚར་གྱིས་བརྒྱན་པ་ཞིག་གོན་ཏེ་མཛད་སྒོའི་དུས་སྟོན་དུ་ཕེབས་པར་གྲ་སྒྲིག་བྱེད།
གཉིས། གཉེན་ཉེ་སྤུན་མཆེད་རྣམས་ལ་འཚམས་འདྲིར་ཆས་པ།
བོད་མི་རིགས་ཀྱི་དམངས་སྲོལ་མང་པོ་ནི་མཛད་སྒོ་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་ཡིན་ལ། མཛད་སྒོ་དེ་དག་ལ་སྤྱི་ཚོགས་བདེ་འཇགས་དང་མིའི་བར་གྱི་མཛའ་མཐུན་ཟམ་པ་འབྲེལ་བའི་ནུས་པ་ཆེན་པོ་ཞིག་ལྡན། བོད་མིའི་འདུ་ཤེས་སུ་རྒན་བཀུར་ཆུང་བྱམས་དང་གྲོགས་ཕུ་ནུའི་བར་ལ་ཕྱི་ཐག་རིང་བ་སོགས་ནི་མི་ཆོས་ཀུན་སྤྱོད་ཐད་ཀྱི་བླང་བྱ་གཙོ་བོ་ཡིན་པས། བླ་བྲང་མཐའ་བའི་ཡུལ་ཀྱི་བུ་མོའི་སྐྲ་ཕབ་མཛད་སྒོའི་སྐབས་སུ་བུ་མོ་དེ་ཁྱིམ་མི་གཉེན་ཉེ་དག་ལ་འཚམས་འདྲི་རུ་འགྲོ་བའི་ལུགས་སྲོལ་ཡོད།
ཚེས་གསུམ་གྱི་ཞོགས་པར་བུ་མོར་མཛེས་སྤྲས་ཡག་ལས་ཀྱི་གྲ་སྒྲིག་བྱས་ཚར་རྗེས། བུ་མོས་མཆོད་ཁང་དུ་ལྷ་དཀོན་མཆོག་གསུམ་ལ་གསོལ་འདེབས་སྐྱབས་འཇུག་ཞུ་བ་དང་ཨ་མས་བསྐོལ་བའི་འོ་ཇ་དཀར་པོ་སྟེ་དཀར་ཡོལ་འབྲུག་རིས་ཅན་ཞིག་གི་ཁར་བལ་དཀར་ཞིག་བཏགས་ཏེ་མཆོད་གསུམ་དང་བཅས་འཐུང་། དེ་ནས་ལོ་བཅུ་གཉིས་ལོན་པའི་བག་རོགས་ཀྱི་སྣེ་ཁྲིད་འོག །ལུག་ཤ་རྩུབ་ལག་ཅིག་འཁྱེར་ནས་སྔོན་མར་ཤ་ཚ་གཉེན་ཉེའི་ཁྲོད་ཀྱི་རྒན་པོ་ཚོར་འཚམས་འདྲིར་འགྲོ་བ་དང་། རིམ་བཞིན་གྲོགས་པོ་དང་ཁྱིམ་མཚེས་དག་གི་གདན་ཞུ་ལྟར་ཁྱིམ་ཚང་རེ་རེའི་ཁྱིམ་དུ་འགྲོ་སྲོལ་ཡོད། སྐབས་དེར་བལ་རོགས་ཀྱི་འགན་འཁུར་ནི་བུ་མོའི་ལྭ་བ་དང་སྐེ་རགས་སོགས་ལྟ་རྟོག་དང་བདག་སྐྱོང་ལེགས་པོ་བྱེད་ཞོར་གཞན་གྱིས་རྟེན་འབྲེལ་ཚུལ་དུ་བྱིན་པའི་གོས་ལྭ་དང་སྒོར་མོའི་ཁ་གྲངས་ཀྱང་ཡིད་ལ་བཟུང་ནས་ཕྱིར་ཡོང་དུས་ཁྱིམ་བདག་ལ་རྩིས་སྤྲོད་དགོས། དེའི་ཕྱིར་རྒྱུན་ལྡན་དུ་བལ་རོགས་ཀྱང་རྣམ་རིག་དྭངས་མིན་གྲུང་མིན་སོགས་ལ་གཞིགས་ནས་གདམ་དགོས།
