[གནད་བསྡུས] མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་སྤེལ་གཏོང་བའི་བརྒྱུད་རིམ་ཁྲོད་ཡུལ་བབ་ཀྱི་དམིགས་བསལ་རང་བཞིན་དང་རྙོག་འཛིང་རང་བཞིན། ཆོས་ལུགས་རིག་གནས་སྣ་མང་རང་བཞིན་སོགས་ལ་གཞིགས་ཏེ་ས་གནས་ཀྱི་དགེ་མཚན་ལེགས་ཆ་བཏོན་པའི་རྨང་གཞིའི་སྟེང་ཐུན་མོང་མ་ཡིན་པའི་ལམ་བུ་བཏོད་དེ། སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཚིས་བདེ་སྐྱིད་མཉམ་དུ་འཕེལ་རྒྱས་གཏོང་བའི་འདུ་ཤེས་ལག་ཏུ་བསྟར་ནས།“སྐྱེ་ཁམས་དོ་དམ་སྲུང་སྐྱོང་དང་གནད་ཕིགས་དབུལ་སྐྱོར། མི་རིགས་མཐུན་སྒྲིལ”བཅས་ཕྱོགས་གསུམ་གཞི་གཅིག་ཅན་གྱི་གཙང་གསུམ་རྒྱལ་ཁབ་སྤྱི་གླིང་གི་རྣམ་པ་བསྐྲུན། དེ་དང་ཆབས་ཅིག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཁྱབ་གདལ་སྒོས། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་བརྩོན་ལེན་བྱས་ཤིང་། མི་རིགས་སོ་སོའི་བར་ཕན་ཚུན་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་མ་གཏོང་བར“མི་རིགས་མཐུན་སྒྲིལ +”མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་གཞི་ལག་བསྟར་དང་།“སེ་འབྲུ་ཁྱིམ་གཞིས”སྡེ་ཁུལ་གསར་སྐྲུན་སོགས་ཀྱི་བྱེད་ཐབས་སྤྱད་དེ་མི་རིགས་མཐུན་སྒྲིལ་གྱི་ཆབ་སྲིད་རྨང་གཞི་དང་དངོས་པོའི་རྨང་གཞི། བསམ་པའི་རྨང་གཞི། ཁྲིམས་སྐྱོང་རྨང་གཞི། སྤྱི་ཚོགས་རྨང་གཞི་བཅས་ཟམ་མི་ཆད་པར་ཇེ་བརྟན་དུ་བཏང་ཞིང་། མི་རིགས་མཐུན་སྒྲིལ་ལས་དོན་ལ་ཁྱད་ཆོས་འབུར་དུ་ཐོན་ཞིང་རྣམ་པ་ཕུན་སུམ་ཚོགས་ལ། བྱེད་ཐབས་གསར་བ་མང་པོ་སྤྱད་ཡོད་པས་གྲུབ་འབྲས་དང་ཉམས་མྱོང་ཕུན་སུམ་ཚོགས་པ་བླངས་པ་བརྗོད་ཡོད།
[གནད་ཚིག] ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས། ལག་ལེན་དང་ཉམས་མྱོང་། མི་རིགས་མཐུན་སྒྲིལ། མཚོ་སྔོན།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཐུགས་དགོངས་སུ་རིགས་སོ་སོའི་མི་དམངས་བཅངས་ནས། ཐུགས་བརྩེ་མཐོ་སྒང་གི་ཡངས་པའི་ས་གཞིར་གཏད་དེ། 2016ལོ་དང་།
2021ལོར་མཚོ་སྔོན་དུ་ཐེངས་གཉིས་ལ་སྐུ་དངོས་སུ་རྟོག་ཞིབ་ཏུ་ཕེབས་པ་དང་། ཐེངས་གཉིས་ལ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་མ་ཟད་མཚོ་སྔོན་གྱི་བྱ་བའི་ཐད་ལ་གསུང་བཤད་གལ་ཆེན་གནང་། འདས་པའི་ལོ་དུ་མའི་རིང་ལ་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གཙིགས་སུ་བཟུང་ཐོག ཕྱོགས་ཡོངས་ནས་དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་གཞི་ཆེན་པོ་དང་ཏང་གི་མི་རིགས་སྲིད་ཇུས། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ་གཙོ་རྐང་དུ་བཟུང་ནས། མཐུན་སྒྲིལ་སྒོས་རིགས་སོ་སོའི་མང་ཚོགས་སྣེ་ཁྲིད་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་དང་མཛེས་སྡུག་གི་འཚོ་བ་གསར་སྐྲུན་ལ་འབྲས་བུ་མི་དམན་པ་བླངས།
དང་པོ། མཚོ་སྔོན་རང་སའི་དགེ་མཚན་གང་ལེགས་འདོན་སྤེལ་བྱས་པ།
མཚོ་སྔོན་ནི་མི་རིགས་མང་པོ་འདུས་སྡོད་དང་།ཆོས་ལུགས་མང་པོ་མཉམ་གནས། སྣ་མང་རིག་གནས་མཉམ་འདྲེས་སུ་གནས་པའི་ཞིང་ཆེན་ཞིག་ཡིན་ལ། གནས་ཡུལ་གྱི་ཆ་ནས་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་དང་།མདོ་དབུས་མཐོ་སྒང་ས་ཁུལ། དེ་བཞིན་སྣོད་བཅུད་ཉམས་ཞན་སླ་བའི་ས་ཁུལ་བཅས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཁྱད་ཆོས་མཉམ་འདྲེས་སུ་གནས་པས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གལ་འགངས་ཆེ་བ་དང་། མི་རིགས་མཐུན་སྒྲིལ་གཙོ་ཆེ་ལ། ཀྲུང་ཧྭའི་ལོ་རྒྱུས་རིག་གནས་ཕུན་སུམ་ཚོགས་པའི་ཞིང་ཆེན་གྱི་གནས་སྟངས་གྲུབ་ཡོད། ཞིང་ཆེན་གཞན་དག་དང་བསྡུར་ན་འཕེལ་རྒྱས་ཐད་མི་འདང་བའི་ཆ་ཡོད་ལ། ཕུན་སུམ་ཚོགས་པའི་ལེགས་བབ་ཀྱང་འཛོམས་ཡོད། མཚོ་སྔོན་གྱིས་མི་རིགས་ལས་དོན་སྒྲུབ་པའི་གོ་རིམ་ཁྲོད་གོང་གསལ་གནས་བབ་དམ་པོར་བཟུང་སྟེ། དགེ་མཚན་འདོན་གང་ཐུབ་དང་། ཁྱད་ཆོས་མཐའ་དག་མི་རིགས་མཐུན་སྒྲིལ་གྱི་ཐོན་ཁུངས་སུ་བསྒྱུར་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་ལ་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དགོས①ཞེས་པ་བཞིན། རང་སའི་དགེ་མཚན་ལ་གཞིགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བའི་ཐུན་མོང་མ་ཡིན་པའི་ལམ་བུ་གསར་བ་ཞིག་ཏུ་བསྐྱོད་དང་སྐྱོད་བཞིན་ཡོད།
གཅིག ལོ་རྒྱུས་ཐོན་ཁུངས་སྔོག་འདོན།
མཚོ་སྔོན་ནི་ཀྲུང་ཧྭ་སྣ་མང་ཤེས་རིག་གི་འབྱུང་གནས་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་། ལོ་སྟོང་ཕྲག་དུ་མའི་རིང་ལ། རྒྱ་རིགས་དང་། གནའ་བོའི་ཆའང་རིགས། ཞུང་ནུའུ་རིགས། ཞན་པའེ་རིགས། ཐུ་བྷོད་རིགས། ཐུའུ་ཡུས་ཧུན། ཧུའེ་རིགས། སོག་རིགས། ས་ལར་སོགས་མི་རིགས་དང་ཚོ་པ་ཁག་གནས་འདིར་འཚོ་ཞིང་གཞེས་ལ་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་མི་རིགས་ཁག་བར་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པ་བརྒྱུད་ནས་མཚོ་སྔོན་གྱི་མིག་སྔའི་གནས་བབ་གྲུབ་ཅིང་།ཕུན་སུམ་ཚོགས་པའི་ལོ་རྒྱུས་གྲུབ་འབྲས་དེ་དག་ང་ཚོས་ངོམ་ཆོག་སྤྱད་ཆོག་པའི་མི་རིགས་མཐུན་སྒྲིལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་ཏུ་གྱུར་ཡོད་པ་དང། དེ་ལས་རྒྱ་བོད་མི་རིགས་དབར་གྱི་མཛའ་འབྲེལ་མཚོན་པའི་ཐང་བོད་གནའ་ལམ་ནི་འཐུས་ཚབ་རང་བཞིན་ཅན་ཞིག་རེད་སྙམ།
