[གནད་བསྡུས] དཔྱད་རྩོམ་འདིའི་ནང་དུ《ལས་ཀྱིས་འཕྲད་པའི་ལྕང་སྡོང》ཞེས་པའི་ལྷུག་རྩོམ་འདིའི་བརྗོད་དོན་ངོ་སྤྲོད་དང་འབྲེལ་ཏེ། དོན་བརྗོད་ལྷུག་རྩོམ་དང་སྐྱེ་ཁམས་ལྷུག་རྩོམ་སྟེ་ལྷུག་རྩོམ་གྱི་ཟུར་མི་འདྲ་བ་གཉིས་ནས་དབྱེ་ཞིབ་དང་ཕྱོགས་བསྡོམས་བྱས་ཡོད་ལ། ཁྱད་པར་དུ་ལྷུག་རྩོམ་འདིའི་ཡིད་ལ་འབབ་པའི་བརྗོད་བྱ་དང་གསོན་ཉམས་ལྡན་པའི་ཚིག་སྦྱོར། ཐུན་མོང་མ་ཡིན་པའི་འབྲི་ཐབས་སོགས་ཀྱི་ཁྱད་ཆོས་དང་དགེ་མཚན་ཡང་ངོ་སྤྲོད་བྱས་ཡོད།
[གནད་ཚིག] ལས་ཀྱིས་འཕྲད་པའི་ལྕང་སྡོང་། བརྗོད་དོན། དོན་བརྗོད་ལྷུག་རྩོམ། སྐྱེ་ཁམས་ལྷུག་རྩོམ།
“རྩོམ་སྟངས་རིག་པའི་ཆ་ནས་རྩོམ་ཡིག་གི་དབྱེ་བ་ལ་རྣམ་པ་ཆེན་པོ་བཞི་ཡོད་པ་སྟེ། དོན་གྱི་བྱུང་རིམ་བརྗོད་པའི་རྩོམ་ཡིག་དང་དཔྱད་བརྗོད་རྩོམ་ཡིག། གསལ་བཤད་རྩོམ་ཡིག རྒྱུན་བཀོལ་རྩོམ་ཡིག་བཅས་ཡིན་ཞིང་། རྣམ་པ་ཆེན་པོ་རེ་རེ་ལའང་ཡན་ལག་ཏུ་གྱུར་པའི་རྩོམ་རྩལ་དུ་མ་ཡོད་དེ། དོན་གྱི་བྱུང་བ་བརྗོད་པའི་རྩོམ་ཡིག་གི་ནང་གསེས་ལ། གནས་ཚུལ་གསར་འགྱུར། གནས་ཚུལ་ཁྱད་རྩོམ། གསར་འགྱུར་རྩོམ་རིག ལྷུག་རྩོམ། བསྡུས་བརྗོད་གཏམ་རྒྱུད། སྒྲུང་གཏམ་བཅས་ཡོད”①ཅེས་པ་ལས་ལྷུག་རྩོམ་དོན་གྱི་བྱུང་བ་བརྗོད་པའི་རྩོམ་ཡིག་གི་གྲས་སུ་བཞག་ཡོད་མོད། འོན་ཀྱང་ལྷུག་རྩོམ་ཡོད་ཚད་དོན་གྱི་བྱུང་བ་བརྗོད་པ་ཡིན་པའི་ངེས་པ་མེད་པར། ལྷུག་རྩོམ་ལ་ཡིད་འགྱུར་མཚོན་པའི་ལྷུག་རྩོམ་དང་དཔྱད་གླེང་ལྷུག་རྩོམ་ཡང་ཡོད། རྩོམ་རིག་གཞུང་ལུགས་སུ་རྩོམ་རིག་ལ་སྒྲུང་གཏམ་དང་སྙན་ངག ལྷུག་རྩོམ། ཟློས་གར་བཅས་རིགས་ཆེན་པོ་བཞིར་དབྱེ་བ་དང་། རྩོམ་སྟངས་ཀྱི་དབྱེ་ཚུལ་དང་རྩོམ་རིག་གི་དབྱེ་ཚུལ་འདི་གཉིས་བལྟས་ཚོད་ཀྱིས་ཁྱད་པར་ཆེན་པོ་ཡོད་དེ། ཞིབ་ཏུ་བསམ་བློ་གཏོང་དུས་དེ་ནི་རྩོམ་ཡིག་ཅིག་ལ་ཟུར་མི་འདྲ་བ་ནས་དབྱེ་ཞིབ་བྱས་པའི་མཇུག་འབྲས་ཡིན། ལས་ཀྱིས་འཕྲད་པའི་ལྕང་སྡོང་ནི་རྩོམ་རིག་གི་ཆ་ནས་དབྱེ་ན་ལྷུག་རྩོམ་ཞིག་ཡིན་ལ། རྩོམ་སྟངས་ཀྱི་ཆ་ནས་བལྟས་ན་ཇི་བཞིན་བརྗོད་པའི་ལྷུག་རྩོམ་ཞིག་ཡིན་པས། ལྷུག་རྩོམ་གྱིས་འཚོ་བ་ངོ་མ་དང་མྱོང་བ་རྣལ་མ། བརྩེ་བ་དག་མ་བྲིས་པའི་ཁྱད་ཆོས་ལྡན་ཞིང་། ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་དུས་ཚོད་དང་ས་གནས། མི་སྣ། དོན་རྐྱེན། བརྒྱུད་རིམ། མཇུག་འབྲས་བཅས་ཆ་རྐྱེན་དྲུག་ཚང་བའི་རྩོམ་ཡིག་ཅིག་ཡིན།“རྩོམ་རིག་སྒྱུ་རྩལ་ནི་ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་ཕྱིར་དྲན་ཞིག་ཡིན་ལ། དེ་ནི་རྩོམ་པ་པོས་འཇིག་རྟེན་ཤེས་རྟོགས་བྱུང་བ་ལ་བརྟེན་ནས་བྱུང་བའི་ཕྱིར་དྲན་ཞིག་ཡིན”②ཞེས་པ་ལྟར། ལས་ཀྱིས་འཕྲད་པའི་ལྕང་སྡོང་ཡང་རྩོམ་པ་པོས་འཇིག་རྟེན་ཤེས་རྟོགས་བྱུང་བ་ལ་བརྟེན་ནས་བྱུང་བའི་ཕྱིར་དྲན་ཞིག་ཡིན་ཏེ། རྩོམ་ཡིག་འདིར་ལྕང་སྡོང་ཞིག་བཙུགས་པའི་འདས་ཟིན་པའི་གཏམ་རྒྱུད་དེར་ཕྱིར་དྲན་དང་། བསམ་བཞིན་མ་ཡིན་པ་ནས་བསམ་བཞིན་ཤེས་པའི་བར་གྱི་ཚོར་བ་དང་མྱོང་བ་དེ་བྲིས་ཡོད། རྩོམ་ཡིག་འདིར་རྩོམ་པ་པོས་ལྕང་སྡོང་ཞིག་བཙུགས་པ་དམིགས་སུ་བཟུང་ནས་བྲིས་ཡོད། དེ་ལྟར་བྲིས་པ་ལ་རྒྱུ་རྐྱེན་ཆེན་པོ་གསུམ་ཡོད་པར་འདོད་དེ། གཅིག་ནི་ལྕང་སྡོང་དེ་རྩོམ་པ་པོས་མི་ཚེ་འདིར་བཙུགས་པའི་ལྗོན་པ་ཐོག་མ་དེ་ཡིན་པས། ལྗོན་པ་དེ་དང་ཁོ་གཉིས་བར་དུ་དམིགས་བསལ་གྱི་གཏམ་རྒྱུད་མང་པོ་ཞིག་ཡོད་པ་དང་། གཉིས་ནི་ལྕང་སྡོང་དེ་ལ་བརྟེན་ནས་ཁོ་རང་སྡོང་འཛུགས་ནགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་གི་ལས་ཀའི་ཁྲོད་ཞུགས་པ་བརྗོད་པ། གསུམ་ནི་སྡོང་འཛུགས་ནགས་སྐྲུན་ནི་བྱེ་རླུང་སྔོན་འགོག་གི་ཐབས་ཤེས་གལ་ཆེན་ཞིག་ཡིན་པ་བརྗོད་པའི་ཆེད་ཡིན།
ལས་ཀྱིས་འཕྲད་པའི་ལྕང་སྡོང་ཞེས་པའི་ཁ་བྱང་ལས་ལྕང་སྡོང་དང་ལས་གཉིས་ནི་གནད་ཚིག་གཙོ་བོ་ཞིག་ཡིན་ལ།“ལས”ནི་བོད་ཀྱི་ནང་བསྟན་ཤེས་རིག་ཁྲོད་ནང་དོན་རྒྱ་ཆེ་ལ་གཏིང་ཟབ་པའི་ཐ་སྙད་ཅིག་ཀྱང་ཡིན། ང་ཚོས་འཁོར་འདས་ཀུན་ལ“ལས”ཀྱིས་འགྲེལ་བརྒྱབ་ཆོག་ལ། སྐྱེ་འཆི་ཐམས་ཅད“ལས”ཀྱི་སྟེང་དུ་བསྡུས་ཆོག་པས། རྩོམ་འདི་ལ་འཇུག་དུས་ཀྱང་ཐོག་མར“ལས”ཞེས་པ་དེར་མཉམ་འཇོག་དགོས་ཤིང་།“ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས”ཞེས་པ་ལྟར། རྩོམ་ཡིག་འདི་ཡང“ལས”ལས་སྐྱེས་པ་ཞིག་ཡིན་ཏེ།“ལས”ཀྱིས་སློབ་གྲྭར་སོང་།“ལས”ཀྱིས་ལྕང་སྡོང་དང་འཕྲད།“ལས”ཀྱིས་ལྕང་སྡོང་དང་ཁོ་གཉིས་བར་དུ་གཏམ་རྒྱུད་བྱུང་བ་སོགས་གཏམ་རྒྱུད་ཀྱི་ཕྲེང་རྡོག་རེ་རེ“ལས”ཀྱི་སྲད་བུའི་སྟེང་བརྒྱུས་ནས་འགྲེལ་ཆོག