སྐྲ་ཕབ་བུ་མོའི་ཁྱིམ་ཚང་གིས་ཀྱང་གཉེན་ཉེ་དང་གྲོགས་པོ། དེ་མིན་བུ་མོར་ལེགས་སྐྱེས་ཕུལ་མཁན་གྱི་ཁྱིམ་ཚང་དང་མི་སྒེར་ལ་བཀའ་དྲིན་ཞུ་ཆེད་དུ་ཚེས་གསུམ་ཉིན་ནས་མགྲོན་འབོད་བྱས་ཏེ་གླུ་ལེན་གར་རྩེད་ཀྱིས་བུ་མོ་ནར་སོན་པའི་མཛད་སྒོ་དང་སྟོན་མོ་རྒྱ་ཆེན་སྤེལ་བར་བྱེད། གཞན་ཡང་སྟོན་མོའི་སྐབས་སུ་མགྲོན་པོས་ཕུལ་བའི་ལེགས་སྐྱེས་དག་ལས་དངོས་པོ་རྣམས་ཁྱིམ་ཚང་གི་ཁྱམས་ར་ནས་བཤམས་པ་དང་། གོས་དང་སྐེ་རགས་དག་ཐག་རྡང་ལ་འཕངས་ཏེ་མགྲོན་པོ་དག་ལ་རང་ཁྱིམ་ཚང་གི་ཁྱིམ་སྟོབས་དང་མཛའ་འབྲེལ་གྱི་ནུས་པ་ངོམ་སྲོལ་ཡོད།
གསུམ་པ། སྐྲ་ཕབ་ལུགས་ཀྱི་ད་ལྟའི་གནས་བབ།
དམངས་སྲོལ་དེེས་མི་རིགས་ཀྱི་སྤྱི་ཚོགས་དང་དཔའ་འབྱོར། ཐོན་སྐྱེད་དང་ལོ་རྒྱུས། མི་ཆོས་དང་སློབ་གསོ་སོགས་མཚོན་པར་བྱེད་པའི་རིག་གནས་ཀྱི་སྙིང་བཅུད་ཅིག་རྒྱུད་འཛིན་དང་དར་སྤེལ་བྱས་ཡོད། ཡིན་ཡང་ལོ་རྒྱུས་ཀྱི་འཕེལ་རྒྱས་རིང་མོའི་ནང་དུ། མི་རབས་ནས་མི་རབས་བར་བརྒྱུད་སྤེལ་བྱས་པའི་རིག་གནས་ཀྱི་ཤུལ་བཞག་རྩ་ཆེན་དེ་དག་ཤེས་མེད་ཚོར་མེད་ལ་བོར་བརླག་ཏུ་སོང་བས་མ་ཚད། སྔར་ཡོད་སྲོལ་རྒྱུན་གྱི་རིག་གནས་སྙིང་བཅུད་དང་སྤྱི་ཚོགས་ཀྱི་བྱེད་ནུས་དག་རྦད་དེ་ཉམས་དམས་སུ་འགྲོ་བཞིན་མཆིས།
དེང་སྐབས་བླ་བྲང་མཐའ་བའི་ཡུལ་གྱི་བོད་རིགས་བུད་མེད་ཀྱི་སྐྲ་ཕབ་ལུགས་འདི་ལའང་སྣང་ཚུལ་འདི་རིགས་ཀྱི་རྗེས་ཤུལ་གསལ་པོ་མཐོང་ཐུབ་སྟེ། གཅིག་ནས་ད་ལྟའི་དེང་རབས་རིག་གནས་ཀྱི་རླབས་རྒྱུན་ཆེན་མོའི་འོག །བྱིས་པ་རྣམས་ལ་ཆུང་དུས་སྲོལ་རྒྱུན་རིག་གནས་ཀྱི་བབ་ཆགས་བཞག་པ་མི་ཟབ་པས། དེ་འདྲའི་འཛད་སྒོ་ཞིག་སྤེལ་པའི་རིག་གནས་སྙིང་པོར་རྒྱུས་ལོན་མེད་པར། དཀའ་ཚེགས་ཆེ་བ་དང་། ཐ་ན་མགོ་སླས་པ་དང་རྒྱན་གོས་སྤྲས་པ་ནི་དཀའ་བའི་ལས་ཤིག་དང་ངོ་ཚ་བ་སོགས་ལུགས་མེད་ཀྱི་རྒྱུ་རྐྱེན་དག་ལ་ཁ་གཡར་ནས་སྐྲ་མི་ཕབ་པ་དང་། གཉིས་ནས་