ཐང་བོད་གནའ་ལམ་ནི་ཀྲུང་གོའི་གནའ་རབས་ཀྱི་བགྲོད་ལམ་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན་ཞིང་། རང་རྒྱལ་གྱི་ནུབ་རྒྱུད་འཕྲེད་དུ་བཅད་ནས་མཚོ་སྔོན་ལྟེ་བར་བླངས་ཏེ། རང་རྒྱལ་ལྷོ་ནུབ་རྒྱུད་ཀྱི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་དང་འབྲེལ་མཐུད་བྱེད་པའི“བགྲོད་ལམ་ཡག་ཤོས”ཡིན་པས།“དར་གོས་ལྷོ་ལམ”ཞེས་ཀྱང་འབོད་ཀྱི་ཡོད་ལ་དུས་སྐབས་ཤིག་གི་རིང་ལ་འཛམ་གླིང་དུ་སྐད་གྲགས་ཆེ།ཐང་གི་ཀྲེན་ཀོན་སྲིད་ལོ་བརྒྱད་པར(སྤྱི་ལོ634ལོ)ཐང་བོད་བར་དུ་མཛའ་འབྲེལ་བཙུགས་ཤིང་། སྤྱི་ལོ640ལོར་རྒྱ་བཟའ་འུན་ཤིང་ཀོང་ཇོ་བོད་དུ་མནའ་མར་བཏང་། དུས་དེ་ནས་ཐུ་བྷོད་དང་ཐང་རྒྱལ་རབས་གཉིས་བར་དབོན་ཞང་གི་འབྲེལ་བ་ཆགས་ནས་ལོ་རྒྱུས་ཀྱི་ལེའུ་གསར་བ་ཞིག་བྲིས་ཡོད། དེའི་རྗེས་ཀྱི་ལོ200ཡི་རིང་ཕྱོགས་གཉིས་བར་ཕོ་ཉས་འགྲོ་འོང་ཐེངས19ལྷག་བྱུང་ཞིང་། དེ་ལས་བྱུང་བའི་ཐང་བོད་གནའ་ལམ་གྱི་གལ་ཆེའི་དོན་སྙིང་ནི་འགྲོ་ལམ་ཁོ་ན་ཙམ་མ་ཡིན་པར་ལོ་རྒྱུས་ཀྱི་ལོ་ཟླ་རིང་བོའི་ནང་དུ་རྒྱ་བོད་སྤུན་ཟླ་མི་རིགས་གཉིས་ཀྱི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་བའི་འབྲེལ་ཟམ་དང་འབྲེལ་ཐག་ལྟ་བུའི་ནུས་པ་ཐོན་ཡོད།
ད་ཆར་ཡང་གནའ་བོའི་བརྒྱུད་ལམ་ཁག་ཏུ་སྔར་བཞིན་མེས་པོས་བསྐྲུན་པའི་ས་ཚིགས་དང་། གྲོང་ཁ། གྲོང་ཚོ། གནའ་བོའི་དགོན་སྡེ་བཅས་འོད་སྟོང་འཕྲོ་བའི་རིག་གནས་ཤུལ་བཞག་མང་པོ་མཆིས། ཞིབ་འཇུག་པས་དེ་ལ་རྒྱ་བོད་མཛའ་གྲོགས་ཀྱི་ལོ་རྒྱུས་དཔང་རྟགས་དང་མི་རིགས་མཐུན་སྒྲིལ་གྱི“ལོ་ངོ་སྟོང་གི་དུས་བདེའི་ལམ་བུ”ཞེས་བརྗོད་ཀྱིན་ཡོད་ཅིང། དུས་རབས་གསར་བའི་མི་རིགས་མཐུན་སྒྲིལ་གྱི་གནས་བབ་འོག་ཏུ་མཚོ་སྔོན་གྱིས་ལོ་རྒྱུས་ཀྱི་ཐོན་ཁུངས་འདི་ལ་འགྲེལ་བ་གསར་བ་བྱས་ནས་དོན་སྙིང་གསར་བ་བསྣན་ཏེ་གནའ་མཁར་ཟི་ལིང་གཙོས་གནའ་ལམ་ས་ཚུགས་ཁག་ཏུ་ལོ་རྒྱུས་བརྒྱུད་རིམ་འདི་རྒྱབ་ལྗོངས་བྱས་པའི་ཚོང་དོན་དང་། ལྗོངས་རྒྱུ། བཟོ་ལས་སོགས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་སྤེལ་བར་ལོ་རྒྱུས་དོན་སྙིང་ལྡན་པའི་ལས་དོན་མང་པོ་སྒྲུབ་མུས་སུ་མཆིས།
གཉིས། གསར་བརྗེའི་རིག་གནས་ཐོན་ཁུངས་སྔོག་འདོན།
མཚོ་སྔོན་དུ་ཀྲུང་གོའི་གསར་བརྗེའི་གནས་རྙིང་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པས། ཉེ་བའི་ལོ་འགའི་རིང་མཚོ་སྔོན་ཞིང་ཆེན་གྱིས་གསར་བརྗེའི་གནས་རྙིང་ཡུལ་སྐོར་གཞི་ཁྱོན་ཟམ་མི་ཆད་པར་རྒྱ་སྐྱེད་དང་། མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་ཟམ་མི་ཆད་པར་མངོན་བཞིན་ཡོད། དེ་མིན་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་སློབ་གསོ་སློབ་སྦྱོང་དང་། གསར་བརྗེའི་སྙིང་སྟོབས་རྟོགས་སད་བྱེད་པའི་སློབ་ཁང་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང། མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ལས་རིགས་ཀྱི་འཕར་གཞི་གསར་བ་དང་ས་ཁུལ་དབུལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ནས་གསར་བརྗེའི་གནས་རྙིང་ཡུལ་སྐོར་དཔེར་འོས་མཛེས་ལྗོངས་ཀྱིས་སྣེ་ཁྲིད་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཡིས་འདེགས་སྐྱོར་བྱེད་པ། གསར་བརྗེའི་རིག་དངོས་སྲུང་སྐྱོང་གིས་ཁ་གསབ་བྱེད་པ་བཅས་ཀྱི་གསར་བརྗེའི་གནས་རྙིང་ཡུལ་སྐོར་ཐོན་ཁུངས་མ་ལག་ཅིག་ཆགས་ཡོད།
མཚོ་སྔོན་གྱི་ས་གནས་ཁག་གིས་གསར་བརྗེའི་གནས་རྙིང་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུའི་ཐད་ཏང་ཀྲུང་དབྱང་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང། ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་བླང་བྱ་ལ་གཞིགས་ནས་ཏང་གི་ལོ་རྒྱུས་སློབ་གསོའི་སློབ་སྦྱོང་དང་། ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་འཁྲུངས་སྐར་སོགས་གལ་ཆེའི་དུས་ཆེན་དམ་འཛིན་བྱས་ཏེ། གསར་བརྗེའི་གནས་རྙིང་ཡུལ་སྐོར་ལས་དོན་ལ་སྐུལ་འདེད་དང་། གསར་བརྗེའི་གནས་རྙིང་ཡུལ་སྐོར་དེ་ས་གནས་དེ་གའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་སྤྱིའི་འཆར་འགོད་ནང་འཇུག་པ། གསར་བརྗེའི་གནས་རྙིང་ཐོན་ཁུངས་གནས་ཚུལ་ཁྱོན་ཡོངས་ནས་ཡོངས་ཁྱབ་ཞིབ་བཤེར་བྱེད་པ། གསར་བརྗེའི་གནས་རྙིང་ཐོན་ཁུངས་ཀྱི་རིན་ཐང་སྔོག་འདོན་བྱེད་པ། སྲིད་ཇུས་ཐོག་ནས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། སྲུང་སྐྱོང་བྱེད་པའི་གོ་རིམ་ཁྲོད་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་གཏོང་རིང་སྲུང་སྐྱོང་རྒྱུན་འཁྱོངས་བྱེད་པ། གསར་བརྗེའི་གནས་རྙིང་ཐོན་ཁུངས་བེད་སྤྱོད་གཏོང་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བརྒྱུད་ནས་གསར་བརྗེའི་གནས་རྙིང་རིག་གནས་ལ་བརྟེན་ནས་གསར་བརྗེའི་གནས་རྙིང་ཡུལ་སྐོར་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་གསར་བརྗེའི་གནས་རྙིང་ཡུལ་སྐོར་