གཅིག བརྗོད་དོན་སྤྱི་བཤད།
རྩོམ་ཡིག་འདིའི་ནང་རྩོམ་པ་པོས་མི་ཚེ་འདིར་ཐོག་མར་བཙུགས་པའི་ལྕང་སྡོང་དེ་སྡོང་ཕྲུག་ཅིག་ནས་སྡོང་རྒན་ཞིག་ཏུ་གྱུར་པ་དེ་བརྗོད་བྱར་བཟུང་སྟེ། ལྕང་སྡོང་དེས་བྱེ་ཐང་གི་གྲོང་ཁྱེར་དེར་བྱེ་རླུང་བཀག་པ། རྩོམ་པ་པོས་ལྕང་སྡོང་དེ་རང་གི་བྱས་རྗེས་ཤིག་ཏུ་བརྩིས་ཏེ་གཞན་ལ་ངོམ་སོ་བྱས་པ་སོགས་བྲིས་ཡོད། རྩོམ་ཡིག་འདི་བྲི་བའི་དམིགས་ཡུལ་ནི་ཡུལ་དེའི་མི་རྣམས་སྡོང་འཛུགས་ནགས་སྐྲུན་ཁྲོད་ཞུགས་བཞིན་ཡོད་པ་དང་། སྡོང་འཛུགས་ནགས་སྐྲུན་ལ་བརྟེན་ནས་བྱེ་རླུང་བཀག་སྟེ་ཁོར་ཡུག་སྲུང་སྐྱོང་བྱེད་བཞིན་ཡོད་པ་བརྗོད་པའི་ཆེད་ཡིན། ང་ཚོས་ལྷུག་རྩོམ་འདི་ཀློག་དུས་ལྕང་སྡོང་གཅིག་ལས་ལྗོན་པའི་ཚོགས་ཤིག་མཐོང་ཐུབ་དགོས་ལ། ལྗོན་པའི་ཚོགས་ཤིག་ལྕང་སྡོང་གཅིག་གི་སྟེང་བསྡུ་ཡང་ཐུབ་དགོས། རྩོམ་ཡིག་འདི་ལས་གཅིག་དང་ཚོགས་པ་དང་། ཡང་ན་ཚོགས་པ་དང་གཅིག་བར་གྱི་འབྲེལ་བ་དེ་གང་ལས་ཤེས་ཐུབ་ཅེ་ན། རྩོམ་པ་པོས་ལྕང་སྡོང་བཙུགས་པ་དང་གྲོང་ཁྱེར་དེའི་སྡོང་འཛུགས་ནགས་སྐྲུན་ཁྲོད་ཐེངས་མང་པོར་ཧུར་བརྩོན་གྱིས་ཞུགས་པ་ལས་ཤེས་ཐུབ།
རྩོམ་པ་པོ་སྡོད་སའི་གྲོང་ཁྱེར་འདི་བྱེ་ཐང་དུ་ཡོད་པས། དུས་རྒྱུན་དུ་བྱེ་རླུང་ལྡང་བ་དང་། ལྷག་པར་དུ་དཔྱིད་ཀར་སླེབས་པ་ན་བྱེ་རྡུལ་འཐིབས་པས། གྲོང་ཁྱེར་འདིའི་མི་རྣམས་ཀྱིས་བྱེ་རླུང་འགོག་ཆེད་སྡོང་འཛུགས་ནགས་སྐྲུན་བྱེད་ཀྱིན་ཡོད། ལྷུག་རྩོམ་འདིར་སྡོང་འཛུགས་ནགས་སྐྲུན་བྱས་པ་ལ་བརྟེན་ནས་བྱེ་རླུང་དང་རྡུལ་འཚུབ་བཀག་པའི་གནས་ཚུལ་དེ་ཞིབ་ཅིང་ཕྲ་བའི་སྒོ་ནས་བྲིས་མེད་པར་རྩོམ་པ་པོས་ཐབས་མཁས་ཀྱི་སྒོ་ནས། ང་སྡོད་སའི་གྲོང་ཁྱེར་འདི་བྱེ་ཐང་དུ་ཡོད་པས། དུས་རྒྱུན་དུ་བྱེ་རླུང་ལྡང་བ། ལྷག་པར་དུ་དཔྱིད་ཀར་སླེབས་པ་ན་བྱེ་རྡུལ་འཐིབས་པས། གྲོང་ཁྱེར་འདིའི་མི་རྣམས་ཀྱིས་བྱེ་རླུང་འགོག་ཆེད་སྡོང་འཛུགས་ནགས་སྐྲུན་བྱེད་ཀྱིན་ཡོད་པ་དང་། བྱེ་ཐང་གི་དབུས་སུ་ཆགས་ཤིང་དུས་རྒྱུན་བྱེ་རླུང་ཆེ་བའི་གྲོང་ཁྱེར་དེར་མཚོན་ན། ལྗོན་པ་མང་པོ་ཞིག་གཟུག་ཐུབ་ཚེ། ལྗོན་པ་དེ་དག་གིས་བྱེ་རླུང་འགོག་ཐུབ་པར་མ་ཟད། ད་དུང་ལྗོན་པས་གྲོང་ཁྱེར་དེར་ལྗང་མདོག་བསྐྱལ། མཛེས་སྡུག་བསྐྲུན་ཞེས་སྡོང་འཛུགས་ནགས་སྐྲུན་གྱི་དགེ་མཚན་ཐབས་མཁས་ཀྱི་སྒོ་ནས་བསྟན་ཡོད། རྩོམ་ཡིག་འདིར་ལྕང་སྡོང་བཙུགས་པའི་བརྒྱུད་རིམ་དེ་ཞིབ་ཅིང་ཕྲ་བར་བྲིས་ཡོད། རྣམ་པ་དེ་ནི་སྡོང་འཛུགས་ནགས་སྐྲུན་གྱི་ཟུར་ཅིག་ཡིན་ལ། ཟུར་དེ་ལ་བརྟེན་ནས་ང་ཚོས་སྡོང་འཛུགས་ནགས་སྐྲུན་བྱེད་པའི་ཟུར་ཡོད་ཚད་དང་། ངོས་ཧྲིལ་བོ་མཐོང་ཐུབ་དགོས། གྲོང་ཁྱེར་དེར་མཚོན་ན་སྡོང་འཛུགས་ནགས་སྐྲུན་ནི་གལ་ཆེ་བས། རྩོམ་པ་པོས་རང་ཉིད་སྡོང་འཛུགས་ནགས་སྐྲུན་བྱེད་མཁན་གྱི་ལས་བཟོ་པ་ཞིག་བྱེད་པའི་རེ་བ་ཡང་བཅངས་ཡོད་མོད། འོན་ཀྱང་ལས་དབང་གིས་ཁོ་རང་དགེ་རྒན་ཞིག་ཏུ་གྱུར་པས། ཁོས་སློབ་མ་རྣམས་ལ་རང་གིས་བཙུགས་པའི་ལྕང་སྡོང་དེའི་ལོ་རྒྱུས་བརྗོད། རྩོམ་པ་པོས་དེ་ལྟར་སློབ་མ་རྣམས་ལ་ལྕང་སྡོང་དེ་གླེང་བའི་དམིགས་ཡུལ་ནི་སློབ་མ་ཚོས་སྡོང་འཛུགས་ནགས་སྐྲུན་གྱི་གལ་ཆེན་རང་བཞིན་དང་། ཁོར་ཡུག་སྲུང་སྐྱོང་གི་གལ་ཆེན་རང་བཞིན་རྟོགས་པ། ཁོར་ཡུག་ལ་སྲུང་སྐྱོང་བྱེད་ཤེས་པའི་མི་རབས་རྗེས་མ་མང་པོ་ཞིག་གསོ་སྐྱོང་བྱེད་པའི་ཆེད་དུ་ཡིན།
རྩོམ་པ་པོས་བཙུགས་པའི་ལྕང་སྡོང་དེ་ཡང་བདེ་བླག་ངང་སྐྱེས་ཏེ་གནས་པ་ཞིག་མ་ཡིན་པར། དེ་ཡང་རྐྱེན་ངན་བར་ཆད་མང་པོར་འཕྲད་མྱོང་ནའང་། ལས་ཀྱི་དབང་གིས་རྐྱེན་ངན་བར་ཆད་མཐའ་དག་ལས་ཐར་ཏེ། གཡས་གཡོན་ལ་གསར་དུ་བཙུགས་པའི་སྡོང་ཕྲུག་དེ་དག་གི་ཁྲོད་དུ་ལྕང་སྡོང་ལ་སྔར་ལས་ལྷག་པའི་རྒས་ཉམས་ཤིག་མངོན་པ་དང་། རྩོམ་པ་པོས་སྔོན་ཆད་ལྕང་སྡོང་སྟེང་དུ་བརྐོས་པའི་མིང་ཡང་རྒས་གཉེར་ཁྲོད་དུ་ཐིམ་སྟེ་ཤུལ་མེད་རྗེས་མེད་དུ་གྱུར་པ་ལས་ང་ཚོས་ལོ་ཟླའི་འཁོར་སྐྱོད་ཀྱི་རྗེས་ཤུལ་དང་འདས་ཟིན་པའི་ལོ་ཟླའི་རི་མོ་དེ་ལྕང་སྡོང་གི་རྒས་གཉེར་ལས་ཀྱང་མཐོང་ཐུབ་པར་མ་ཟད། དེ་ལས་མི་ཡི་རང་ཕྱོགས་འདུ་ཤེས་དང་བདག་འཛིན་འདུ་ཤེས། ཆགས་ཞེན་འདུ་ཤེས་སོགས་ཀྱང་མཐོང་ཐུབ།
