ཀྲུང་གོའི་གུང་ཁྲན་ཏང་གི་རྩ་བ་ནི་མི་དམངས་ཡིན་པ་དང་། ཁྲག་རྩ་ཡང་མི་དམངས་ཡིན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དེའི་ཐོག་ནས་ཏང་གི་ཕུགས་བསམ་དང་དད་སེམས། ངོ་བོའི་དགོངས་དོན། ཐོག་མའི་བསམ་འདུན་བཅས་མཚོན་པ་མ་ཟད། ཏང་གི་འབད་འཐབ་ལོ་རྒྱུས་དང་ལག་ལེན་གྱི་ཉམས་མྱོང་ལ་ཕྱོགས་བསྡོམས་གཏིང་ཟབ་བྱས་པ་ཞིག་ཀྱང་རེད། ཏང་བཙུགས་པ་ནས་བཟུང་ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་བྱེད་པའི་རྩ་བའི་དམིགས་ཡུལ་ནི་མི་དམངས་ལ་འཚོ་བ་སྐྱིད་པོ་སྐྱེལ་དུ་འཇུག་རྒྱུ་དེ་ཡིན། འགྲན་སློང་དང་གནོན་ཤུགས་ཇི་འདྲ་ཆེན་པོར་འཕྲད་ཀྱང་། བློས་གཏོང་དང་རིན་དོད་ཇི་འདྲ་ཆེ་རུང་། དམིགས་ཡུལ་འདི་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་པ་ལས་གཡོ་འགུལ་སྤུ་ཙམ་ཡང་གཏོང་མི་རུང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱ་རྒྱུ་ནི་འབོད་ཚིག་སྟོང་པ་ཞིག་མིན་པར་ངེས་པར་དུ་ཐབས་ཇུས་བཀོད་སྒྲིག་ཁག་དང་ལས་དོན་དངོས་སུ་དོན་འཁྱོལ་ཐུབ་པ་བྱེད་དགོས།
དང་པོ། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་དགོས། གནའ་མིའི་ངག་རྒྱུན་དུ། “དམངས་ཀྱི་ཁེ་ཕན་བརྩིས་ན། དམངས་ཀྱི་རྒྱབ་སྐྱོར་ཐོབ། དམངས་ཀྱི་ཁེ་ཕན་འཕྲོག་ན། དམངས་ཀྱིས་ངོ་ལོག་བྱེད་”ཟེར་བ་ལྟར། ཏང་གི་སྒྲིག་ཡིག་ནང་དུ་ང་ཚོའི་ཏང་ལ་རང་ཉིད་ཀྱི་དམིགས་བསལ་ཁེ་ཕན་མེད་ཅིང་། ཏང་གིས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་དགོས་ཞེས་གཏན་འབེབས་གསལ་པོ་བྱས་ཡོད། འདི་ནི་ང་ཚོའི་ཏང་ཉིད་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཡིན་པའི་ངོས་ནས་སྲིད་ཏང་གཞན་དག་དང་དབྱེ་བ་འབྱེད་པའི་མཚོན་རྟགས་མངོན་གསལ་ཞིག་རེད། རིམས་ནད་ཚབས་ཆེན་གྱི་མདུན་དུ་ང་ཚོས་ཐོག་མ་ཉིད་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་དགོས་ཞེས་གསལ་པོར་བཏོན་ཡོད། ང་ཚོས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཆེས་ཕུལ་དུ་བྱུང་བའི་སྨན་པ་དང་། ཆེས་སྔོན་ཐོན་གྱི་སྒྲིག་ཆས། ཆེས་དགོས་གལ་ཆེ་བའི་ཐོན་ཁུངས་བཅས་བསྡུ་རུབ་བྱས་ཏེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་རིམས་ནད་འགོག་བཅོས་བྱས་ཤིང་། སྲོག་སྐྱོབ་འགྲོ་གྲོན་ཚང་མ་རྒྱལ་ཁབ་ཀྱིས་བཏང་བ་རེད། མི་དམངས་ནི་བླ་ན་མེད་པ་དང་། ཚེ་སྲོག་ནི་བླ་ན་མེད་པ་ཡིན་པས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཡོང་བར་སྲུང་སྐྱོབ་བྱེད་པར་རིན་དོད་ཡོད་ཚད་གཏོང་དགོས།
མིག་སྔར། རང་རྒྱལ་གྱི་ཕྱི་ནས་ནང་མཆེད་འགོག་པའི་གནོན་ཤུགས་བསྟུད་མར་ཆེ་རུ་འགྲོ་བཞིན་ཡོད་པ་དང་། རྒྱལ་ནང་དུ་རིམས་ནད་བསྐྱར་ལོག་བྱུང་བའི་ཉེན་ཁ་ཐོག་མཐའ་བར་གསུམ་དུ་གནས་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དབང་རྩ་གྲིམ་པོར་བྱས་ཏེ་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་རིམས་ནད་བསྐྱར་ལོག་མི་འབྱུང་བའི་འགན་ལེན་བྱེད་དགོས།