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་གཞི་སྤེལ་བའི་ལམ་བུ་བདམས། མིག་སྔར་མཚོ་སྔོན་ཞིང་ཆེན་དུ་རྒྱལ་ཡོངས་གསར་བརྗེའི་གནས་རྙིང་ཡུལ་སྐོར་དཔེར་འོས་མཛེས་ལྗོངས་ཁུལ5དང་། ཞིང་ཆེན་རིམ་པའི་གསར་བརྗེའི་གནས་རྙིང་ཡུལ་སྐོར་དཔེར་འོས་མཛེས་ལྗོངས་ཁུལ7། རྒྱལ་ཁབ་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི8། ཞིང་ཆེན་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི33། གྲོང་ཁྱེར་དང་ཁུལ་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི53། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གསར་བརྗེའི་རིག་དངོས་སྲུང་སྐྱོང་ཚན་པ14བཅས་ཡོད་པས་གསར་བརྗེའི་གནས་རྙིང་ཡུལ་སྐོར་གྱི་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད། གསར་བརྗེའི་གནས་རྙིང་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱིས་རང་ཉིད་ཀྱི་ཐོན་ཁུངས་ལེགས་ཆ་མུ་མཐུད་སྔོག་འདོན་བྱས་ནས་མི་རིགས་མཐུན་སྒྲིལ་ལ་ཞབས་ཞུ་བྱེད་པའི་རྣམ་པ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། ཞབས་ཞུའི་ནུས་པ་སྐྱེད་སྲིང་བཅས་བྱས་ནས་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་མི་རིགས་འཕེལ་རྒྱས་གཏོང་སྟངས་ཤིག་གྲུབ་དང་ཆགས་བཞིན་ཡོད།
གསུམ། ཡུལ་ཁོངས་དམིགས་བསལ་གནས་བབ།
མཚོ་སྔོན་ནི་རང་བྱུང་སྐྱེ་ཁམས་དམིགས་བསལ་ཅན་གྱི་ཡུལ་ཁོངས་ཤིག་སྟེ།“ཀྲུང་ཧྭ་ཆུ་ལྕོག”དང་“སའི་གོ་ལའི་གླིང་སྣེ་གསུམ་པར”འབོད་པ་དང་།མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཟང་བོ་བྱེད་པ་ནི“རྒྱལ་དོན་གྱི་ཆེ་ཕྱོགས”ཡིན་པར་བཟུང་ནས་ལྗང་མདོག་འཕེལ་རྒྱས་ཀྱི་དེང་རབས་ཅན་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་འཆར་འགོད་ལ་གཞིགས་ནས།རྨ་ཆུ་འབབ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་སྟེ། རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་དང་། མདོ་ལའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ས་གནས་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་ཞིང་།རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་གངས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་གཅིག་འདོམས་དང་། དེ་བཞིན་མི་རིགས་མཐུན་སྒྲིལ་བྱ་གཞག་གི་དགོས་མཁོར་དམིགས་ནས་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པའི་གོ་རིམ་ཁྲོད་དམངས་ཚིས་ཁག་ཐེག་བྱེད་པའི་མཚོ་སྔོན་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་བཏོད་དེ། འཛམ་གླིང་ལ་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་ཞོར་དམངས་ཚིས་སྒྲུབ་པའི་གསོན་ཉམས་ལྡན་པའི་ལག་ལེན་དང་གཡུར་ཟའི་འབྲས་བུ་འགྲེམ་སྟོན་གནང་ཡོད།
བཞི། ས་གནས་མི་རིགས་རིག་གནས་ཐོན་ཁུངས་སྔོག་འདོན།
རིག་གནས་ངོས་འཛིན་གཅིག་མཐུན་ནི་མི་རིགས་མཐུན་སྒྲིལ་གྱི་རྩ་བ་དང་མི་རིགས་འཆམ་མཐུན་གྱི་བླ་སྲོག་ཡིན། མཚོ་སྔོན་ནི་ཀྲུང་ཧྭ་ཤེས་རིག་གི་འབྱུང་གནས་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་། མཚོ་སྔོན་གྱིས་ཀྲུང་ཧྭ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་།རྒྱུན་འཛིན། འཕེལ་རྒྱས་གཏོང་བའི་ཐད་ལས་གཞི་གལ་ཆེན་དུ་མ་ལག་བསྟར་བྱས་ཤིང་། ཀྲུང་ཧྭ་ཤེས་རིག་གི་འབྱུང་ཁུངས་འཚོལ་ཞིབ་དང་། རིག་དངོས་འགྲེམ་སྟོན་ཐད་མི་དམན་པའི་གྲུབ་འབྲས་བླངས།མཚོ་སྔོན་ནི་ཀྲུང་གོའི་དཔའ་བོའི་སྒྲུང་རབས་རིགས་གསུམ་དུ་བགྲང་བའི་གྲས་ཀྱི་གླིང་སྒྲུང་རིག་གནས་ཐོན་ཁུངས་གཙོ་བོ་ཡིན་ལ། དེ་འཛུགས་སྐྲུན་དང་། འཕེལ་རྒྱས་སུ་བཏང་ཡོད་པ་དང་། དེ་བཞིན་རྒྱལ་ཁབ་རིམ་པའི་ཤུལ་བཞག་རིག་གནས་སུ་བགྲང་བའི་རེབ་གོང་སྒྱུ་རྩལ་སོགས་རིག་གནས་ཀྱི་རིན་ཐང་སྔོག་འདོན་བྱས་ནས་ཀྲུང་ཧྭ་རིག་གནས་འཕེལ་རྒྱས་ལ་ལག་རྗེས་མི་དམན་པ་བཞག་ཡོད།དཔེར་ན། གླིང་གེ་སར་རྒྱལ་པོའི་སྒྲུང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར་གླེང་བའི་ཀྲུང་གོའི་ལོ་རྒྱུས་སྙན་ངག་ཆེན་པོ་གསུམ་ལས་དང་པོར་བགྲང་བའི་གླིང་གེ་སར་རྒྱལ་པོའི་སྒྲུང་ནི་བོད་རིགས་དམངས་ཁྲོད་རིག་གནས་ཀྱི་ཤེས་བྱ་ཀུན་བཏུས་ཤིག་ཡིན་པ་དང་། རྒྱལ་སྤྱིའི་རིག་གཞུང་ལས་རིགས་ཀྱིས་དེ་ལ་“ཤར་ཕྱོགས་ཀྱི་ཧོ་མའི་ལོ་རྒྱུས་སྙན་ངག”ཅེས་སུ་བསྔགས་ཤིང། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས“མངོན་མིན་རིག་གནས་ཤུལ་བཞག”ཏུ་བདམས་པ། ཏང་དང་རྒྱལ་ཁབ་ཀྱིས་ཀྲུང་ཧྭ་རིག་གནས་ཀྱི་མཚོན་བྱེད་དུ་བརྩིས་ནས་ཚད་མཐོའི་མཐོང་ཆེན་དང་སྲུང་སྐྱོང་བྱས་དང་བྱེད་བཞིན་ཡོད།