ལྷུག་རྩོམ་འདི་ལ་རང་བྱུང་ཚན་པ་དྲུག་ཡོད་པ་དེ་བརྗོད་བྱ་ཁག་བཞི་ལ་དབྱེ་ཆོག་སྙམ། རང་བྱུང་ཚན་པ་དང་པོ་དེ་ཁག་དང་པོ་ཡིན་པ་དང་། འདིའི་ནང་དུ་རྩོམ་པ་པོའི་ཞེ་ལ་ཐོགས་པའི་ལྕང་སྡོང་དེ་གནས་གང་དུ་ཡོད་པ་དང་ཡུལ་དེར་སྡོང་འཛུགས་ནགས་སྐྲུན་བྱེད་པའི་རྒྱུ་མཚན་བརྗོད་ཡོད། ཁག་གཉིས་པ་ནི་རང་བྱུང་ཚན་པ་གཉིས་པ་དང་གསུམ་པ་གཉིས་ཡིན། འདིའི་ནང་དུ་རྩོམ་པ་པོས་གྲོང་ཁྱེར་གྱི་ལྷོ་ལམ་དུ་ལྕང་སྡོང་ཞིག་བཙུགས་པ་དེ་སྡོང་རྒན་དུ་གྱུར་པ་དང་། རྩོམ་པ་པོ་རྒྱུན་དུ་སྡོང་འཛུགས་ནགས་སྐྲུན་གྱི་ལས་ཀའི་ཁྲོད་སྒྱིད་ལུག་མེད་པར་ཞུགས་པ་བརྗོད་ཡོད། ཁག་གསུམ་པ་ནི་རང་བྱུང་ཚན་པ་བཞི་པ་དང་ལྔ་པ་ཡིན། འདིའི་ནང་དུ་ལྕང་སྡོང་དེ་རང་བྱུང་དང་མིས་བཟོས་ཀྱི་རྐྱེན་ངན་བར་ཆད་མང་པོར་འཕྲད་པའི་སྐོར་བརྗོད་ཡོད། ཁག་བཞི་པ་ནི་རང་བྱུང་ཚན་པ་དྲུག་པ་ཡིན། ཚན་པ་འདིའི་ནང་དུ་ལྗོན་པས་གྲོང་ཁྱེར་དེར་དྲོད་ཁོལ་བསྐྱལ་བ། ལྗང་མདོག་བསྐྱལ་བ། མཛེས་སྡུག་བསྐྱལ་བས། ལྗོན་ཤིང་འཛུགས་རྒྱུ་ནི་གྲོང་ཁྱེར་དེའི་སྡོད་དམངས་རྣམས་ཀྱི་རེ་ལྟོས་དང་སྨོན་ལམ་ཡིན་པ་བརྗོད་ཡོད།
རྩོམ་ཡིག་འདིའི་བརྗོད་བྱ་ནི་རྩོམ་པ་པོས་ལྕང་སྡོང་ཞིག་བཙུགས་པ་དང་། རྩོམ་པ་པོ་དང་ལྕང་སྡོང་དེའི་བར་དུ་བྱུང་བའི་དགའ་སྐྱོ་ཆགས་སྡང་གི་གཏམ་རྒྱུད་བྲིས་ཡོད་ལ།ལྕང་སྡོང་དང་ཁོའི་བར་གྱི་གཏམ་རྒྱུད་དེ་བརྗོད་པའི་དམིགས་ཡུལ་ནི་སྡོང་འཛུགས་ནགས་སྐྲུན་གྱིས་བྱེ་ཐང་གི་གྲོང་ཁྱེར་དེ་ལ་གསོན་ཤུགས་དང་དཔལ་ཡོན་བསྐྲུན་པ་དང་། སྡོང་འཛུགས་ནགས་སྐྲུན་གྱིས་ཁོར་ཡུག་སྲུང་སྐྱོང་ལ་ལེགས་ཚོགས་དང་མཛེས་སྡུག་བསྐྲུན་པའི་མཛད་བཟང་དེ་བརྗོད་པའི་ཆེད་ཡིན།
གཉིས། ལྷུག་རྩོམ་ལས་དོན་གྱི་བྱུང་བ་བརྗོད་ཚུལ།
ལས་ཀྱིས་འཕྲད་པའི་ལྕང་སྡོང་ནི་དོན་གྱི་བྱུང་བ་བརྗོད་པའི་ལྷུག་རྩོམ་ཞིག་ཡིན་ལ། དོན་གྱི་བྱུང་རིམ་དེ་ལྕང་སྡོང་ཞིག་ལ་བརྟེན་ནས་མཐར་ཆགས་སུའང་བཀྲམ་ཡོད། དོན་གྱི་བྱུང་བ་བརྗོད་པ་ལ་གོ་རིམ་བཞིན་བརྗོད་པ་དང་མགོ་མཇུག་ལྡོག་སྟེ་བརྗོད་པ། བར་དུ་བཅུག་ནས་བརྗོད་པ། ལྷན་ཐབས་ཀྱིས་བརྗོད་པ་བཅས་རིགས་བཞི་ཡོད། རྩོམ་ཡིག་འདིར་མཚོན་ན་རྩོམ་སྟངས་ཀྱི་ཐད་ནས་གོ་རིམ་ལྡོག་སྟེ་བརྗོད་པ་ཞིག་ཡིན།“གོ་རིམ་ལྡོག་སྟེ་བརྗོད་པ་ནི་བརྗོད་བྱའི་དོན་གྱི་མཇུག་འབྲས་དང་ཡང་ན་བརྗོད་བྱའི་དོན་གྱི་གཙོ་ཆེ་བ་ཞིག་རྩོམ་ཡིག་གི་མགོ་བརྗོད་དུ་བྲིས་ཤིང་། དེ་ནས་བྱ་བ་དེ་ཇི་ལྟར་བྱུང་བ་དང་འཕེལ་རིམ་གྱི་རྣམ་པ་དཀྱུས་སུ་བརྗོད་པ་ཞིག་ཡིན”①པ་དང་། རྩོམ་ཡིག་འདིར་ཡང་རྒས་ཤིང་འཁོགས་པའི་ལྕང་སྡོང་དེ་རྩོམ་གྱི་མགོར་བཀོད་རྗེས། དེ་དང་འབྲེལ་བའི་གཏམ་རྒྱུད་སྣ་ཚོགས་མཐར་ཆགས་སུ་བཀྲམ་ཡོད།
