ལོ་ངོ་བརྒྱའི་གོང་ལ། ཟླ་བཅུ་པའི་གསར་བརྗེའི་སྒྱོགས་སྒྲ་གྲགས་པ་དེས་ཀྲུང་གོར་མར་ཁེ་སི་ལེ་ཉིན་རིང་ལུགས་བསྐྱལ་ཡོང་བ་རེད། ཀྲུང་གོའི་སྔོན་ཐོན་མི་སྣས་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་བདེན་དོན་ལས་ཀྲུང་གོའི་གནད་དོན་ཐག་གཅོད་པའི་ཐབས་ཤེས་རྙེད་པ་རེད། ཉེ་རབས་རྗེས་ཀྱི་ཀྲུང་གོའི་སྤྱི་ཚོགས་ལས་འགུལ་དྲག་པོ་དང་། ཀྲུང་གོའི་མི་དམངས་ཀྱིས་བཀས་བཀོད་རྒྱུད་འཛིན་གྱི་དབང་སྒྱུར་དང་ཕྱི་ནས་ཡོང་བའི་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དྲག་པོ། མར་ཁེ་སི་ལེ་ཉིན་རིང་ལུགས་ཀྲུང་གོའི་བཟོ་པའི་ལས་འགུལ་དང་ཟུང་འབྲེལ་བྱེད་པའི་གོ་རིམ་བཅས་ཀྱི་ནང་དུ། 1921ལོར་ཀྲུང་གོའི་གུང་ཁྲན་ཏང་སྐབས་བསྟུན་གྱིས་དབུ་བརྙེས་པ་རེད། དུས་དེ་ནས་བཟུང་། ཀྲུང་གོའི་མི་དམངས་ཀྱིས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་འཐོབ་རྒྱུ་དང་། རྒྱལ་ཁབ་སྟོབས་འབྱོར་དང་མི་དམངས་བདེ་སྐྱིད་ལྡན་རྒྱུ་དོན་གཉེར་བྱེད་པའི་འཐབ་རྩོད་ལ་གཞི་རྐང་ཡོད་པར་གྱུར་པ་དང་། ཀྲུང་གོའི་མི་དམངས་བསམ་པའི་ཐོག་ཏུ་གཞན་དབང་གི་གནས་ནས་རང་དབང་དུ་གྱུར་པ་རེད།
ཀྲུང་ཧྭ་མི་རིགས་ལ་ལོ་ངོ་ལྔ་སྟོང་ལྷག་གི་ཤེས་དཔལ་གྱི་ལོ་རྒྱུས་ལྡན་ཞིང་། འོད་སྟོང་འབར་བའི་ཀྲུང་ཧྭའི་ཤེས་དཔལ་བསྐྲུན་ཡོད་ལ། མིའི་རིགས་ལ་བྱས་རྗེས་གཟེངས་སུ་ཐོན་པ་བཞག་ཡོད་པས་འཛམ་གླིང་ཐོག་གི་མི་རིགས་རླབས་ཆེན་ཞིག་ཆགས་པ་རེད། ཉལ་ཐའི་དམག་འཁྲུག་གི་རྗེས་སུ། ཀྲུང་གོ་ནི་ཕྱི་ནང་རྐྱེན་ངན་བར་ཆད་ཀྱི་མུན་པས་གཡོགས་པའི་གནས་སུ་གྱར་ཞིང་། ཀྲུང་གོའི་མི་དམངས་ཀྱིས་ཟིང་འཁྲུག་བསྟུད་མར་ལངས་པ་དང་། རི་ཀླུང་གཏོར་སྐྱོན་ཐེབས་པ། མི་དམངས་འཚོ་ཐབས་བྲལ་བ་བཅས་ཡ་ང་བའི་སྡུག་བསྔལ་ཧ་ཅང་ཆེན་པོ་མྱངས་པ་རེད། མི་རིགས་བསྐྱར་དར་ཡོང་ཕྱིར་ལྷག་བསམ་དཀར་ལ་མཁས་མཛངས་ལྡན་པའི་སྐྱེས་བུ་བགྲང་ལས་འདས་པས་དཔའ་ངར་ཞུམ་མེད་དང་སྔ་འགྱེལ་རྗེས་མཐུད་ཀྱིས་དགའ་སྐྱོ་གཉིས་ལྡན་གྱི་འཐབ་རྩོད་བྱས་ཤིང་ཚོད་ལྟ་འདྲ་མིན་སྣ་ཚོགས་སྤེལ་ཡོད་མོད་ཀྱང་། མཐའ་མཇུག་ཀྲུང་གོ་རྙིང་པའི་སྤྱི་ཚོགས་ཀྱི་ངོ་བོ་དང་ཀྲུང་གོའི་མི་དམངས་ཀྱི་ཡ་ང་བའི་ལས་དབང་བསྒྱུར་ཐུབ་མེད།
ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་ནི་ཉེ་རབས་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་འདུན་རླབས་ཆེ་ཤོས་ཡིན། ཀྲུང་གོའི་གུང་ཁྲན་ཏང་གིས་རང་ཉིད་དབུ་བརྙེས་མ་ཐག་པ་ནས་གུང་ཁྲན་རིང་ལུགས་མངོན་འགྱུར་བྱ་རྒྱུ་དེ་ཏང་གི་ཕུགས་བསམ་ཆེ་ཤོས་དང་མཐར་ཐུག་གི་དམིགས་འབེན་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་དེ་གཡོལ་བ་མེད་པར་ཕྲག་ཏུ་ཁུར་ཏེ། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཀའ་སྤྱད་ལྷུར་ལེན་གྱི་འཐབ་རྩོད་བྱས་པ་དང་། བརྗིད་རྔམས་ཀྱི་རྩེར་སོན་པའི་ལོ་རྒྱུས་སྙན་ངག་བརྩམས་པ་རེད།
ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་ཀྲུང་གོའི་མི་དམངས་ཀྱི་གཉའ་ནས་གནོན་མཁན་བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩའི་རིང་ལུགས་བཅས་རི་བོ་ཆེན་པོ་གསུམ་མགོ་རྟིང་བསློགས་ཏེ་མི་རིགས་རང་བཙན་དང་། མི་དམངས་བཅིངས་འགྲོལ། རྒྱལ་ཁབ་གཅིག་གྱུར། སྤྱི་ཚོགས་བརྟན་བརླིང་བཅས་ཡོང་བར་བྱེད་དགོས་པ་དེ་ང་ཚོའི་ཏང་ལ་ངོས་ཟིན་ཟབ་མོ་བྱུང་ཡོད། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གྲོང་གསེབ་ལ་བརྟེན་ནས་གྲོང་ཁྱེར་གྱི་མཐའ་བསྐོར་བ་དང་། དྲག་ཤུགས་ཀྱིས་སྲིད་དབང་འཕྲོག་ལེན་བྱེད་པའི་གསར་བརྗེའི་འགྲོ་ལམ་ཡང་དག་པ་རྙེད་པ་དང་། ལོ་ངོ་28རིང་འཐབ་འཛིང་དྲག་པོ་བྱས་མཐར་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་ལེགས་འགྲུབ་བྱུང་བ་དང་། 1949ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པས། ཀྲུང་གོ་འདི་ཉིད་ལོ་ངོ་སྟོང་ཕྲག་འགའི་བཀས་བཀོད་རྒྱུད་འཛིན་གྱི་སྲིད་དབང་སྒེར་འཛིན་ནས་མི་དམངས་དམངས་གཙོའི་ཕྱོགས་སུ་འཕུར་མཆོང་རླབས་པོ་ཆེ་བྱས་པ་རེད།
ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་རང་རྒྱལ་གྱི་དོན་དངོས་དང་འཚམ་པའི་སྔོན་ཐོན་གྱི་སྤྱི་ཚོགས་ལམ་ལུགས་འཛུགས་དགོས་པ་དེ་ང་ཚོའི་ཏང་ལ་ངོས་ཟིན་ཟབ་མོ་བྱུང་ཡོད། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ལེགས་འགྲུབ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་འཁེལ་བྱས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་སྐུལ་སྤེལ་བཏང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་བྱུང་ཚུན་གྱི་སྤྱི་ཚོགས་འཕོ་འགྱུར་རྒྱ་ཆེ་ཤོས་དང་གཏིང་ཟབ་ཤོས་མངོན་པར་བསྒྲུབས་པས། དེང་རབས་ཀྲུང་གོ་ཡར་རྒྱས་གོང་འཕེལ་གཏོང་བའི་བྱ་བ་མཐའ་དག་ལ་རྩ་བར་གྱུར་པའི་ཆབ་སྲིད་ཀྱི་སྔོན་འགྲོའི་ཆ་རྐྱེན་བསྐྲུན་ཞིང་ལམ་ལུགས་ཀྱི་རྨང་གཞི་བཏིང་ནས། ཀྲུང་ཧྭ་མི་རིགས་ཉེ་རབས་སུ་རྒྱུན་ཆད་མེད་པར་ཉམས་རྒུད་དུ་འགྲོ་བ་ནས་ལས་དབང་ལ་རྩ་བ་ནས་ཁ་སྒྱུར་བྱུང་བ་དང་། དེ་ནས་བསྟུད་མར་སྟོབས་འབྱོར་མངའ་ཐང་རྒྱས་པའི་ཕྱོགས་སུ་སྐྱོད་པའི་འཕུར་མཆོང་རླབས་པོ་ཆེ་མངོན་འགྱུར་བྱུང་བ་རེད།
ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་དུས་རབས་ཀྱི་འཕེལ་རྒྱུན་དང་མཐུན་པ་དང་། མི་དམངས་ཀྱི་འདོད་བློ་དང་བསྟུན་པ། སྒྱུར་བཅོས་སྒོ་འབྱེད་བྱེད་ཕོད་པ་བཅས་བྱས་ཏེ། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཐོག་མཐའ་བར་གསུམ་དུ་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པའི་སྒུལ་ཤུགས་ཆེན་པོས་ཁེངས་དགོས་པ་དེ་ང་ཚོའི་ཏང་ལ་ངོས་ཟིན་ཟབ་མོ་བྱུང་ཡོད། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྒྱུར་བཅོས་སྒོ་འབྱེད་ཀྱི་རླབས་ཆེ་བའི་གསར་བརྗེ་གསར་པ་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་ཡོང་བར་བཀག་འགོག་བྱེད་པའི་བསམ་བློ་དང་སྒྲིག་སྲོལ་ཐད་ཀྱི་འགལ་རྐྱེན་མཐའ་དག་སེལ་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཏོད་པས། ཀྲུང་གོས་གོམ་སྟབས་ཆེན་པོ་སྤོས་ཏེ་དུས་རབས་ཀྱི་རྗེས་ཆོད་པ་རེད།
ལོ་ངོ་96གི་རིང་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་མངོན་འགྱུར་བྱེད་ཆེད། སྟོབས་ཤུགས་ཆེ་ཆུང་གང་ཡིན་དང་གནས་བབ་བཟང་ངན་གང་ཡིན་ལ་མ་བལྟོས་པར། ང་ཚོའི་ཏང་གིས་ག་དུས་ཡིན་ཡང་ཐོག་མའི་བསམ་འདུན་མི་བརྗེད་ཅིང་དམ་བཅའ་མི་ཉམས་པར། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཀའ་བ་གྲངས་མེད་སྤྱད་པ་དང་། བློས་གཏོང་ཆེན་པོ་བྱས་པ། གེགས་བར་གདོང་ལེན་བྱེད་ཕོད་པ། ནོར་འཁྲུལ་ཡོ་བསྲང་བྱེད་ཕོད་པ་བཅས་ཀྱི་ཐོག་ནས་སེལ་ཐབས་བྲལ་བ་ལྟར་སྣང་བའི་དཀའ་གནད་མང་པོ་རེ་རེ་བཞིན་སེལ་བ་དང་། ལོ་རྒྱུས་དེབ་ཐེར་དུ་འགོད་འོས་པའི་མི་ཡུལ་གྱི་ངོ་མཚར་མཛད་རྗེས་གཅིག་རྗེས་གཉིས་མཐུད་དུ་གསར་སྐྲུན་བྱས་པ་རེད།
བློ་མཐུན་རྣམ་པ། ད་ལྟ་ནི། ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་དམིགས་འབེན་འགྲུབ་རྒྱུར་ཐག་ཉེ་ཤོས་ཡིན་པ་དང་། དེ་འགྲུབ་རྒྱུའི་གདེང་ཚོད་དང་ནུས་པ་དེ་བས་ཆེ་བ་ལྡན་ཡོད།
ལེ་དབར་བརྒྱ་ཡི་བཤུལ་ལམ་ལས། །དགུ་བཅུ་བཅད་པ་ལམ་ཕྱེད་ཙམ། །ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པ་ནི་བདེ་བདེ་ལྷོད་ལྷོད་དང་རྔ་རྡུང་དར་འཕྱར་བྱས་པ་ཙམ་གྱིས་འགྲུབ་ཐུབ་པ་ཞིག་མ་ཡིན་པས། ཏང་ཡོངས་ཀྱིས་ངེས་པར་དུ་ཁག་འཁུར་དེ་བས་ལྗིད་པ་དང་དཀའ་ཚེགས་དེ་བས་ཆེ་བའི་འབད་བརྩོན་བྱ་རྒྱུའི་གྲ་སྒྲིག་བྱེད་དགོས།
ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་བྱེད་དགོས་ན་ངེས་པར་དུ་འཐབ་རྩོད་རླབས་པོ་ཆེ་བྱེད་དགོས། སྤྱི་ཚོགས་ནི་འགལ་བའི་འགུལ་སྤྱོད་ལས་མདུན་སྐྱོད་བྱེད་ཀྱི་ཡོད་ལ། འགལ་བ་ཡོད་ན་འཐབ་རྩོད་ཀྱང་ཡོད་པ་རེད། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་འཇལ་བ་དང་། ཉེན་ཁ་ཆེན་པོ་བཀག་འགོག །འགོག་རྐྱེན་ཆེན་པོ་ཁྱད་གསོད། འགལ་བ་ཆེན་པོ་ཐག་གཅོད་བཅས་བྱེད་དགོས་ན། ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་བྱེད་དགོས་པ་ལས། ལོངས་སྤྱོད་ལ་ཞེན་པ་དང་། སྒྱིད་ལུག་རྣམ་གཡེང་། འགལ་བར་གཟུར་གཡོལ་བཅས་ཀྱི་བསམ་བློ་དང་བྱ་སྤྱོད་ཚང་མ་ནོར་འཁྲུལ་རང་རེད། ཏང་ཡོངས་ཀྱིས་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་ལས་རང་རྟོགས་ཀྱི་སྒོ་ནས་རྒྱུན་འཁྱོངས་བྱས་ཏེ། ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཉམས་དམས་སུ་གཏོང་བ་དང་། འཁྱོག་བཤད་བྱེད་པ། ཁས་མི་ལེན་པ་བཅས་ཀྱི་གཏམ་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། མི་དམངས་ཀྱི་ཁེ་ཕན་སྔར་ལས་རང་རྟོགས་ཀྱི་སྒོ་ནས་སྲུང་སྐྱོང་བྱས་ཏེ་མི་དམངས་ཀྱི་ཁེ་ཕན་ལ་གནོད་སྐྱོན་བཟོ་བ་དང་། མང་ཚོགས་དང་ཁ་བྲལ་བའི་བྱ་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། སྒྱུར་བཅོས་དང་གསར་གཏོད་བྱེད་པའི་དུས་རབས་ཀྱི་འཕེལ་རྒྱུན་གསར་པའི་ནང་དུ་སྔར་ལས་རང་རྟོགས་ཀྱི་སྒོ་ནས་ཞུགས་ཏེ་གཅོང་ཆེན་ལྟར་ངན་རེངས་སུ་གྱུར་པའི་གནད་དོན་མཐའ་དག་མཐའ་གཅིག་ཏུ་དྲུངས་ནས་འབྱིན་དགོས། རང་རྒྱལ་གྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྔར་ལས་རང་རྟོགས་ཀྱི་སྒོ་ནས་སྲུང་སྐྱོང་བྱས་ཏེ་མེས་རྒྱལ་ཁ་ཕྲལ་བ་དང་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་བརླིང་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། སྔར་ལས་རང་རྟོགས་ཀྱི་སྒོ་ནས་ཉེན་ཁ་སྣ་ཚོགས་བཀག་འགོག་བྱས་ཏེ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་སོགས་ཁྱབ་ཁོངས་དང་རང་བྱུང་ཁམས་སུ་བྱུང་བའི་དཀའ་ངལ་དང་འགྲན་སློང་མཐའ་དག་ཁྱད་གསོད་མཐའ་གཅིག་ཏུ་བྱེད་དགོས། ཏང་ཡོངས་ཀྱིས་འཐབ་རྩོད་རླབས་པོ་ཆེ་འདིའི་ཡུན་རིང་བའི་རང་བཞིན་དང་། རྙོག་འཛིང་ཆེ་བའི་རང་བཞིན། དཀའ་ཚེགས་ཆེ་བའི་རང་བཞིན་བཅས་ལ་ངོས་འཛིན་བྱེད་དགོས་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་སྟེ་འཐབ་རྩོད་རླབས་པོ་ཆེར་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་ལེན་དགོས།
ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་ལས་གྲྭ་རླབས་པོ་ཆེ་འཛུགས་སྐྲུན་བྱེད་དགོས། ལས་གྲྭ་རླབས་པོ་ཆེ་ཟེར་བ་ནི་ང་ཚོའི་ཏང་གིས་སྐུལ་འདེད་ཟབ་མོར་གཏོང་བཞིན་པའི་ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པ་དེ་རེད། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་མེད་ན། མི་རིགས་བསྐྱར་དར་ཡོང་རྒྱུ་ནི་སྟོང་བསམ་ཙམ་དུ་ཟད་པ་ལོ་རྒྱུས་ཐོག་ནས་ར་སྤྲོད་བྱུང་ཡོད་ལ་མུ་མཐུད་ནས་ར་སྤྲོད་ཡོང་ངེས་རེད། ང་ཚོའི་ཏང་ནི་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་གདོང་ལེན་པ་དང་། མི་རིགས་ཀྱི་གདུང་འདེགས་ཀ་བ་ལྟ་བུ་ཆགས་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཆགས་དགོས་ན། རང་ཉིད་ཐོག་མཐའ་བར་གསུམ་དུ་བཀན་མོ་ཡིན་དགོས་པ་རེད། ཏང་ཡོངས་ཀྱིས་ཏང་གཤིས་ཀྱི་རྩ་དོན་སྔར་བས་རང་རྟོགས་ཀྱི་སྒོ་ནས་སྲ་བརྟན་དུ་གཏོང་བ་དང་། གནད་དོན་ལ་ཁ་གཏད་ཕོད་ཅིང་རུས་འབྲད་དུག་སེལ་བྱེད་ཕོད་པའི་ཐོག་ནས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་གནོད་སྐྱོན་བཟོ་བའི་རྒྱུ་རྐྱེན་མཐའ་དག་སེལ་བ་དང་། ཏང་གི་བདེ་ཐང་གི་གཟུགས་གཞིར་རུལ་བསླད་བཟོ་བའི་ནད་དུག་ཐམས་ཅད་སེལ་བ། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་བྱེད་ཤུགས་དང་། བསམ་བློའི་ཁྲིད་སྟོན་བྱེད་ཤུགས། མང་ཚོགས་སྒྲིག་འཛུགས་བྱེད་ཤུགས། སྤྱི་ཚོགས་འབོད་སྐུལ་བྱེད་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ང་ཚོའི་ཏང་ལ་སྐྱེ་སྟོབས་ཆེན་པོ་དང་འཐབ་འཛིང་བྱེད་ཤུགས་ཆེན་པོ་ནམ་ཡང་རྒྱས་ཐུབ་པ་འགན་ལེན་ཏན་ཏིག་བྱེད་དགོས།
ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་བྱ་གཞག་རླབས་པོ་ཆེ་སྐུལ་སྤེལ་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་དུ་ཏང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་ཆ་ཚང་གི་བརྗོད་བྱ་གཙོ་བོ་ཡིན་པ་དང་། ཏང་དང་མི་དམངས་ཀྱིས་དཀའ་སྡུག་ཚད་མེད་མྱངས་ཤིང་རིན་དོད་ཆེན་པོ་བཏང་ནས་ཐོབ་པའི་རྩ་བའི་གྲུབ་འབྲས་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་ཡོང་བ་དང་། མི་དམངས་ལ་དགའ་སྐྱིད་ལྡན་པའི་འཚོ་བ་གསར་སྐྲུན་བྱེད་པའི་འགྲོ་ལམ་ཉག་ཅིག་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་ནི་ཏང་དང་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་ཁྲིད་སྟོན་བྱེད་སྤྱད་ཀྱི་རིགས་པའི་གཞུང་ལུགས་ཡང་དག་པ་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་དེང་རབས་ཀྲུང་གོ་དར་རྒྱས་གོང་འཕེལ་ཡོང་བའི་རྩ་བའི་ལམ་ལུགས་ཀྱི་འགན་ལེན་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པར་སྐུལ་མ་གཏོང་སྤྱད་ཀྱི་བསམ་བློའི་སྟོབས་ཤུགས་ཆེན་པོ་ཡིན། ཏང་ཡོངས་ཀྱིས་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་སྔར་ལས་རང་རྟོགས་ཀྱི་སྒོ་ནས་ཇེ་ཆེར་གཏོང་དགོས་ཤིང་། བཀག་སྡོམ་རེངས་གྱུར་གྱི་ལམ་རྙིང་དུ་བསྐྱོད་མི་རུང་ལ་དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུ་དེ་བས་ཀྱང་བསྐྱོད་མི་རུང་བར། ཆབ་སྲིད་ཀྱི་ངེས་ཤུགས་མཐའ་འཁྱོངས་དང་། དངོས་དོན་སྒྲུབ་ནས་རྒྱལ་ཁབ་གོང་དུ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས།
འཐབ་རྩོད་རླབས་པོ་ཆེ་དང་། ལས་གྲྭ་རླབས་པོ་ཆེ། བྱ་གཞག་རླབས་པོ་ཆེ། ཕུགས་འདུན་རླབས་པོ་ཆེ་བཅས་ནི་དམ་ཚགས་སུ་འབྲེལ་བ་དང་། དཀྱུས་གཅིག་ཏུ་འདྲེས་པ་དང་། ཕན་ཚུན་བར་རྐྱེན་བྱེད་པ་ཅན་ཡིན། དེ་དག་ལས་ཐག་གཅོད་རང་བཞིན་གྱི་ནུས་པ་ཅན་ནི་ཏང་འཛུགས་སྐྲུན་བྱེད་པའི་ལས་གྲྭ་རླབས་པོ་ཆེ་གསར་པ་དེ་ཡིན། ལས་གྲྭ་རླབས་པོ་ཆེར་སྐུལ་སྤེལ་གཏོང་བར་འཐབ་རྩོད་རླབས་པོ་ཆེ་དང་། བྱ་གཞག་རླབས་པོ་ཆེ། ཕུགས་འདུན་རླབས་པོ་ཆེ་བཅས་ལག་ལེན་བསྟར་རྒྱུ་དང་ཟུང་འབྲེལ་བྱས་ཏེ། ཏང་འདི་ཉིད་འཛམ་གླིང་གི་གནས་བབ་ལ་འགྱུར་ལྡོག་གཏིང་ཟབ་འབྱུང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་ཐུབ་པ་འགན་ལེན་ཏན་ཏིག་བྱེད་དགོས་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་ཉམས་སད་སྣ་ཚོགས་ལ་ཁ་གཏད་འཇལ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་མི་དམངས་ཀྱི་རྟེན་གཞི་ཆགས་པ་བྱེད་དགོས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཐོག་མཐའ་བར་གསུམ་དུ་འགོ་ཁྲིད་སྲོག་ཤིང་སྟོབས་ལྡན་ཆགས་པ་བྱེད་དགོས།
བློ་མཐུན་རྣམ་པ། འགན་འཁྲི་ཡིས་འཁུར་སེམས་སྐུལ་བ་དང་། འགན་འཁྲི་ཡིས་མ་འོངས་པར་སྣེ་ཁྲིད་བྱེད་པས། ང་ཚོས་མི་དམངས་ཀྱི་མངག་བཅོལ་ཆེན་པོ་སྟོང་ཟད་དུ་མི་གཏོང་བ་དང་། ལོ་རྒྱུས་ཀྱི་གདམ་གར་ངོ་གནོང་མི་དགོས་པ་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་རླབས་པོ་ཆེའི་ནང་དུ། ཏང་གི་འགོ་ཁྲིད་བརྟན་པོ་དང་ཞུམ་མེད་འབད་འཐབ་ལ་བརྟེན་ནས་ཀྲུང་ཧྭའི་བུ་ཕྲུག་ཡོངས་ལ་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་དགོས་པའི་སྐུལ་ལྕག་གཏོང་དགོས་པ་དང་། བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་སྐྲུན་པའི་བརྗིད་ཉམས་ཆེ་བའི་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས།
※འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་2017ལོའི་ཟླ་10ཚེས་18ཉིན་ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐོག་གནང་བའི་《ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན་བྱེད་དགོས་》ཞེས་པའི་སྙན་ཞུའི་ནང་གི་ཆ་ཤས་ཤིག་རེད།