བུད་མེད་རྣམས་ཀྱིས་སྐྲ་རིང་འཇོག་པའི་སྲོལ་ནི་རྩ་བ་ནས་དོར་ཏེ། མགོ་མེད་ལུགས་མེད་དང་རང་སེམས་གང་འདོད་ཀྱིས་སྐྲ་བྲེགས་པས། སྐྲ་ཕབ་སྐབས་སྐྲའི་རིང་ཐུང་གིས་མི་འདང་བ་སོགས་ཀྱི་སྣང་ཚུལ་གྱིས་ཁྱིམ་མི་རྒན་པ་རྣམས་ནི་ཡ་ང་བའི་གནས་སུ་སྐྱེལ། མི་རིགས་སུ་འདྲ་ཞིག་ཡིན་རུང་དེས་གསར་སྐྲུན་བྱས་པའི་རིག་གནས་ཤུལ་བཞག་ཚང་མ་ནི་མིའི་རིགས་ཀྱི་རིག་གནས་ཤུལ་བཞག་གི་གྲུབ་ཆ་ཡིན་པར་བརྟེན། ཆེ་ཕྱོགས་ནས་འཛམ་གླིང་རིག་གནས་ཀྱི་ཆེད་དུའམ་ཡང་ན་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་དར་སྤེལ་དང་རྒྱུན་འཛིན་གྱི་ཆེད། བོད་མི་ཚང་མས་རང་རང་ཡུལ་ནས་བློ་རྒྱུ་མ་ཁོག་ཏུ་བཅུག་ཏེ། ཐོག་མར། རང་སྟེང་ནས་མིག་དཔེ་ལེགས་པོ་ཞིག་འཇོག་ཅི་ཐུབ་ལ་འབད་དགོས་ཞིང་། ལྷག་པར་དུ་མི་རབས་གསར་པ་རྣམས་ཀྱི་མི་ཚེ་ཡི་དགེ་རྒན་དང་པོ་སྟེ་ཁྱིམ་ཕ་མ་དང་མི་རིགས་ཀྱི་སློབ་གསོའི་ལས་དོན་ལ་འགན་གཙང་བཞེས་གནང་བཞིན་པའི་དགེ་བའི་བཤེས་གཉེན་དག་གིས་ནམ་རྒྱུན་གྱི་འཚོ་བ་དང་སློབ་གསོའི་བརྒྱུད་རིམ་ཁྲོད་ནས། དཀར་པོའི་ཆོས་ལ་ནན་ཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་གྱི་ཚུལ་དུ་བག་ཆགས་ལེགས་པོ་ཞིག་འཇོག་ཨེ་ཐུབ་བྱ་རྒྱུ་གལ་ཆེ་ནང་གི་དོན་ཆེན་ཡིན་ནོ། །
བཞི་པ། སྐྲ་ཕབ་པའི་རིག་གནས་དོན་སྙིང་།
མི་ཞིག་ནར་སོན་ཏེ་སྤྱི་ཚོགས་ཀྱིས་ཁོ་ལ་སྤྲད་པའི་དབང་ཆ་དང་འགན་འཁྲི་སོགས་ཁུར་ཐུབ་ཚེ། ད་གཟོད་ཁོ་རང་ཉིད་ནར་སོན་ཡོད་པ་མཚོན་ཐུབ་ལ། སྐབས་དེར་མི་དམངས་ཀྱིས་ཆོ་ག་སྣ་ཚོགས་བསྒྲུབས་ཏེ་ཁོ་མོ་མི་ཚེ་ཡི་དུས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན། འདི་ནི་ང་ཚོས་བརྗོད་པའི་སྐྲ་ཕབ་ལུགས་ཡིན་ལ། མི་ཚེ་ཡི་མཛད་སྒོ་མང་པོའི་ཁྲོད་ཀྱི་སྟོན་མོ་གལ་ཆེན་ཞིག་དང་། མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་ཁྱད་དུ་འཕགས་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན། དེར་མ་ཟད་ན་གཞོན་རྣམས་ལ་སློབ་གསོ་གཏོང་བའི་བྱ་ཐབས་ཤིག་ཀྱང་ངོ་། །
སྐྲ་ཕབ་ལུགས་ལྟ་བུའི་ཁྱད་འཕགས་ཀྱི་རིག་གནས་མངོན་ཚུལ་འདིའི་ནང་དུ། མི་རིགས་ཤིག་གི་བསམ་བློའི་དུངས་བ་འདུས་ཡོད་ལ། དེའི་རིག་གནས་ཀྱི་རིན་ཐང་ནི་སྐྲ་ཕབ་པ་དངོས་ལས་གལ་ཆེན་ཞིག་ཡིན། འཛམ་གླིང་གོ་ལ་ཟླུམ་པོ་འདིའི་སྟེང་དུ། སྐྲ་ཕབ་ལུགས་འདྲ་མིན་སྣ་ཚོགས་ཡོད་ལ། ང་ཚོས་དེར་འདུས་པའི་ཐུན་མོང་གི་རིན་ཐང་འཁྱེར་ཕྱོགས་དང་སྤྱི་ཚོགས་ཀྱི་ཚད་གཞི་ཞིག་མཐོང་ཐུབ་སྟེ། སྐྲ་ཕབ་ལུགས་ཀྱི་རིག་གནས་སྙིང་པོ་གཤམ་གྱི་ཕྱོགས་འགའ་ནས་མངོན་ཐུབ།
གཅིག །སྐྲ་ཕབ་ལུགས་ཀྱི་རིག་གནས་དོན་སྙིང་ནི་དཔེ་མཚོན་གསལ་བྱེད་ཀྱི་རང་བཞིན་ལྡན་པ་དེའོ། །དེར་གོས་རྒྱན་ཆ་ལུགས་དང་མགོ་རྒྱན་སོགས་རྒྱན་ཆ་སྣ་ཚོགས་ཀྱིས་བརྒྱན་པས། མི་རིགས་ངོས་འཛིན་དང་། ཐོབ་ཐང་ངོས་ལེན་སོགས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། དེ་མིན་མི་རིགས་རིག་གནས་ཀྱི་མངོན་ཚུལ་ཞིག་དང་། སྤུན་ཟླ་གཞན་དག་གིས་རང་ཉིད་མི་རིགས་དེའི་ནང་གི་ཐོབ་ཐང་ག་འདྲ་ཞིག་ཡིན་པ་ལ་ངོས་འཛིན་བྱེད་པའི་མཚོན་རྟགས་ཤིག་ཀྱང་ཡིན། དེ་བས་འདི་འདྲའི་སྐྲ་ཕབ་ལུགས་ལ་མི་རིགས་ངོས་འཛིན་དང་མི་རིགས་ཀྱི་སྟོབས་ཤུགས་གོང་བུར་གཅིག་ཏུ་བསྒྲིལ་ཐུབ་པའི་རང་བཞིན་ལྡན་ནོ། །
གཉིས། སྐྲ་ཕབ་སློབ་གསོ་ནི་སྐྲ་ཕབ་སྟོན་མོའི་ཁྲོད་ཧ་ཅང་གལ་ཆེ་བའི་རིག་གནས་ཀྱི་ནང་དོན་ཞིག་ཡིན་ལ། སྐྲ་ཕབ་པ་པོས་ངེས་པར་དུ་ཉམས་ཚོད་སྣ་ཚོགས་བརྒྱུད་དགོས་པ་དང་། སྦྱོང་པའང་ནན་མོ་བྱེད་དགོས། དེ་མིན་འབྲེལ་ཡོད་ཀྱི་རིག་གནས་ཤེས་བྱ་དང་ལག་རྩལ་གསོ་སྐྱོང་། མ་འོངས་པར་བྱིས་པ་བཙའ་བ་དང་གཉོར་བ། ཁྱིམ་ལས་བསྒྲུབ་པ་སོགས་ཁྱིམ་བདག་མས་བསྒྲུབ་