མཚོ་སྔོན་ཞིང་ཆེན་ནི་ཀྲུང་གོའི་གླིང་སྒྲུང་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་དང་། མཚོན་ཚུལ་དང་རིག་གནས་ཀྱི་ཁྱད་ཆོས་རྒྱུན་འཁྱོངས་ཆ་ཚང་ཤོས། སྒྲུང་གླུ་རྒྱུན་འཛིན་བྱས་པ་མང་ཤོས། ཤུགས་རྐྱེན་ཆེ་ཤོས་བཅས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པས“ཀྲུང་གོའི་གླིང་སྒྲུང་རིག་གནས་ཀྱི་ཕ་ས”རུ་བགྲང་བཞིན་ཡོད།མཚོ་སྔོན་གྱིས་མི་རིགས་མཐུན་སྒྲིལ་ལས་དོན་སྤེལ་བའི་གོ་རིམ་ཁྲོད་གླིང་སྒྲུང་གི་ཕ་སའི་ཐོན་ཁུངས་བེད་སྤྱད་ནས《གླིང་སྒྲུང》འཚོལ་ཞིབ་དང་མྱུར་སྐྱོབ། ལེགས་སྒྲིག ཡིག་སྒྱུར་བཅས་ཀྱི་ལས་དོན་ཐད་འབྲས་བུ་གཟེངས་སུ་ཐོན་པ་བླངས་ནས་རྒྱལ་ཡོངས་འབྲེལ་ཡོད་ལས་དོན་ལ་དཔེ་སྟོན་ནུས་པ་ཐོན་ཡོད་པ་སྟེ། དཔེར་ན་དར་ལག་རྫོང་དུ་ཡོད་པའི་ཕོ་བྲང་སེང་འབྲུག་སྟག་རྩེ་ནི་གེ་སར་རྒྱལ་པོའི་ཕོ་བྲང་གི་གནའ་ཤུལ་དུ་འཛུགས་སྐྲུན་བྱས་ཡོད་པས། དེ་རུ་གླིང་གེ་སར་དང་དཔའ་རྟུལ་སུམ་ཅུའི་སྐུ་བརྙན་བཞེངས་ཡོད་པ་མ་ཟད། ད་དུང་གེ་སར་གྱི་ལོ་རྒྱུས་མཚོན་པའི་ཐང་ག་བརྒྱ་ལྷག་ཉར་ཚགས་བྱས་ཡོད། རྟེན་རྫས་བཤམས་མཛོད་ཁང་ནང་གནའ་བོའི་གླིང་སྒྲུང་རིག་གནས་དང་འབྲེལ་བ་ཡོད་པའི་རིག་དངོས་མང་པོ་ཉར་ཚགས་བྱས་ཡོད་ཅིང་། དེ་ནི་རྒྱལ་ཡོངས་གླིང་སྒྲུང་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་རྟེན་གཞི་དང་། རྒྱལ་ཡོངས《གླིང་སྒྲུང》རིག་གནས་སྲུང་སྐྱོང་དཔེ་སྟོན་སྡེ་ཁག མཚོ་སྔོན་ཞིང་ཆེན་གྱི《གླིང་སྒྲུང》རིག་གནས་ཞིབ་འཇུག་རྟེན་གཞི་བཅས་ཡིན། མགོ་ལོག་ས་ཁུལ་གྱི“གླིང་སྒྲུང་སྒྱུ་རྩལ་པའི་ཁྱིམ་གཞིས”ཀྱིས་གླིང་སྒྲུང་མཁས་དབང་དང་སྒྱུ་རྩལ་མཁས་ཅན་མང་པོ་ཞིག་ལ་བསམ་བློ་བརྗེ་རེས་དང་རྩལ་ནུས་བགྲོ་གླེང་བྱེད་པའི་ལས་སྟེགས་མཁོ་འདོན་བྱས་ཏེ། པད་མ་རྫོང་སྲིད་གཞུང་གིས་ཆོག་མཆན་གནང་ནས་ལྷ་མོ་ཚོགས་པ10བཙུགས་པ་དང་།དེའི་ནང་དཔལ་གྲགས་དགོན་གྱི་གེ་སར་ལྷ་མོའི་ཚོགས་པ་ལྟ་བུ་ནི་མི་རབས་གསུམ་ལ་རྒྱུན་འཛིན་བྱས་ཡོང་བའི་ལྷ་མོ་མཚོན་བྱེད་ཀྱི་གླིང་སྒྲུང་རིག་གནས་དམངས་ཁྲོད་དུ་རྩ་བ་བརྟན་པོར་ཚུགས་ཡོད་པ་ཞིག་རེད། དེ་མིན་མགོ་ལོག་ཁུལ་རྨ་ཆེན་རྫོང་ཀྲུང་གོའི་གླིང་སྒྲུང་རིག་གནས་རྟེན་རྫས་བཤམས་མཛོད་ཁང་ནི་རྒྱལ་ཡོངས་གླིང་སྒྲུང་རིག་གནས་སྲུང་སྐྱོང་དང་། འགྲེམ་སྟོན། ཞིབ་འཇུག་བཅས་བྱེད་སའི་རྟེན་རྫས་བཤམས་མཛོད་ཁང་དང་པོ་ཡིན་པ་དང་། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱི་ན་གཞོན་སྒྱུ་རྩལ་པས《གླིང་སྒྲུང》ངག་ཐོག་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ་དང་ཆབས་ཅིག་མང་ཚོགས་ཀྱིས་ལྟ་འདོད་པ་དང། ཉན་སྤྲོ་བའི་རིག་རྩལ་གྱི་རྣམ་པ་གསར་བ་ལྷ་མོ་དང་། གླུ་གཞས། གཞས་མ་གཏམ། མེ་ཏོག་མཆོད་པས་བཟོས་པའི་གླིང་སྒྲུང་གི་སྐུ་བརྙན་བཅས་གླིང་སྒྲུང་རིག་གནས་བརྒྱུད་སྤེལ་གྱི་རྣམ་པ་གསར་བར་བརྟེན་ནས། 《གླིང་སྒྲུང》རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱས་དང་བྱེད་བཞིན་མཆིས་པས། གླིང་སྒྲུང་རིག་གནས་ཐད་སྔར་བྱུང་མ་མྱོང་བའི་འབྲས་བུ་བླངས་ཏེ། མི་རིགས་མཐུན་སྒྲིལ་དང་།རིག་གནས་དར་སྤེལ། འཚོ་བ་དང་མཛེས་སྡུག་བཅས་ཀྱི་མཚོན་རྟགས་ཤིག་ཏུ་གྱུར་འདུག ཀྲུང་ཧྭ་ཤེས་རིག་གི་འབྱུང་ཁུངས་འཚོལ་ཞིབ་དང་། རིག་དངོས་འགྲེམ་སྟོན་བརྒྱུད་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་ཤིག་བསྐྲུན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་དཔེ་མཚོན་གསར་བ་བཞག་ཡོད།གཞན་ཡང་། ས་གནས་རིག་གནས་ཏེ། དཔེར་ན་རེབ་གོང་རིག་གནས་སྲུང་སྐྱོང་ཁུལ། རེབ་གོང་རིག་གནས་སྲུང་སྐྱོང་ཁུལ་ནི་རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུས2019ལོའི་ཟླ12པར་ཆོག་མཆན་གནང་ནས་བཙུགས་པའི་ཁག་དང་པོའི་རྒྱལ་ཁབ་རིམ་པའི་རིག་གནས་སྣོད་བཅུད་སྲུང་སྐྱོང་ཁུལ་བདུན་གྱི་གྲས་ཤིག་ཡིན།
དེའི་དམིགས་ཡུལ་ནི་རེབ་གོང་སྒྱུ་རྩལ་གཙོས་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་དང་དེ་བཞིན་དེ་དང་འབྲེལ་ཡོད་ཀྱི་རིག་གནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་རེད།2006ལོར་རྨ་ལྷོ་ཁུལ་རེབ་གོང་སྒྱུ་རྩལ་དང་།རེབ་གོང་དྲུག་པའི་ཀླུ་རོལ། རྨ་ལྷོ་ལྷ་མོ་ཟློས་གར་སོགས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོའི་ནང་ཚུད་པ་དང་། 2009ལོར་རེབ་གོང་སྒྱུ་རྩལ་དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་ཁོངས་སུ་བཅུག 2010ལོར་རྨ་ལྷོ་ཁུལ་གྱིས་ཆེད་མངག་སྲུང་སྐྱོང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་ཏེ། མངོན་མིན་རིག་གནས་ཤུལ་བཞག་ལྟེ་བར་བྱས་ནས་རིག་གནས་སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ཁྱོན་ཡོངས་རང་བཞིན་སྲུང་སྐྱོང་དང་རྒྱུན་འཛིན་འཕེལ་རྒྱས་དང་། རིག་གནས་སྣོད་བཅུད་མ་ལག་དོ་སྙོམས་དང་ཆ་ཚང་སྲུང་སྐྱོང་བཅས་བྱས་པ་མ་ཟད། ད་དུང་རིག་གནས་སྣོད་བཅུད་སྲུང་སྐྱོང་དང་། གྲོང་ཁྱེར་འཕེལ་རྒྱས། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་བཅས་ཟུང་འབྲེལ་སྒོས། 《རེབ་གོང་རིག་གནས་སྣོད་བཅུད་སྲུང་སྐྱོང་ཚོད་ལྟ་ཁུལ་གྱི་སྤྱིའི་འཆར་འགོད》ལ་ཆོག་མཆན་སྔོན་ལ་ཐོབ་ནས་རང་རྒྱལ་གྱིས་དངོས་སུ་ལག་བསྟར་གནང་བའི་རྒྱལ་ཁབ་རིམ་པའི་རིག་གནས་སྣོད་བཅུད་སྲུང་སྐྱོང་ཁུལ་སྤྱིའི་འཆར་འགོད་དང་པོར་གྱུར་པ་རེད།①མིག་སྔར་སྲུང་སྐྱོང་ཁུལ་དུ་རིམ་ཁག་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་རྣམ་གྲངས་ཁག330དང་། རིམ་ཁག་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ257ཡོད་པ་མ་ཟད། ད་དུང་རྒྱལ་ཡོངས་ས་གནས་ཁག་ཏུ་རེབ་གོང་སྒྱུ་རྩལ་སྐར་ཁུང200ལྷག་ཙམ་བཙུགས་ནས་སློབ་ཁྲིད་གསོ་སྦྱོང་དང་། གསར་གཏོད་ཐོན་སྐྱེད། འགྲེམ་སྟོན་གསོག་ཉར། དྲིལ་སྒྲོག་ཞིབ་འཇུག་སོགས་ནུས་མང་གཅིག་འདུས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མངོན་མིན་རིག་གནས་ཤུལ་བཞག་ལྟེ་གནས་མ་ལག་ཆགས་ཡོད།