སྤྱིར་རྩོམ་གྱི་མཇུག་འབྲས་སམ་བརྗོད་བྱའི་དོན་གཙོ་བོ་རྩོམ་གྱི་མགོར་བཀོད་པ་དེས་ཀློག་པ་པོའི་ཀློག་འདུན་གྱི་བློ་དེ་འཕྲལ་དུ་འདྲེན་ཐུབ་མོད། འོན་ཀྱང་གོ་རིམ་ལྡོག་སྟེ་བརྗོད་པ་ཙམ་གྱིས་ཀློག་པ་པོའི་བློ་འགུགས་ཐུབ་པའི་ངེས་པ་མེད། རྩོམ་གྱི་འགུག་ཤུགས་དེ་རྩོམ་པ་པོས་རྩོམ་གྱི་བརྗོད་བྱ་གང་དེར་དམིགས་ནས་བྱུང་རིམ་གྱི་རྒྱས་བསྡུས་འོས་འཚམ་ཡིན་མིན་དང་། སྒྲིག་གཞི་བཀོད་སྒྲིག་ལེགས་མིན་དང་། ཞིབ་བརྗོད་ཐབས་རྩལ་ལ་གསོན་ཉམས་ལྡན་མིན་སོགས་ལ་འབྲེལ་བ་ཆེན་པོ་ཡོད།རྩོམ་ཡིག་འདིར་མཚོན་ན་དོན་གྱི་བྱུང་རིམ་གསལ་ལ། ཞིབ་བརྗོད་ཚིག་ལ་གསོན་ཉམས་ལྡན་པས། བཀླགས་པ་ཙམ་གྱིས་བརྗོད་བྱའི་དོན་དེ་སྣང་བརྙན་ལྡན་པའི་སྒོ་ནས་ཀློག་པ་པོའི་ཡིད་ལ་འཆར་རྒྱུ་ཡོད་པ་དང་། ཞིབ་བརྗོད་ལས་རྩོམ་པ་པོའི་བརྩེ་བ་དྲོན་པོ་དང་ལྷག་བསམ་རྣམ་དག དགའ་བ་ཆེན་པོ་དེ་ཡང་ཧྲིལ་གྱིས་མཐོང་ཐུབ།
དོན་གྱི་བྱུང་བ་བརྗོད་པའི་ལྷུག་རྩོམ་ནི་དོན་གྱིས་ཇི་བཞིན་བརྗོད་པའི་ལྷུག་རྩོམ་ཡིན་ལ། དེའི་ཁྲོད་དུ་དུས་ཚོད་དང་ས་གནས། མི་སྣ། དོན་རྐྱེན། བརྒྱུད་རིམ། མཇུག་འབྲས་བཅས་ཇི་བཞིན་བརྗོད་པའི་རྒྱུ་རྐྱེན་དྲུག་ཚང་། ཡིན་ནའང་ཇི་བཞིན་བརྗོད་པའི་རྩོམ་ཡིག་ཡིན་ན་རྒྱུ་རྐྱེན་དྲུག་པོ་ངེས་པར་དུ་ཚང་དགོས་པའི་ངེས་པ་མེད་དེ། ཇི་བཞིན་བརྗོད་པའི་རྩོམ་ཡིག་ལ་ལར་དུས་ཚོད་དང་ས་གནས་གསལ་བོ་མིན་པའང་ཡོད། སློབ་འབྲིང་སློབ་མར་ཁྲིད་པའི་རྩོམ་དཔེ་ཡིན་ན་ངེས་པར་དུ་ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་རྒྱུ་རྐྱེན་དྲུག་པོ་ཚང་དགོས། ལས་ཀྱིས་འཕྲད་པའི་ལྕང་སྡོང་ཞེས་པའི་རྩོམ་ཡིག་འདི་ལ་ཆ་མཚོན་ན་མི་སྣ་དང་ས་གནས། དོན་རྐྱེན། མཇུག་འབྲས་བཅས་གསལ་བོར་ངོས་འཛིན་ཐུབ་ནའང་། བརྒྱུད་རིམ་དང་དུས་ཚོད་ཀྱི་ཆ་ནས་མི་ལོ་ལྔ་བཅུའི་རིང་གི་རྒྱུན་མཐུད་ཀྱི་དུས་ཚོད་ཅིག་དང་བརྒྱུད་རིམ་ཞིག་དང་འབྲེལ་ཡོད།