གཉིས་པ། མི་དམངས་ལ་རྩེ་གཅིག་ཏུ་བརྟེན་དགོས། མི་དམངས་ནི་ང་ཚོའི་ཏང་གིས་སྲིད་སྐྱོང་བའི་གཏིང་ཤུགས་ཆེ་ཤོས་ཡིན། ཐེངས་འདིའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ཁྲོད། ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་འོག་རྒྱལ་ཡོངས་སྐུལ་སློང་དང་། དམངས་ཡོངས་ཟབ་ཞུགས། མཉམ་འགོག་མཉམ་སྡོམ། དམངས་འགོག་དམངས་བཅོས་བཅས་བྱས་ཏེ། ཆེས་ནན་ཤོས་ཀྱི་སྔོན་འགོག་ཚོད་འཛིན་མ་ལག་བཙུགས་ནས། སྲ་ཞིང་བརྟན་པའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ཡོད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་དོན་ཧྲིལ་པོར་མཐོང་ཐུབ་པ་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱས་ནས་རང་རྟོགས་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་སྤྱི་ཡོངས་ལ་གཞོགས་འདེགས་བྱས་པས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྨང་གཞིའི་རང་བཞིན་གྱི་སྟོབས་ཤུགས་ཤིག་ཆགས་ཡོད། གནའ་མིའི་ངག་རྒྱུན་དུ། “ཀུན་གྱི་སྟོབས་ཤུགས་བཀོལ་ཐུབ་ན། འཇིག་རྟེན་འདིར་འགྲན་ཟླ་མེད། ཀུན་གྱི་བློ་གྲོས་བཀོལ་ཐུབ་ན། སྐྱེ་བོ་ཀུན་ལ་འཇིགས་པ་མེད་”ཅེས་པ་ལྟར་རོ། །རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ནི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཁྱབ་རྒྱ་ཆེ་ཤོས་དང་། དོན་དངོས་དང་མཐུན་ཤོས། ཕན་གོ་ཆོད་ཤོས་བཅས་ཀྱི་དམངས་གཙོ་ཡིན། ང་ཚོས་མི་དམངས་དམངས་གཙོ་རྒྱུན་འཁྱོངས་བྱས་ཏེ་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་དེ་ཏང་དང་མི་དམངས་ཀྱི་བྱ་གཞག་ཁྲོད་སྔར་བས་ལེགས་པའི་སྒོ་ནས་གཅིག་སྡུད་བྱེད་དགོས། ནང་སོག་རང་སྐྱོང་ལྗོངས་ནི་རང་རྒྱལ་དུ་ཆེས་སྔ་མོར་བཙུགས་པའི་མི་རིགས་རང་སྐྱོང་ལྗོངས་ཡིན། ཁྱེད་ཚོས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། མི་རིགས་ཁག་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་སྟེ། མི་རིགས་ཁག་མཐུན་སྒྲིལ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་མདུན་གྲལ་དུ་བསྐྱོད་རྒྱུའི་རེ་བ་ཡོད།
རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་གཅིག་གྱུར་འཆར་འགོད་བྱེད་པའི་ལས་དོན་ལེགས་པོ་བསྒྲུབ་དགོས་ན། མི་དམངས་ལ་དམ་པོར་བརྟེན་དགོས། ཐེངས་འདིའི་རིམས་ནད་ཀྱིས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕོག་ཐུག་དང་ཤུགས་རྐྱེན་ཅུང་ཆེན་པོ་བཟོས་ཡོད་མོད། འོན་ཀྱང་རང་རྒྱལ་གྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་ཡུན་རིང་ལེགས་ཕྱོགས་སུ་འགྲོ་བའི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མེད། འཛམ་