གཉིས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་གཞི་ལ་ཁྱད་ཆོས་མངོན་པར་གསལ་བའི་བྱ་ཐབས་རབ་དང་རིམ་པ་སྤེལ་བ།
གཅིག སྐྱེ་ཁམས་དམངས་ཕན་མཉམ་སྒྲུབ་ཀྱིས་མི་རིགས་མཐུན་སྒྲིལ་གྱི་དངོས་པོའི་དཔལ་ཡོན་གྱི་རྨང་གཞི་བསྐྲུན་པ།
མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཟང་བོ་བྱེད་པ་ནི“རྒྱལ་དོན་གྱི་ཆེ་ཕྱོགས”སུ་བཟུང་སྟེ།མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གཞིས་ཁུལ་ཚོད་ལྟའི་རྣམ་པ་གསར་བ་འཚོལ་ཞིབ་སྒོས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ་དང་འཁྱགས་རི་གངས་ཐང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་དང་། སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་དུས་མཚུངས་སུ་རྒྱལ་ཁབ་སྤྱི་གླིང་འཛུགས་ཁུལ་གྱི་གཞིས་སྡོད་མི་དམངས་ཀྱི་འཚོ་གནས་མཉམ་བཅོས་མཉམ་སྐྲུན་མཉམ་སྤྱོད་བཅོས་སྒྲིག་བྱེད་སྟངས་ཐད་མཚོ་སྔོན་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་བཏོད་དེ་རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་དང་། སྣོད་བཅུད་སྲུང་སྐྱོང་བྱེད་པའི་གོ་རིམ་ཁྲོད་དམངས་ཚིས་ལེགས་སྒྱུར་བྱེད་པའི་གསར་གཏོད་རང་བཞིན་གྱི་ལས་དོན་བསྒྲུབས་ནས་མི་རིགས་མཐུན་སྒྲིལ་ལ་དངོས་པོའི་དཔལ་ཡོན་གྱི་རྨང་གཞི་ལེགས་པོ་བཏིངས།
སྤྱི་གླིང་གནས་ཁུལ་གྱི་ས་བབ་མཐོ་ལ། འགྲིམ་འགྲུལ་སྟབས་མི་བདེ་བ་དང་། སྐྱེ་ཁམས་མ་ལག་ཉམས་ཞན་ཆེ་ཞིང་འགྱུར་བག་ཆེ་བ། བདག་སྐྱོང་བྱེད་དཀའ་བ་བཅས་ཀྱི་དངོས་ཡོད་གནས་བབ་ལ་གཞིགས་ནས། གཙང་གསུམ་རྒྱལ་ཁབ་སྤྱི་གླིང་གནས་ཁུལ་དུ་འབྲོག་པ་དུད་ཚང1721ཡོད་པ་དང་།“དུད་ཚང་རེར་ལས་གནས་རེ”སྤྲད་དེ་ཁོང་ཚོ་དེ་སྔའི་རྩྭ་ཐང་བེད་སྤྱོད་མཁན་ནས་སྣོད་བཅུད་སྲུང་སྐྱོང་བྱེད་མཁན་དང་ཁེ་ཕན་མཉམ་སྤྱོད་བྱེད་མཁན་དུ་གྱུར་ནས་དུད་ཚང་རེར་ལོ་རེར་སྣོད་བཅུད་དོ་དམ་སྲུང་སྐྱོང་གི་གླ་ཆ་སྒོར་ཁྲི2.16སྟེར་བཞིན་ཡོད། དེས་ས་གནས་འབྲོག་པ་མང་ཚོགས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ནང་ཞུགས་པའི་ཧུར་སེམས་བསྐྱེད་པ་མ་ཟད། ད་དུང་དོ་དམ་སྲུང་སྐྱོང་ལས་ཀ་སྲུང་སྐྱོང་ས་ཁུལ་གྱི་ཁྱབ་ཁོངས་ཡོངས་སུ་ཁེབས་པ་བརྒྱུད་ནས། འབྲོག་པ་ནི་རྩྭ་ཐང་གི་བདག་པོ་ཡིན་ལ་རྒྱལ་ཁབ་སྤྱི་གླིང་གི་སྲུང་དམག་ཀྱང་ཡིན་པའི་དོ་དམ་མ་ལག་བཙུགས།
རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་སྐབས་སྐྱེ་ཁམས་སྲུང་སྐྱོང་དང་། ལྗང་མདོག་འཕེལ་རྒྱས། དམངས་ཚིས་ལེགས་བཅོས་བཅས་གཅིག་གྱུར་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ནང་ལོ་རྒྱུས་ཤུལ་བཞག་གནད་དོན་དང་འགལ་བ་དང་འགལ་ཟླ་སྣ་ཚོགས་འདུམ་འགྲིག་བྱས་ནས་མི་རིགས་མཐུན་སྒྲིལ་ལ་དོ་སྣང་དང་། གླིང་ཁུལ་སྐྱེ་ཁམས་སྲུང་སྐྱོང་དང་གནད་ཕིགས་དབུལ་སྐྱོར་ཟུང་འབྲེལ་གྱིས། ཚབ་བྱེད་ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་འདེད་དང་རྒྱབ་སྐྱོར་བྱེད་པ། སྤྱི་གླིང་ཁོངས་ཀྱི་གཞིས་སྡོད་འབྲོག་མིའི་ཐོན་སྐྱེད་དང་འཚོ་བའི་འགྱུར་ལྡོག་ལ་ཁག་ཐེག་བྱེད་པ། གཞིས་སྡོད་འབྲོག་མི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོང་དང་། རང་བྱུང་སློབ་གསོ། སྐྱེ་ཁམས་ཡུལ་སྐོར་ཞབས་ཞུ་སོགས་ཀྱི་ལས་སྒོའི་ནང་ཞུགས་པའི་ཕན་འབྲས་གང་ལེགས་ཐོབ་པར་བྱས་སྟབས། གཞིས་སྡོད་འབྲོག་མི་དང་དེ་བཞིན་མཐའ་སྐོར་ཡུལ་ལུང་མང་ཚོགས་ཀྱིས་རྒྱལ་ཁབ་སྤྱི་གླིང་ལ་བཅངས་པའི་མོས་སེམས་དང་རྒྱབ་སྐྱོར་འདུན་པ་རྒྱུན་ཆད་མེད་པར་ཆེ་རུ་སོང་།
དེ་མིན་མཚོ་སྔོན་ཞིང་ཆེན་གྱིས་དཔལ་འབྱོར་དར་རྒྱས་འཕྱི་བར་གཞིགས་ནས་མཚོ་སྔོན་གྱི་ལྗང་མདོག་ཕན་འབྲས་ཀྱི་དམིགས་བསལ་ལེགས་ཆ་འདོན་པར“རི་སྔོ་ཆུ་དྭངས”དགོས་ལ“གསེར་རི་དངུལ་རི”མེད་མི་རུང་བའི་དགོངས་དོན་བཟུང་ནས། མཚོ་སྔོན་ནས་ཐོན་པའི་བོད་ལུགས་ས་གདན་ལྟ་བུའི་ཐོན་ལས་གོང་འཕེལ་བཏང་བ་ལ་བརྟེན་ཏེ་སྣོད་བཅུད་དོ་སྙོམས་ལས་རིམ་ཁྲོད་དམངས་ཚིས་ཐག་གཅོད་བཟང་བོ་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་དངོས་པོའི་རྨང་གཞི་བརྟན་པོ་བསྐྲུན་དང་སྐྲུན་བཞིན་ཡོད།
གཉིས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རིམ་ཡོངས་སུ་མི་རིགས་མཐུན་སྒྲིལ་ལས་དོན་རྒྱུན་འཁྱོངས་བྱས་པ།