གསུམ། ལས་ཀྱིས་འཕྲད་པའི་ལྕང་སྡོང་དང་སྐྱེ་ཁམས་ལྷུག་རྩོམ།
“དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་པར་ཨ་རིའི་རྩོམ་པ་པོ་ཁ་སིན་གྱི་སྙན་ཞུའི་རྩོམ་རིག་རིང་མོ་ལྷིང་འཇགས་ཀྱི་དཔྱིད་ཀ་ནི་འཛམ་གླིང་སྐྱེ་ཁམས་རྩོམ་རིག་གི་དུས་རབས་ལ་སླེབས་པའི་རྟགས་མཚན་ཡིན།”① བོད་ལ་མཚོན་ན་དུས་རབས་ཉེར་གཅིག་པའི་དུས་མགོ་ནས་བཟུང་སྐྱེ་ཁམས་རྩོམ་རིག་ལ་དོ་སྣང་བྱེད་མགོ་བརྩམས་པ་དང་། སྐྱེ་ཁམས་རྩོམ་རིག་ནི་སྣོད་བཅུད་དོ་མཉམ་དང་སྣོད་བཅུད་སྲུང་སྐྱོང་ལ་དོ་སྣང་བྱེད་པའི་རྩོམ་རིག་ཅིག་ཡིན་ཞིང་། སྐྱེ་ཁམས་རྩོམ་རིག་མང་ཆེ་བས་སྐྱེ་ཁམས་ལ་གཏོར་བརླག་དང་ཕོག་ཐུག་བྱས་པའི་གནད་དོན་སྐོར་བྲིས་ཡོད།
སྐྱེ་ཁམས་རྩོམ་རིག་ནི་སྐྱེ་ཁམས་ཁོར་ཡུག་ཞིབ་འབྲི་དང་། རང་བྱུང་ཁམས་ཆེན་མོའི་རྣམ་པ་དང་གནས་སྟངས་ངོ་སྤྲོད་བྱེད་པ་ཙམ་ཞིག་མ་ཡིན་པར། སྐྱེ་ཁམས་རྩོམ་རིག་གིས་སྐྱེ་ཁམས་དང་ཚེ་སྲོག་བར་གྱི་འགལ་འབྲེལ་དེ་འབྲི་བཞིན་ཡོད་པས། སྐྱེ་ཁམས་རྩོམ་རིག་ལ་སྐྱེ་ཁམས་བློ་རྒྱ་དང་སྐྱེ་ཁམས་མཐོང་སྣེ་དེ་ལྡན་པ་ཡིན། སྐྱེ་ཁམས་རྩོམ་རིག་ནི་མི་གཙོ་བོར་འཛིན་པ་དང་། མིའི་ཁེ་ཕན་གཙོ་བོར་འཛིན་པའི་རྩོམ་རིག་ཅིག་མ་ཡིན་པར། སྣོད་བཅུད་དོ་མཉམ་དང་།སྐྱེ་ཁམས་འཆམ་མཐུན། སྐྱེ་ཁམས་བརྟན་ལྷིང་ཡོང་བར་དོ་སྣང་བྱེད་པའི་རྩོམ་རིག་ཅིག་སྟེ། སའི་གོ་ལར་འཚོ་གནས་བྱེད་པའི་སེམས་ཅན་དང་སྐྱེ་དངོས་ཡོད་ཚད་ཀྱིས་སའི་གོ་ལའི་ཆོས་ཉིད་དང་ཚེ་སྲོག་རྒྱུན་མཐུད་ཆོས་ཉིད་ལ་སྲུང་སྐྱོང་བྱེད་པར་སྐུལ་བའི་རྩོམ་རིག་ཅིག་ཡིན་པས། སྐྱེ་ཁམས་རྩོམ་རིག་ནི་སྣོད་བཅུད་གཉིས་འཆམ་མཐུན་མཉམ་གནས་ལ་དོ་སྣང་བྱེད་པའི་རྩོམ་རིག་ཅིག་ཡིན།སྐྱེ་ཁམས་རྩོམ་རིག་གིས་མིའི་སྒེར་སེམས་དང་འདོད་ཧམ། ཚོད་མེད་དང་གདུག་རྩུབ། གཅེས་སེམས་དང་གཞན་ཕན་གྱི་རྣམ་པ་དེ་ཀློག་པ་པོར་གསལ་བོར་སྟོན་བཞིན་ཡོད་པས། སྐྱེ་ཁམས་རྩོམ་རིག་གིས་འགྲོ་བ་མིས་རང་ཉིད་ལ་ངོས་འཛིན་དང་ཕྱིའི་ཁོར་ཡུག་ལ་ངོས་འཛིན། འཚོ་གནས་ལ་ངོས་འཛིན་བྱེད་པར་ཕན་ཐོགས་ཆེན་པོ་ཡོད། སྐྱེ་ཁམས་ལྷུག་རྩོམ་ནི་སྐྱེ་ཁམས་རྩོམ་རིག་ཁྲོད་ཀྱི་ཡ་གྱལ་ཞིག་ཡིན་པ་དང་། ལས་ཀྱིས་འཕྲད་པའི་ལྕང་སྡོང་ཞེས་པའི་རྩོམ་ཡིག་འདིའི་བརྗོད་བྱ་ཡང་ཁོར་ཡུག་བཅོས་སྐྱོང་དང་། ཁོར་ཡུག་སྲུང་སྐྱོང་བྱེད་པའི་བརྗོད་བྱ་དང་འབྲེལ་ཡོད། རྩོམ་ཡིག་འདི་ནི་མིའི་གཅེས་སེམས་དང་གཞན་ཕན་གྱི་བསམ་བློ་མངོན་པའི་རྩོམ་ཡིག་ཅིག་སྟེ། རྩོམ་ཡིག་འདིར་མིའི་གཅེས་སེམས་དང་གཞན་ཕན་དེ་སྡོང་འཛུགས་ནགས་སྐྲུན་གྱིས་བྱེ་འགོག་བཅོས་སྐྱོང་བྱས་པ་མངོན་ཡོད་པ་དང་།རྩོམ་པ་པོ་འཚོ་གནས་བྱེད་སའི་ཡུལ་དེ་ལ་མཚོན་ན་འཚོ་གནས་ལ་འཇིགས་སྣང་དང་དཀའ་ཁག་སྐྱེལ་མཁན་ནི་བྱེ་མ་དང་བྱེ་རླུང་ཡིན་ཞིང་། བྱེ་མ་འགོག་བཅོས་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུག་གི་དོན་ཞིག་ཡིན་པས། གྲོང་ཁྱེར་དེར་འཚོ་སྡོད་བྱེད་པའི་མི་རྣམས་ཀྱིས་བྱེ་རླུང་འགོག་ཆེད་སྡོང་འཛུགས་ནགས་སྐྲུན་བྱེད་ཀྱིན་ཡོད། རྩོམ་ཡིག་འདིར་ལྕང་སྡོང་གཅིག་བཙུགས་པའི་གཏམ་རྒྱུད་དེ་ཁོར་ཡུག་སྲུང་སྐྱོང་དུ་འགྲོ་དཀའ་མོད། འོན་ཀྱང་རྩོམ་ཡིག་འདི་ཞིབ་ཏུ་ཀློག་དུས་རྩོམ་ཡིག་འདིའི་ནང་ལྕང་སྡོང་གཅིག་བཙུགས་པ་ཁོ་ན་བརྗོད་པ་མ་ཡིན་པར་ལྕང་སྡོང་དེ་ཚབ་བྱེད་དུ་བགྲང་བའི་སྡོང་བོ་གཅིག་ཡིན་པ་དང་། ལྕང་སྡོང་དེ་ལ་བརྟེན་ནས་ང་ཚོས་ལྗོན་པའི་ཚོགས་ཤིག་མཐོང་ཐུབ། བྱེ་རླུང་འགོག་སྲུང་དང་བྱེ་དགྲ་སྔོན་འགོག་བྱེད་ཆེད། དཀའ་བ་གདོང་གིས་བསུས་ནས་སྡོང་འཛུགས་ནགས་སྐྲུན་གྱི་ལས་ལ་ཞུགས་ཏེ། ལྕང་སྡོང་དང་སྦྱར་སྡོང་མང་པོ་འཛུགས་བཞིན་ཡོད་པའི་མི་ཡི་ཚོགས་ཤིག་ཀྱང་མཐོང་ཐུབ་པས། རྩོམ་ཡིག་འདི་ཁོར་ཡུག་སྲུང་སྐྱོང་བརྗོད་གཞིར་བཟུང་བའི་རྩོམ་ཡིག་ཅིག་དང་སྐྱེ་ཁམས་རྩོམ་རིག་ཅིག་ཏུ་བགྲང་ཆོག་གོ།
* ཚེ་སྒྲོན། གཅན་ཚ་རྫོང་མི་རིགས་སློབ་འབྲིང་དུ་ཕྱག་ལས་གནང་བཞིན་ཡོད།
① སངས་རྒྱས་རིན་ཆེན། རྩོམ་སྟངས་རིག་པའི་སྒོ་འབྱེད། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1994:2.
② 博道梦、于茀. 文学是什么[M]天津教育出版社,2014:29.
① སངས་རྒྱས་རིན་ཆེན། རྩོམ་སྟངས་རིག་པའི་སྒོ་འབྱེད། [M] ཀུན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1994:42.
① སྦྲང་ཆར་རྩོམ་སྒྲིག་ཁང་གིས་བསྒྲིགས། ཚེ་སྲོག་དང་སྐྱེ་ཁམས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2008:2.