དགོས་པའི་ལས་ཀ་སོགས་ལའང་གྲ་སྒྲིག་བྱེད་དགོས། འདི་དང་འདི་ལྟ་བུའི་ཉམས་ཚོད་ནན་མོ་བརྒྱུད་དེ། སྐྲ་ཕབ་པ་པོ་སེམས་ཁམས་ཀྱི་སྟེང་ནས་ནར་སོན་པ་དང་། སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་ངོས་ལེན་བྱེད་ཐུབ། རང་ཉིད་ཀྱི་གོ་གནས་གསལ་ཐག་ཆོད་པའི་སྤྱི་ཚོགས་ཀྱི་མི་ཞིིག་ཏུ་གྱུར་ཚེ། ད་གཟོད་དར་མའི་སྤྱི་ཚོགས་ཀྱི་གྲས་སུ་ཚུད་པ་ཡིན།
གསུམ། སྐྲ་ཕབ་ལུགས་ལ་བལྟས་ནས་བརྗོད་ན། སྤྱི་ཚོགས་གང་འདྲ་ཞིག་ཡིན་རུང་། དེའི་སློབ་གསོ་ནུས་པ་གཅིག་མཐུན་ཡིན་ཏེ། མིའི་གྲལ་རིམ་དང་ཐོབ་ཐང་། གོ་གནས་སོགས་ལ་ཁག་ཐེག་དང་། ཁེ་དབང་དང་འགན་འཁྲི་སོགས་ཀྱང་དེ་མཐུན་གྱིས་སྤྲོད་བཞིན་ཡོད། དེ་མིན་སྐྲ་ཕབ་པ་ནི་བརྒལ་མཚམས་ཞིག་གམ་ས་རྟགས་གལ་ཆེན་ཞིག་སྟེ། དེ་ལས་བརྒལ་བ་ནས་བཟུང་ན་ཚོད་སྨིན་པའི་དོན་ཡིན་ལ། གལ་ཏེ་བྱིས་པ་ཨ་མའི་ལྟེ་བ་ལས་བྲལ་བ་ནི་རང་བྱུང་སྐྱེ་དངོས་རང་བཞིན་གྱི་སྣང་ཚུལ་ཞིག་ཡིན་ན། སྐྲ་ཕབ་ལུགས་འདི་ནི་སྤྱི་ཚོགས་ཁྲོད་ཀྱི་མི་སྒེར་གྱི་རིག་གནས་རང་བཞིན་གྱི་མཚོན་རྟགས་ཞིག་གོ།
སྐྲ་ཕབ་པའི་དམིགས་ཡུལ་གཙོ་བོ་ནི་ལོ་ཆུང་རྣམས་དར་མར་གྱུར་བའི་འདུ་ཤེས་ཤིག་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཞིག་བསྐྲུན་རྒྱུ་དེ་ཡིན་ལ། དེའི་རྗེས་ནས་བཟུང་། རང་ཉིད་ཀྱི་སྐད་ཆ་བརྗོད་སྟངས་དང་བསམ་བློ་གཏོང་སྟངས་བཅས་དར་མ་དང་མཐུན་དགོས་ལ། དར་མའི་བྱ་སྤྱོད་བཞིན་དུ་རང་ཉིད་ལ་མཛུབ་སྟོན་དང་ཚོད་འཛིན་བྱེད་པའོ། །སྐྲ་ཕབ་པ་དེ་ནི་ལོ་ཆུང་བྱིས་པ་ནས་བསམ་ཤེས་དར་མ་ཞིག་ཏུ་བརྒལ་བ་ལེགས་གྲུབ་བྱུང་བ་ཡིན་པ་མངོན་པར་གསལ་ཐུབ་ལ། དེ་མིན་ཁོ་མོ་ནི་སྤྱི་ཚོགས་ཀྱི་ཁོངས་མི་ཞིག་དང་དེར་བསྟུན་གྱི་ཐོབ་ཐང་དང་འགན་འཁྲི་སོགས་ཀྱང་ཡོད་པས། ངེས་པར་དུ་རང་ཉིད་ཀྱིས་སྤྱི་ཚོགས་འགན་འཁྲི་དེ་ཁུར་དགོས་སོ། །