མཚོ་སྔོན་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་གོ་རིམ་ཡོངས་སུ་མི་རིགས་མཐུན་སྒྲིལ་ལས་དོན་སྒྲུབ་པའི་འཐབ་ཇུས་ལག་བསྟར་བྱས་ཏེེ། མཐུན་སྒྲིལ་གྱི་འཐེན་ཐུག་རིག་གནས་སྤེལ། འཐེན་ཐུག་ནི་མཚོ་སྔོན་གྱི་ཟས་རིགས་ཐོན་རྫས་གལ་ཆེན་ཞིག་ཡིན་ལ།དེ་ནི་མི་རིགས་སོ་སོའི་མཉམ་ལས་ལས་བྱུང་བའི་ཐོན་རྫས་ཤིག་ཀྱང་ཡིན།“མི་རྣམས་ཀྱིས་རྒྱ་རིགས་དང་ཧོར་རིགས་མང་ཚོགས་ཀྱིས་བཏབ་པའི་གྲོ་འཐག་ནས་འཐེན་ཐུག་གི་རྒྱུ་གྲོ་ཕྱེ་བསྐྲུན་པ་དང་། བོད་རིགས་དང་སོག་རིགས་མང་ཚོགས་ཀྱིས་འཚོ་སྐྱོང་བྱས་པའི་ནོར་ཤ་ཡིས་ཤ་ཁུ་བསྐོལ་བ། ས་ལར་རིགས་མང་ཚོགས་ཀྱིས་བཏབ་པའི་ཁ་ཚ་ཡི་བྲོ་རྫས་བཅས་ལ་བརྟེན་ཏེ། མཐར་ཧུའེ་རིགས་མང་ཚོགས་ཀྱི་ལག་ཟུང་ལ་བརྟེན་ནས་ཕོར་བ་རེ་རེའི་ཕྱུག་འགྱུར་གྱི་ཐུག་པ་དང་། ཞི་མཐུན་གྱི་ཐུག་པ། བདེ་སྐྱིད་ཀྱི་ཐུག་པ་རུ་གྱུར”ཅེས་བཤད་པ་ལྟར། ལོ་མང་རིང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་འཐེན་ཐུག་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་སྣོན་སྒོས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཁྲི20ཙམ་གྱིས་རྒྱལ་ཡོངས་ཀྱི་གྲོང་ཁྱེར300ལྷག་ཏུ་འཐེན་ཐུག་ཟ་ཁང་གཉེར་བཞིན་མཆིས། འཐེན་ཐུག་དཔལ་འབྱོར་སྤེལ་བའི་དོན་སྙིང་ནི་སྒོར་དུང་ཕྱུར་བརྒྱ་ཕྲག་གི་ཐོན་ལས་གསར་སྤེལ་བྱ་རྒྱུ་ཡིན་པ་མ་ཟད། ད་དུང་ཐོན་ལས་དེར་བརྟེན་ནས་ས་གནས་དེ་གའི་མང་ཚོགས་དང་འཆམ་མཐུན་མཉམ་གནས་དང་ཞི་མཐུན་འཚོ་ལམ་བསྐྲུན་ནས་མི་རིགས་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་དོན་སྙིང་གསར་བ་བསྣན།“འཐེན་ཐུག་དཀར་ཡོལ་གང”ནི“ཕྱུག་འགྱུར་གྱི་ཆེད”ཡིན་ལ།“མཐུན་སྒྲིལ”ཆེད་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་གྱི་མི་རིགས་སོ་སོས་ཏང་གི་དྲོད་ཁོལ་ལ་བརྟེན་ནས་མཉམ་དུ་བླངས་པའི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུ་ཤེས་བརྟན་པོར་འཕེལ་བའི“མཉམ་གཞས”ཤིག་ཀྱང་ཡིན་ནོ། །①སྡོད་ཁུལ་འཛུགས་སྐྲུན་ཁྲོད་མི་རིགས་མཐུན་སྒྲིལ་གྱི་ལས་དོན་རྒྱུན་འཁྱོངས་བྱས་པ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྡོད་ཁུལ་འདི་ཉིད་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོང་བའི་གཡུལ་ས་གལ་ཆེན་ཞིག་ཏུ་བརྩི་དགོས་པའི”མཛུབ་སྟོན་གལ་ཆེན་ལག་བསྟར་ནན་ཏན་སྒོས། མི་རིགས་སོ་སོའི་ཕན་ཚུན་མཉམ་འདྲེས་རྣམ་པའི་སྤྱི་ཚོགས་གྲུབ་སྟངས་དང་སྡེ་ཁུལ་ཁོར་ཡུག་བསྐྲུན་ཏེ་སེ་འབྲུ་སྡེ་ཁུལ110བསྐྲུན་ནས་མི་རིགས་མཉམ་འདུས་སྡེ་ཁུལ་ཁྱིམ་གཞིས་འཛུགས་སྐྲུན་བྱས་པ་དང་།“ལག་གདང་དམ་སྦྲེལ”དང་།“གཅིག་སེམས་གཅིག་འདྲེས”སོགས་ཀྱི་མཐུན་སྒྲིལ་བྱེད་སྒོ་རབ་དང་རིམ་པ་སྤེལ། རིགས་སོ་སོའི་མི་དམངས་ཀྱི་འཚོ་བ་དང་བྱ་བའི་གོ་རིམ་ཁྲོད་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཕན་པའི་སྲིད་ཇུས་དང་བྱེད་ཐབས་འཐུས་སྒོ་ཇེ་ཚང་དུ་བཏང་ཐོག སྡེ་ཁུལ་གྱི་སྤྱི་པའི་ཞབས་ཞུ་འཐུས་ཚང་དུ་བཏང་བ་དང་། བསམ་པའི་རིག་གནས་བྱེད་སྒོ་ཕུན་སུམ་ཇེ་ཚོགས་སུ་བཏང་བ། རིགས་སོ་སོའི་མང་ཚོགས་ཀྱིས་མཉམ་དུ་སློབ་སྦྱོང་བྱེད་པའི་མཉམ་སྐྲུན་མཉམ་སྤྱོད་མཉམ་ལས་མཉམ་སྤྲོ་བཅས་ཀྱི་སྤྱི་ཚོགས་ཁོར་ཡུག་དང་ཆ་རྐྱེན་གསར་སྐྲུན་བྱས་ཏེ། མི་རིགས་སོ་སོའི་ཕུགས་འདུན་དང་། དད་སེམས། བརྩེ་དུང་། རིག་གནས་བཅས་ཀྱི་ཐད་མཐུན་སྒྲིལ་གཅིག་གྱུར་ལམ་དུ་འགྲོ་བཞིན་ཡོད། དེ་བཞིན་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱས་ཏེ། གྲོང་ཁྱེར(ཁུལ)ཡོངས་སུ་རྒྱལ་ཁབ་རིམ་པའི་དཔེ་སྟོན་བསྐྲུན་པའི་ཞིང་ཆེན་ཐོག་མར་གྱུར་པ་དང་།མི་རིགས་ས་ཁུལ་གྱི་འཆམ་མཐུན་གཏན་འཇགས་གོང་སྤེལ་ལ་སྐུལ་འདེད་བཏང་བས། མཐའ་བདེ་བོད་བརྟན་ཡོང་བར་ནུས་པ་གལ་ཆེན་ཐོན་དང་འདོན་བཞིན་ཡོད།
གསུམ། ཆོས་ལུགས་ཀྲུང་གོ་ཅན་དུ་ཕྱོགས་པའི་བྱེད་ཐབས།
“ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་དང་།རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཆོས་ལུགས་བྱ་བའི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། ཁྲིམས་མཐུན་སྲུང་སྐྱོང་དང་ཁྲིམས་འགལ་གཏན་འགོག ཐལ་དྲགས་འགོག་སྡོམ། སིམ་འཛུལ་བཀག་འགོག ཉེས་བསགས་རྡུང་རྡེག་བཅས་རྒྱུན་འཁྱོངས་སྒོས།”②མཚོ་སྔོན་ཁྱད་ཆོས་ཀྱི་ཆོས་ལུགས་ལས་དོན་བཅོས་སྐྱོང་མ་ལག་འཛུགས་གྲུབ་བྱ་དགོས་པའི་བླང་བྱ་བཏོན་པ་ལྟར། དགོན་སྡེ་དོ་དམ་གྱི་ཕུགས་ཕན་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། ཆོས་ལུགས་དགོན་སྡེ་རུ་ཁྲིམས་ལྟར་རང་ཉིད་དོ་དམ་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བར་མཛུབ་སྟོན་དང་རྒྱབ་སྐྱོར་བྱས་ཤིང་།ཆོས་ལུགས་ཀྲུང་གོ་ཅན་དུ་སྤེལ་བའི་ཉམས་མྱོང་གསར་བ་འཚོལ་ཞིབ་བྱེད་པའི་ཐད་ལ་ཆོས་ལུགས་དགོན་སྡེ་ཡི་འཐུས་ཚབ་མི་སྣའི་སྣེ་ཁྲིད་ནུས་པ་འདོན་སྤེལ་དང་ཆོས་གཞུང་ལ་དུས་རབས་དང་མཐུན་པའི་འགྲེལ་བཤད་བྱས་སྟབས།“སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆ་རྐྱེན་འོག བོད་བརྒྱུད་ནང་བསྟན་གྱི་སྤྱི་ཚོགས་རྣམ་པར་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་།”བོད་ཀྱི་སྤྱི་ཚོགས་སྒྲིག་གཞི་དེ་ཆོས་སྲིད་ཟུང་འབྲེལ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལ་ཕྱོགས་པ་དང་། རིག་གནས་གསར་བ་དང་རིག་གནས་སྣ་མང་དར་བའི་ཁྲོད་དངོས་གཙོ་དང་དེང་རབས་ཚན་རིག་གཙོས་པའི་འདུ་ཤེས་གསར་བ་ཆགས་པ་དང། ཆོས་ལུགས་བྱེད་སྒོ་ལ་ཞུགས་ཚད་དང་ཆོས་ལུགས་འདུ་ཤེས་ཀྱི་ཤན་ཇེ་ཆུང་དུ་གྱུར། དོན་དངོས་དང་གནས་བབ་གསར་བ་འདི་འདྲའི་འོག་ཏུ། བོད་བརྒྱུད་ནང་བསྟན་གྱི་ཞབས་འདེགས་ཞུ་ཡུལ་དང་ནང་དོན་ལ་འགྱུར་བ་བྱུང་བ་དང་། རིག་གནས་དང་བསམ་བློ་གསར་བ་དང་ལེན་བྱེད་པའི་དམིགས་ཡུལ་དང་རྨང་གཞི་ལ་འགྱུར་བ་བྱུང་བས། བོད་བརྒྱུད་ནང་བསྟན་གྱི་འགྲེལ་ལུགས་ལ་ཡང་འགྱུར་བ་དང་ཆོས་ཉིད་དམིགས་སུ་བཟུང་ཐོག ཆོས་དད་མང་ཚོགས་གཙོས་བོད་རིགས་མི་དམངས་ཀྱི་འདོད་བློ་དགོས་མཁོ་དང་བསྟུན་པ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་འཚམ་པར་ཆོས་དང་རིག་གཞུང་ལ་ཡུལ་དུས་ཀྱི་བབ་དང་མཐུན་པར་འགྲེལ་བ་ནི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་ཕྱོགས་པའི་རྩ་བའི་ལས་དོན་ཡིན་ལ་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་འཕེལ་རིམ་གྱི་ཆོས་ཉིད་དང་ཡང་ཀུན་ནས་མཐུན་ནོ། །