གླིང་ཐོག་གི་བྱ་དངོས་གང་ཞིག་ལའང་ཕྱོགས་གཉིས་ཀྱི་རང་བཞིན་ཡོད། ཐེངས་འདིའི་རིམས་ནད་ནི་ཉམས་ཉེན་ཞིག་ཡིན་མོད། འོན་ཀྱང་ཚད་ངེས་ཅན་ཞིག་གི་ཐོག་ནས་བཤད་ན་གོ་སྐབས་གསར་པ་ཞིག་ཀྱང་ཡིན། ཧུར་བརྩོན་དང་རང་འགུལ་གྱི་སྒོ་ནས་ལས་དོན་བསྒྲུབ་དགོས་པ་དང་། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཚོང་རའི་བྱེད་པོ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ། ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་མགྱོགས་སུ་གཏོང་བ། གཞི་རིམ་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ཕན་ནུས་ལྡན་པའི་ཐབས་ཤེས་འགའ་ཞིག་བཏོན་ཏེ། དམིགས་ས་ཡོད་པའི་སྒོ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཕན་འབྲས་ཆེ་བའི་བཅོས་སྐྱོང་ལ་སྣ་འདྲེན་རང་བཞིན་ལྡན་པའི་འཆར་འགོད་གལ་ཆེན་དང་། སྒྱུར་བཅོས་གལ་ཆེན། སྲིད་ཇུས་གལ་ཆེན་བཅས་བཀོད་སྒྲིག་བྱས་ནས། ཉམས་ཉེན་ལ་ཁ་གཏད་འཇལ་བའི་ཁྲོད་དུ་ལས་ཀའི་རང་དབང་དམ་འཛིན་དང་འཕེལ་རྒྱས་ཀྱི་རང་འགུལ་དམག་འཐབ་ཡག་པོ་རྒྱག་དགོས།
གསུམ་པ། མི་དམངས་ལ་རྒྱུན་ཆད་མེད་པར་བདེ་སྐྱིད་བསྐྲུན་དགོས། ང་ཚོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་མཐར་གཏུགས་ནས་བཤད་ན་མི་དམངས་མང་ཚོགས་ཀྱི་དགའ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་འཆད་པར་སྐོང་ཆེད་ཡིན། ཐོག་མཐའ་བར་གསུམ་དུ་མི་དམངས་བདེ་སྡོད་ལས་བརྩོན་དང་ཁེ་ཉེན་བདེ་སྡུག་སེམས་ལ་བཅངས་ནས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་བཅོལ། སྨན་བཅོས། སྡོད་ཁང་། རྒན་གསོ། བཟའ་བཅའི་བདེ་འཇགས། སྤྱི་ཚོགས་བདེ་སྐྱོང་སོགས་ཀྱི་གནད་དོན་དངོས་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས་ལས་ཀ་རེ་རེ་བཞིན་དོན་འཁྱོལ་དང་། ལོ་རེ་རེ་བཞིན་མུ་མཐུད་ནས་བསྒྲུབས་ཏེ་མང་ཚོགས་ལ་འགྱུར་ལྡོག་མཐོང་ཐུབ་པ་དང་ཕན་པ་དངོས་ཐོབ་པ་བྱེད་དགོས།
ནང་སོག་གིས་ད་ལོའི་ཟླ་3པར་དབུལ་ཕོངས་རྫོང་ཚང་མའི་དབུལ་ཞྭ་འཕུད་རྒྱུའི་ཁྱབ་བསྒྲགས་བྱས། ཐོན་ལས་དང་ལས་ཞུགས་དང་དབུལ་སྐྱོར་བཅས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ཡག་པོ་བྱེད་པ། དབུལ་བྲལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་གཉིས་འབྲེལ་མཐུད་ཟབ་མོར་ཡོང་བར་སྐུལ་འདེད་གཏོང་དགོས། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པས་ད་ལོའི་ལས་ཞུགས་བརྟན་པོ་ཡོང་བའི་ལས་འགན་ཧ་ཅང་ལྕི་པོ་ཡོད། སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་དང་། གླ་རྒྱག་ཞིང་པ། དམག་ཞབས་འཐིམ་པའི་དམག་མི་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་དགོས། ཐེངས་འདིའི་རིམས་ནད་ལས་ང་ཚོར་སྤྱི་པའི་འཕྲོད་བསྟེན་མ་ལག་སོགས་ཀྱི་ཐད་ད་དུང་ཞན་ཆ་དང་མི་འདང་ས་འགའ་ཞིག་གནས་ཡོད་པ་གསལ་པོར་མངོན་ཡོད་པས། རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་དང་སྨན་བཅོས་བྱེད་པའི་མ་ལག་དང་སྤྱི་པའི་འཕྲོད་བསྟེན་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དམ་འཛིན་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་སོགས་གཞི་རིམ་གྱི་སྔོན་འགོག་དང་ཚོད་འཛིན་ནུས་པ་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་པ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་རྒྱ་ཁྱབ་ཏུ་སྤེལ་བ་བཅས་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཡོང་བར་འགན་ལེན་སྔར་ལས་ལེགས་པར་བྱེད་དགོས།
དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་དོན་གྱི་བྱས་རྗེས་གལ་ཆེ་ཤོས་ཤིག་ཏུ་བརྩི་དགོས། ཀྲུང་གོའི་གུང་ཁྲན་ཏང་གིས་དམངས་ཀྱི་དོན་དུ་བྱ་བ་སྒྲུབ་པ་དང་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་དོན་གྱི་བྱས་རྗེས་གལ་ཆེན་ཞིག་ཏུ་བརྩིས་ནས་མི་སེར་ལ་དོན་བཟང་དང་དོན་དངོས་ག་ཚོད་བསྒྲུབས་པ་དེ་སྲིད་སྐྱོང་བྱས་རྗེས་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩི་གི་ཡོད། ཏང་ཡོན་དང་ལས་བྱེད་པ་སྤྱི་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ངོས་འཛིན་གསལ་པོ་ཡོད་དགོས་པ་སྟེ། རང་ཉིད་ལ་ཡོད་པའི་དབང་ཆ་དང་ལས་གནས་ནི་ཏང་དང་མི་དམངས་ཀྱིས་གནང་བ་དང་། ཏང་དང་མི་དམངས་ཀྱི་དོན་དུ་བྱ་བ་སྒྲུབ་སྤྱད་ཡིན་པས། དམངས་ཀྱི་དོན་དུ་ཁེ་ཕན་གཉེར་བ་ལས་གཞན་དག་གང་ཡང་བྱེད་མི་རུང་། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་དབང་ཆའི་ལྟ་བ་དང་། སྲིད་དོན་བྱས་རྗེས་ཀྱི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་བཅངས་ཏེ། གཏམ་འདོད་ཚ་པོ་ཡོང་བར་མི་བརྩོན་པ་དང་། འབྲས་བུ་མེད་པའི་ངལ་བ་མི་རྩོལ་བ། སྙིང་པོ་མེད་པའི་ཁེ་གྲགས་མི་བསམ་པ་བཅས་བྱས་ཏེ། ཏན་ཏན་ཏིག་ཏིག་གིས་ལས་ཐོག་དཔོན་གནས་འཛིན་པའི་རིང་། ཡུལ་དེའི་དམངས་ཀྱི་བདེ་སྐྱིད་བསྐྲུན་དགོས།
དཔེར་ན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་དམངས་ལ་བདེ་སྐྱིད་སྐྲུན་པའི་ལོ་བརྒྱའི་ཇུས་ཆེན་ཡིན། ནང་སོག་གི་སྐྱེ་ཁམས་གནས་ཚུལ་ཅི་འདྲ་ཡིན་པ་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་གནས་དང་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་མ་ཟད། ཀྲུང་ཧྭ་བྱང་རྒྱུད་དང་། བྱང་ཤར། ནུབ་བྱང་། ཐ་ན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་དང་ཡང་འབྲེལ་བ་ཡོད། ལོ་འདི་དག་གི་རིང་ལ། ཁྱེད་ཚོས་གཙོ་གནད་སྐྱེ་ཁམས་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་པ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་ཀ་གཏིང་ཟབ་ཏུ་སྤེལ་ཏེ། མཛེས་སྡུག་ལྡན་པའི་ནང་སོག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་གལ་ཆེན་སྤོས་པ་རེད། ནང་སོག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལོ་ངོ་60ལྷག་རིང་རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་མའོ་ཝུའུ་སུའུ་བྱེ་ཐང་བཅོས་སྐྱོང་བྱས་པ་དང་། ད་ལྟ་བཅོས་སྐྱོང་བྱེད་ཚད་70%ལ་སླེབས་ཡོད། སྐྱེ་ཁམས་སྤྱི་ཡོངས་ནས་ལེགས་བཅོས་བྱུང་བའི་རྣམ་པ་མངོན་པ་ནི་ཧ་ལས་དགོས་པའི་གྲུབ་འབྲས་ཤིག་རེད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་འཐབ་ཇུས་ཀྱི་ངེས་ཤུགས་མཐའ་འཁྱོངས་བྱས་པ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ཁྲིད་ཕྱོགས་བརྟན་པོ་བཙུགས་ཏེ་རྨ་ཆུའི་འབབ་རྒྱུད་དང་། “མཚེའུ་གཅིག་དང་རྒྱ་མཚོ་གཉིས།” ཝུའུ་ཧའེ་དང་དེ་བཞིན་མཐའ་འཁོར་ས་ཁུལ་སོགས་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་པའི་ཐོག །དགུང་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་ཀྱི་སྲུང་སྐྱོང་དམག་འཐབ་མུ་མཐུད་ཡག་པོ་བརྒྱབ་སྟེ་མེས་རྒྱལ་བྱང་རྒྱུད་ཀྱི་ལེ་དབར་ཁྲི་ཡི་ལྗང་མདོག་ལྕགས་རི་རིང་པོ་དེ་བས་བརྟན་དུ་གཏོང་དགོས།
བཞི་པ། མི་དམངས་ཀྱི་ཁྲོད་དུ་རྩ་བ་བརྟན་པོ་འཛུགས་དགོས། ང་ཚོའི་ཏང་གིས་དུས་ཡུན་རིང་པོར་སྲིད་དབང་སྐྱོང་དགོས་ན། ངེས་པར་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་ནམ་ཡང་མཐའ་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་མཉམ་དུ་བསམ་བློ་གཏོང་བ་དང་། མཉམ་དུ་ལས་ཀ་སྒྲུབ་པ། སྐྱིད་སྡུག་མཉམ་འཁུར་། བདེ་སྡུག་མཉམ་མྱོང་བཅས་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཐོག་མཐའ་བར་གསུམ་དུ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་དང་ཆད་གཅོད་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་“སྤྱོད་ཚུལ་བཞི་”བཅོས་སྒྲིག་བྱེད་པ། ཏང་གི་མང་ཚོགས་ལམ་ཕྱོགས་སྐོར་གྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་དང་། “ཐོག་མའི་བསམ་འདུན་མི་བརྗེད་པ། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་བཅས་ནི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་བྱེད་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱས་པ་རེད། བློ་བརྟན་འགྱུར་མེད་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་དགོས་པ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་དང་ཁྱད་བསད་བྱས་ཏེ། མང་ཚོགས་དང་ཁ་བྲལ་ནས་མཇུག་མཐར་མང་ཚོགས་ཤོར་བའི་སྣང་ཚུལ་འབྱུང་བར་སྔོན་འགོག་བྱེད་དགོས།
གནམ་ལྷ་རྒྱལ་གྱིས་བསྒྱུར།
※འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2020ལོའི་ཟླ་5ཚེས་22ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གསུང་བཤད་གནང་བའི་ཆ་ཤས་གཙོ་བོ་དེ་རེད།