གསུམ་པ། ཉམས་མྱོང་དང་བསམ་གཞིགས།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པའི་གོ་རིམ་ཁྲོད་མཚོ་སྔོན་ཁྱད་ཆོས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བ་ཞིག་བཏོད་པ་དང་། འཛམ་གླིང་ལ་ཀྲུང་གོ་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་གྱི་གསོན་ཉམས་ལྡན་པའི་ལག་ལེན་དང་གཡུར་ཟའི་འབྲས་བུ་འགྲེམ་སྟོན་གནང་ཡོད།
གཅིག ཏང་གི་ཡང་དག་པའི་མགོ་ཁྲིད་རྒྱུན་འཁྱོངས་བྱས་པ།
མི་རིགས་ལས་དོན་ཡག་པོ་སྒྲུབ་ཐུབ་མིན་གྱི་གཞི་རྩ་ནི་ཏང་གི་མགོ་ཁྲིད་འགྱུར་མེད་ཤུགས་ལྡན་ཡིན་མིན་ལ་རག་ལས་པ་དང་། མཚོ་སྔོན་གྱིས་ཏང་གིས་མི་རིགས་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པ་བྱ་བའི་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ངོས་ནས་རྩེ་རིམ་ཇུས་འགོད་ཡག་པོ་སྒོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ཆབ་སྲིད་རྨང་གཞི་བརྟན་པོར་བཏང་། ཏང་གི་མགོ་ཁྲིད་ནི་རིགས་སོ་སོའི་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད་ལ་ཐད་ཀར་འབྲེལ་བས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལས་དོན་གྱི་སྲོག་ཤིང་དུ་གྱུར་ཡོད། དེ་བས་སྐབས་རིམ་བྱུང་གི་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་དགོངས་དོན་དང་མཚོ་སྔོན་གྱི་དོན་དངོས་གནས་ཚུལ་ལ་གཞིགས་ནས་མི་རིགས་ལས་དོན་འཆར་འགོད་བྱེད་པའི་དམིགས་ཚད་ལས་འགན་ལ་མཐོང་ཆེན་དང་། ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་གསར་བའི་བསམ་བློར་སློབ་སྦྱོང་བྱེད་པ། ཏང་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་ཏང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་བཅས་ཕྱོགས་ཡོངས་ནས་ལག་བསྟར་སྒོས། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་སྔོན་ལ་བཙུགས་ནས་གྲོང་ཁྱེར(ཁུལ)ཚང་མར་རྒྱལ་ཁབ་རིམ་པའི་དཔེ་སྟོན་ཡོད་པའི་ཐོག་མའི་ཞིང་ཆེན་ཡིན་པ་དང། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་རྒྱ་ཁྱབ་ཏུ་དར་སྤེལ་གཏོང་བ། མར་ཁེ་སིི་རིང་ལུགས་ཀྱི་རྒྱལ་ཁབ་ལྟ་བ་དང་། ལོ་རྒྱུས་ལྟ་བ། མི་རིགས་ལྟ་བ། ཆོས་ལུགས་ལྟ་བ། རིག་གནས་ལྟ་བ་བཅས་ཀྱི་སློབ་གསོ་ཁྱབ་གདལ་གཏོང་བ། འདུ་ཤེས་འཛིན་སྟངས་འཛུགས་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་ལ་འབད་དེ། མཚོ་སྔོན་དུ་རིགས་སོ་སོའི་མང་ཚོགས་ཀྱི་མཐུན་སྒྲིལ་དང་མཛའ་བརྩེ་དམ་པོར་བཟུང་ནས། ཟོལ་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་ཕྱོགས་པ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་།ཏང་གི་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་ནས་ཡོད།
གཉིས། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཀུན་ནས་བསྟུན་པ།
མཚོ་སྔོན་གྱི་གནས་བབ་མཐའ་དག་རྒྱལ་ཁབ་ཀྱི་འཕེལ་རྒྱས་སྤྱི་ཡོངས་དང་དམ་དུ་འབྲེལ་བ་མ་ཟད་ཀྲུང་ཧྭ་མི་རིགས་ཀྱི་འབྱུང་འགྱུར་ལ་ཡང་རག་ལས་ཡོད།“ང་ཚོར་ཕྱོགས་མང་པོའི་སྲིད་ཇུས་ཀྱི་གོ་སྐབས་བསྐྲུན་ཡོད་དེ། དུས་རབས་གསར་བའི་ནུབ་རྒྱུད་གསར་སྤེལ་དང་།རྨ་ཆུ་འབབ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་གོང་སྤེལ། མཚོ་སྔོན་ལ་ཁ་གཏད་པའི་རོགས་སྐྱོར་དང་ཤར་ནུབ་རྒྱུད་ཀྱི་མཉམ་ལས། བོད་འབྲེལ་ས་ཁུལ་གྱི་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པ་སོགས་འཐབ་ཇུས་འགངས་ཆེན་རབ་དང་རིམ་པ་ལག་ལེན་དུ་བསྟར་བས། སྲིད་ཇུས་ཀྱི་ཕན་འབྲས་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོ་འཛོམས་ཡོད”①ཅེས་པ་ལྟར། མཚོ་སྔོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྤེལ་བའི་གོ་རིམ་ཁྲོད་ཀྲུང་དབྱང་གི་འཐབ་ཇུས་ལ་དམ་པོར་གཞིགས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཟང་བོ་བྱེད་པ་ནི“རྒྱལ་དོན་གྱི་ཆེ་ཕྱོགས”ཡིན་པར་བཟུང་ནས་ལྗང་མདོག་འཕེལ་རྒྱས་ཀྱི་དེང་རབས་ཅན་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་འཆར་འགོད་བཏོན། རྨ་ཆུ་འབབ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་སྟེ། རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་དང་། མདོ་ལའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ས་གནས་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་སྟེ་རང་རྒྱལ་གྱི་སྣོད་བཅུད་འཛུགས་སྐྱོང་དང་མི་རིགས་མཐུན་སྒྲིལ་བྱེད་པའི་ཐད་དུ་གསར་གཏོད་རང་བཞིན་གྱི་ལས་སྒོ་ཕྱེ་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པའི་ལས་གཞིི་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་བདེ་འཇགས་འགོག་ཡོལ་སྔར་ལས་བརྟན་པོར་འཛུགས་པ་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བ། སྣོད་བཅུད་དོ་མཉམ་པ་ལ་སོགས་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལྟེ་བར་བཟུང་ནས་ལས་དོན་རྒྱུན་འཁྱོངས་བྱས་དང་བྱེད་བཞིན་ཡོད།
གསུམ། རང་སའི་གནས་བབ་དངོས་ལ་གཞིགས་པ།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྤེལ་བའི་གོ་རིམ་ཁྲོད་མཚོ་སྔོན་གྱིས་དུས་དང་རྣམ་པ་ཀུན་ཏུ་རང་སའི་གནས་བབ་དངོས་ལ་གཞིགས་ནས་ལེགས་ཆ་འདོན་སྤེལ་དང་མི་འདང་བའི་ཆ་སེལ་ཐབས་བྱེད་བཞིན་ཡོད། མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་ཀུན་ལས་གྲངས་ཉུང་མི་རིགས་ཀྱི་མི་འབོར་བསྡུར་གྲངས་ཆེས་མཐོ་བའི་ཞིང་ཆེན་ཞིག་ཡིན་པ་དང་། མི་རིགས་རང་སྐྱོང་ས་གནས་ཀྱི་རྒྱ་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི98%ཡན་ཟིན་པ། བོད་འབྲེལ་ཁུལ་དང་རྫོང་སྤྱིའི་རྒྱ་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི96.4%ཟིན་པ། འཛམ་གླིང་གི་ཆོས་ལུགས་ཆེན་པོ་གསུམ་པོ་མཉམ་དུ་གནས་པས། མི་རིགས་དང་། རིག་གནས། ཆོས་ལུགས་སྣ་མང་ནི་མཚོ་སྔོན་གྱི་ཁྱད་ཆོས་གཙོ་བོ་ཞིག་ཏུ་གྱུར་ཡོད། དེ་བས། མཚོ་སྔོན་དུ་མི་རིགས་བྱ་བ་ལེགས་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ལ་དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྲུན་སྤྱི་ཡོངས་དང་འབྲེལ་བ་ཡོད།
མཚོ་སྔོན་ནི་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་དང་། ས་མཐོའི་ས་ཁུལ། དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ། རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་གཙོ་གནད་རྫོང་མང་བའི་ཞིང་ཆེན་ཞིག་དང་། སྐྱེ་ཁམས་གལ་འགངས་ཆེ་བའི་ས་ཁུལ་བཅས་ཕྱོགས་བསྡུས་རང་བཞིན་གྱི་ཁྱད་ཆོས་ལྡན་པ་བཅས་ལ་གཞིགས་ནས་སྐྱེ་ཁམས་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཕེལ་རྒྱས་ཀྱི་ནུས་པ་གཞི་གཅིག་ལྡན་པའི་གཙང་གསུམ་རྒྱལ་ཁབ་སྤྱི་གླིང་དང་ས་གནས་རང་བཞིན་གྱི་དཔལ་འབྱོར་དར་སྤེལ་བཏང་ཡོད།
གོང་གསལ་ལྟར། མཚོ་སྔོན་ནི་ཞིང་ཆེན་གཞན་དག་དང་བསྡུར་ན་འཕེལ་རྒྱས་ཐད་མི་འདང་བའི་ཆ་ཡོད་ལ། ཕུན་སུམ་ཚོགས་པའི་ལེགས་བབ་ཀྱང་འཛོམས་པས། མཚོ་སྔོན་གྱིས་མི་རིགས་ལས་དོན་སྒྲུབ་པའི་གོ་རིམ་ཁྲོད་གོང་གསལ་གནས་བབ་དམ་པོར་བཟུང་ནས། ས་གནས་དགེ་མཚན་འདོན་གང་ཐུབ་དང་། ཁྱད་ཆོས་མཐའ་དག་ཐོན་ཁུངས་སུ་བསྒྱུར་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་ལ་དངོས་ཡོད་དང་འཚམ་པའི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བའི་ཐུན་མོང་མ་ཡིན་པའི་ལམ་གསར་བ་ཞིག་བདམས་ཡོད།
མཇུག་བསྡུ་བ།
མཐུན་སྒྲིལ་གྱིས་སྟོབས་ཤུགས་འཕེལ། རིག་གནས་ཀྱིས་མི་སེམས་འགུགས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རིགས་སོ་སོའི་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་དཔུང་རྡང་སྦྲེལ་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལང་ཚོའི་མེ་ཏོག་དུས་རྟག་ཏུ་བཞད་པར་འབད་པ་དང་། ཞུམ་མེད་མདུན་སྐྱོད་ཀྱི་སྟོབས་ཤུགས་ཕྱོགས་གཅིག་ཏུ་བསྡུས་ནས་གསོན་ཤུགས་ལྡན་པའི་ངང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་དང་རིགས་སོ་སོའི་མི་རིགས་ཀྱིས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་བཅས་ལ་ཚད་མཐོའི་ངོས་འཛིན་གཅིག་མཐུན་ཡོང་བ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྒོ་ཀུན་ནས་འཛུགས་པ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་བདེ་སྡུག་མཉམ་མྱོང་དང་ཁྲེལ་གྲགས་མཉམ་ཁུར། ཤི་གསོན་མཉམ་གནས། ལས་དབང་མཉམ་གནས་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་ཆགས་པར་སྣེ་ཁྲིད་བྱེད་པའི་ལག་ལེན་ཁྲོད་འབྲས་བུ་མི་དམན་པ་བླངས་ཤིང་ཉམས་མྱོང་ཕུན་སུམ་ཚོགས་པ་བསགས་ཡོད། །
①ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཐེངས་བཅུ་བཞི་པའི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུ། [A] ཡོང་ཁུངས། ཞིང་ཆེན་སྲིད་གཞུང་དྲ་བ། སྤེལ་དུས། 2022.
① 文化生态保护区建设巡礼,创新民族地区文化生态保护的“热贡方案”[A]中国民族报电子版,引用日期2022.
① 信长星.努力在铸牢中华民族共同体意识上走在前列[A][青海党建]第10期2022.
② ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཐེངས་བཅུ་བཞི་པའི་འཐུས་མི་ཚོགས་ཆེན་གྱིི་སྙན་ཞུ། [A] ཡོང་ཁུངས། ཞིང་ཆེན་སྲིད་གཞུང་དྲ་བ། སྤེལ་དུས། 2022.
① ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཐེངས་བཅུ་བཞི་པའི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུ། [A] ཡོང་ཁུངས། ཞིང་ཆེན་སྲིད་གཞུང་དྲ་བ། སྤེལ་དུས། 2022.
* དབང་ཆེན་ཚེ་རིང་། མཚོ་སྔོན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་དུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད།