[གནད་བསྡུས] སློབ་ཆུང་ལོ་རིམ་གསུམ་པའི་སྨད་ཆར་བཀོད་པའི་སློབ་ཚན་འདི་ནི་སྲོག་ཆགས་སྦལ་བའི་ཕྲུ་གུ་འཚར་ལོངས་བྱུང་བའི་བརྒྱུད་རིམ་ངོ་སྤྲོད་བྱས་པའི་བྱིས་སྒྲུང་ཞིག་ཡིན། རྩོམ་འདིར་ཁྲིད་རྗེས་མྱོང་ཚོར་ཏེ། རང་གི་སློབ་ཁྲིད་ལག་ལེན་ཁྲོད་ཐོབ་པའི་ཉམས་མྱོང་སྤྱི་བསྡོམས་བྱས་ཡོད།ཐོག་མར་ཀློག་འདོན་བརྒྱུད་ནས་གོ་བ་ལེན་པར་མཉམ་བཞག་པ། སྨྱན་མང་གཟུགས་སྤྱད་ནས་ངོ་སྤྲད་ན་བྱིས་པར་འཚམ་པ། ཚིག་དོན་གསལ་འགྲེལ་དང་དྲི་བ་དྲིས་ལན་བྱས་པ། ཚན་ཆུང་བཀར་ནས་གྲོས་བསྡུར་བྱས་པ་སོགས་ཀྱི་ཐབས་སྤྱད་ནས་སློབ་ཐུན་གྱི་ཕན་འབྲས་བརྗོད་ཡོད་ཅིང། མཇུག་ཏུ་སློབ་ཐུན་གྱི་མི་འདང་བའི་ཕྱོགས་གསལ་བོར་བརྗོད་དེ། ཕྱིས་ཀྱི་སློབ་ཁྲིད་ལེགས་བཅོས་ལ་རེ་བ་བཏོན་ཡོད།
[གནད་ཚིག] ལྕོང་མོས་ཨ་མ་འཚོལ་བ། སློབ་ཁྲིད། མྱོང་ཚོར།
སློབ་ཁྲིད་ལ་སྦྱོར་དངོས་རྗེས་གསུམ་ཚང་དགོས་པ་བཞིན་ཁྲིད་རྗེས་མྱོང་ཚོར་ནི་སློབ་ཁྲིད་རྗེས་ཀྱི་གོ་རིམ་གལ་ཆེན་ཞིག་ལ་འཇོག་དགོས་ཏེ། དེ་ནི་དགེ་རྒན་རང་ཉིད་ཀྱིས་ཁྲིད་ཟིན་པའི་སློབ་ཁྲིད་ཀྱི་སྔོན་སྦྱོང་དང་བརྒྱུད་རིམ། ཁྲིད་ཐབས། ཤེས་ཚད་བཅས་ལ་བསམ་གཞིག་དང་།དབྱེ་ཞིབ། སྤྱི་སྡོམ། ཕྱིར་རྟོག་བཅས་བྱེད་པའི་སློབ་ཁྲིད་བྱ་བའི་བཅོས་སྒྱུར་དང་ཕྱིར་འདང་རྒྱག་ཚུལ་ཞིག་ཡིན་པ་མ་ཟད། སློབ་ཁྲིད་ལས་བློ་སྐྱེད་དང་དགེ་མཚན། ཉམས་མྱོང་དང་འབྲས་བུ་སོགས་ལ་དབྱེ་ཞིབ་དང་ཕྱིར་རྟོག་གིི་བྱ་འགུལ་ཞིག་ཀྱང་ཡིན། ཁྲིད་རྗེས་མྱོང་ཚོར་འབྲི་བ་ལ་དགེ་མཚན་མང་པོ་ཡོད་ནའང་རེ་གཉིས་ཙམ་བརྗོད་ན། དེས་སློབ་ཁྲིད་ཉམས་མྱོང་མང་པོ་གསོག་འཇོག་ཐུབ་པ་དང་། བསམ་གཞིགས་ལ་གོམས་པའི་གཤིས་ཀ་བཟང་བོ་བསྐྱེད་ཐུབ་པ། བསམ་གཞིགས་དེ་ལས་ད་གཟོད་ཁྲིད་ཟིན་པའི་སློབ་ཚན་ཤེས་ཡོད་མེད། ཁྲིད་པའི་ཐབས་དེ་ལེགས་མིན། སློབ་ཚན་གྱི་ཐ་སྙད་དང་ཚིག་རེ་རེ། ཚན་པ་དང་ཁག་རེ་རེ། བརྗོད་བྱ་དང་བརྗོད་སྙིང་སོགས་ལ་དབྱེ་ཞིབ་དང་འགྲེལ་བཤད་བྱས་པ་གནད་ལ་འཁེལ་མིན་དང་། ཡང་ན་དངོས་གཞིའི་སློབ་ཁྲིད་དུ་བཀོལ་ཟིན་པའི་ཁྲིད་ཐབས་དེ་དག་ལས་གཞན་ད་དུང་ཁྲིད་ཐབས་ལེགས་ཤོས་གང་ཡོད་པ་སྤྱད་ན་སློབ་མས་སྔར་ལས་ལྷག་པའི་སྒོ་ནས་སློབ་ཚན་ལ་གོ་བ་ལོན་ཚད་གཏིང་ཇེ་ཟབ་ཏུ་འགྲོ་ཐུབ་པ་སོགས་ཕྱིར་རྟོག་བྱས་ཏེ་རང་ཉིད་ཀྱི་ལེགས་པའི་ཆ་རྒྱུན་འཛིན་དང་གོང་ནས་གོང་སྤེལ། ཞན་པའི་ཆ་ལ་ཁ་གསབ་དང་འཐུས་ཇེ་ཚང་།སློབ་ཁྲིད་སྤུས་ཚད་ཇེ་མཐོ་དང་སློབ་མའི་སློབ་སྦྱོང་སྤྲོ་སྣང་ཇེ་མཐོར་གཏོང་ཐུབ་པ་བཅས་ཀྱི་དགེ་མཚན་ལྡན་པ་དང་། དུས་ཡུན་ཐུང་ཐུང་ནང་ཁ་གསལ་གོ་བདེའི་སྒོ་ནས་སློབ་ཁྲིད་ཀྱི་དགེ་སྐྱོན་དང་མཉམ་འཇོག་བྱེད་དགོས་པའི་གནད་རྟོགས་ཐུབ་པས། ཁྲིད་རྗེས་ཀྱི་མྱོང་ཚོར་གྱིས་སློབ་ཁྲིད་དང་ཁྲིད་ཐབས་བཅོས་སྒྱུར་ལ་ཕན་འབྲས་མི་དམན་པ་ཐོན་ཐུབ། བསླབ་ཚན་བཅོས་སྒྱུར་བྱས་པ་བརྒྱུད་དགེ་རྒན་གྱིས་སློབ་ཁྲིད་ནང་དོན་དང་སློབ་ཁྲིད་བྱེད་སྟངས་མི་འདྲ་བ་ལ་གཞིགས་ནས་ཁྲིད་རྗེས་ཀྱི་མྱོང་ཚོར་མི་འདྲ་བ་རེ་བྲིས་ཏེ་སློབ་ཁྲིད་ལ་བསམ་གཞིག་དང་ཁྲིད་ཐབས་བཅོས་སྒྱུར་ལ་ཕྱིར་འདང་གང་མང་རྒྱག་དགོས།“ཁྲིད་རྗེས་མྱོང་ཚོར”ནི་དགེ་རྒན་གྱིས་ཡང་བསྐྱར་སློབ་ཁྲིད་གྲ་སྒྲིག་བྱས་པ་ཞིག་ཡིན་པས་སློབ་ཁྲིད་བྱ་བའི་ཁྲོད་དོན་དག་ཆུང་ཡང་གལ་ཆེ་བ་དང། དགེ་རྒན་གྱི་འགན་ཁུར་མཚོན་ཚུལ་དངོས་ཡིན་ལ། དགེ་རྒན་གྱིས་སློབ་ཁང་དུ་རང་གིས་རང་ལ་སློབ་ཁྲིད་བྱེད་པའི་མྱོང་བ་ཞིག་ཀྱང་ཡིན་ཞེས་བརྗོད་ཆོག་པ་མ་ཟད། ད་དུང་ལྡོག་འདྲེན་གྱི་བྱ་བ་ཧ་ཅང་གལ་ཆེན་པོ་དང་ནུས་པ་མི་དམན་པ་ཐོན་ཐུབ་ཀྱི་ཡོད། དེ་བས་གལ་འགངས་ཆེ་བ་ཞིག་ནི་དེས་སློབ་ཁྲིད་གྲ་སྒྲིག་གི་སྤུས་ཚད་སྔར་བས་མཐོ་རུ་གཏོང་བ་དང་། སློབ་ཁྲིད་ནང་དོན་ལ་སྐུལ་འདེད་གཏོང་བར་ཕན་ཞིང། སློབ་ཁྲིད་སྔར་ལས་ཁྱོན་ཡོངས་དང་།སློབ་ཁྲིད་ཇུས་འགོད་སྔར་ལས་ལུགས་དང་མཐུན་པ། སློབ་ཁྲིད་དམིགས་སའི་རང་བཞིན་ལ་ཤུགས་སྣོན་རྒྱག་རྒྱུར་ཕན་པ་ཡོད་པ་མ་ཟད། ད་དུང་དུས་ཐོག་ཏུ་གནད་དོན་ལ་ཞིབ་བཤེར་དང་། ཤེས་རྟོགས་ཁ་གསབ་བྱེད་པར་ཕན་པ་བཅས་སློབ་ཁྲིད་ཆུ་ཚད་མཐོ་རུ་གཏོང་བར་ཕན་ནུས་ངེས་ཅན་ཐོན་བཞིན་ཡོད།
ད་ནི་ལྕོང་མོས་ཨ་མ་འཚོལ་བ་ཞེས་པའི་སློབ་ཚན་གྱི་ཁྲིད་རྗེས་མྱོང་ཚོར་རགས་ཙམ་བརྗོད་པར་བྱ།
སློབ་ཆུང་སྐད་ཡིག་ལོ་རིམ་གསུམ་པའི་སྨད་ཆར་བཀོད་པའི་ལྕོང་མོས་ཨ་མ་འཚོལ་བ་ཞེས་པའི་སློབ་ཚན་འདི་སྲོག་ཆགས་སྦལ་བའི་ཕྲུ་གུ་འཚར་ལོངས་བྱུང་ཚུལ་ངོ་སྤྲོད་བྱས་པའི་བྱིས་སྒྲུང་ཞིག་ཡིན། སློབ་ཚན་དུ་ལྕོང་མོ་རྣམས་ཀྱིས་ཨ་མ་སྦལ་བ་འཚོལ་བའི་ཉན་སྤྲོ་བའི་གཏམ་རྒྱུད་ལ་སྦྱར་ཏེ། སྔོན་ལ་ལྕོང་མོར་རྐང་བ་གཉིས་ཐོགས་པ་དང་། དེ་ནས་ལག་པ་གཉིས་ཐོགས་པ། རྗེས་སུ་རྔ་མ་ཇེ་ཐུང་དུ་གྱུར་ཏེ་ལྕོང་མོ་རྣམས་འཚར་ལོངས་བྱུང་ནས་རིམ་པ་བཞིན་སྦལ་བར་གྱུར་པའི་རང་བྱུང་གི་ཤེས་བྱ་དང་། སྦལ་བ་ནི་ཁ་ཆེ་ཞིང་མིག་གཉིས་འབུར་བ། རྐང་ལག་བཞི་ལྡན་ཞིང་ལུས་མདོག་ལྗང་གུ་ཡིན་པ། ལྟོ་བ་ལྡིར་ཞིང་དཀར་བའི་སྲོག་ཆགས་ཤིག་ཡིན་པ་རང་ཤུགས་ཀྱིས་ཤེས་སུ་བཅུག་ནས། མཐར་རང་གི་ཨ་མ་ཡང་རྙེད་པའི་གནས་ཚུལ་བརྗོད་ཡོད། རྩོམ་སྒྲིག་པས་བྱིས་པའི་ལོ་ནའི་ཁྱད་ཆོས་དང་བསྟུན་ནས་ངོ་མཚར་ཆེ་ཞིང་སྤྲོ་སྣང་ལྡན་པའི་གཏམ་རྒྱུད་འདི་འདྲ་བཀོད་དེ། བྱིས་པས་གོ་སླ་ཞིང་དོན་ཟབ་པའི་རང་བྱུང་ཆོས་ཉིད་ཀྱི་ཤེས་བྱ་ཞིག་ངོ་སྤྲོད་བྱས་ཡོད་པ་མ་ཟད། སློབ་མར་བྱ་དངོས་ལ་ལྟ་ཞིབ་ཀྱི་ནུས་པ་དང་རང་བྱུང་ཁམས་ཀྱི་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་བསམ་བློ་ཆགས་པར་བྱེད་པའི་དགེ་མཚན་ཡང་ལྡན་པར་བྱས་ཡོད། སློབ་ཐུན་འདིར་ཕྲན་གྱིས་སློབ་ཚན་ལ་ཞིབ་འཇུག་གཏིང་ཟབ་བྱས་པ་དང་སློབ་མས་ཐེངས་མང་པོར་སློབ་ཚན་རང་ཀློག་བྱས་པ་གཞིར་བཟུང་ནས། སློབ་མར་འཚམ་པའི་སློབ་ཁྲིད་བྱེད་ཐབས་ཇུས་འགོད་བྱས་པ་སྟེ། སློབ་ཚན་ཀློག་འདོན་དང་། ཕན་ཚུན་སྐུལ་སློང་། སྔོག་འདོན་ནུས་སྤེལ། དྲི་བ་དྲིས་ལན། བརྙན་པར་འགྲེམས་སྟོན་བཅས་དང་། བོད་སྐད་ཡིག་གི་ཐུན་མོང་མ་ཡིན་པའི་སྙན་འཇེབས་ཀྱི་ཚིག་སྦྱོར་ཉམས་སུ་མྱོང་བའི་ཁྱད་ཆོས་ཐོན་ནས་སློབ་ཚན་ཁྲིད་པར་ཐོག་མར་སློབ་མ་ལ་སློབ་ཐུན་འདིར་ལྕོང་མོས་ཨ་མ་འཚོལ་བ་ཞེས་པའི་སློབ་ཚན་གྱི་སློབ་ཐུན་གཉིས་པའི་སློབ་ཁྲིད་དམིགས་ཚད་དེ། 1.ལྕོང་མོ་རྣམས་ཀྱིས་ཨ་མ་འཚོལ་བའི་གཏམ་རྒྱུད་ལ་སྦྱར་ཏེ་ལྕོང་མོ་འཚར་ལོངས་བྱུང་ནས་རིམ་གྱིས་སྦལ་བར་གྱུར་པའི་རང་བྱུང་ཤེས་བྱ་རྟོགས་དགོས་པ་དང་། 2.སློབ་ཚན་ནང་གི་སྐད་ཆ་ལ་གཞིགས་ཏེ་སྦལ་བའི་བཟོ་ལྟ་གསལ་བོར་ངོས་འཛིན་ཐུབ་དགོས་པ། 3.གཏམ་རྒྱུད་འདིའི་བརྗོད་བྱ་གསལ་བོར་ཡིད་ལ་ངེས་དགོས་པ་བཅས་གཙོར་བཟུང་ནས་སྔོན་སྦྱོང་རྗེས་ཁྲིད་ཀྱི་ཁྲིད་ཐབས་ལྟར་སློབ་ཁྲིད་བྱས་པ་ཡིན། སློབ་ཁྲིད་སྐབས་སུ་སློབ་ཁྲིད་མཉེན་ཆས་ལ་འབྲེལ་ཞིང་སློབ་མ་ལ་བསམ་གཞིག་དང་དྲི་ལན་འདེབས་པ། སྐོར་བགོས་ནས་གྲོས་བསྡུར་བྱེད་པའི་གོ་སྐབས་མང་དུ་བྱིན་ནས་ཁྲིད་པས། ལྕོང་མོ་སྦལ་བར་གྱུར་པའི་གོ་རིམ་དང་། སྦལ་བའི་སྐྱེས་གཟུགས་ངོས་འཛིན། སྦལ་བས་གནོད་འབུ་འཛིན་པས་མིའི་རིགས་ཀྱི་གྲོགས་པོ་ཡིན་པ་སོགས་བྱིས་སྒྲུང་འདིའི་བརྗོད་བྱ་སློབ་མ་ཡོངས་ཀྱིས་ཐད་ཀར་ཤེེས་རྟོགས་བྱུང་བའི་ཕྱོགས་གཙོ་བོ་གཤམ་གྱི་སློབ་ཁྲིད་ཐབས་ཤེས་འགའ་ལ་རགས་ལས་ཡོད།
གཅིག སློབ་ཁྲིད་བྱེད་ཐབས་འོས་འཚམ་བཀོལ་ནས་སློབ་མའི་ཉན་བཤད་ནུས་པ་དང་བསམ་གཞིག་ངེས་རྟོགས་ནུས་པ་སྔོག་འདོན་བྱས་པ།
སློབ་ཁྲིད་བྱེད་ཐབས་ལ་གཙོ་བོ་སྔོན་སྦྱོང་རྗེས་ཁྲིད་ཀྱི་སློབ་ཁྲིད་བྱེད་ཐབས་སྤྱད་དེ་རི་མོ་དང་པར་རིས་ལ་ལྟ་ཞིབ་དང་། ཉན་སྤྲོ་ཕྱིར་བྱིས་སྒྲུང་ཧྲིལ་བོ་གཏམ་རྒྱུད་བཤད་པའི་ཚུལ་གྱིས་ཁ་གསལ་ཞིང་བརྩེ་དུང་མཚོན་པའི་སྒོ་ནས་ཐེངས་གཅིག་ལ་བཤད་པ་དང། དེ་ནས་གཏམ་རྒྱུད་ཀྱི་བརྗོད་བྱར་དམིགས་ནས་གཤམ་གྱི་ཁྲིད་ཐབས་འགའ་ལག་བསྟར་བྱས་པ་ཡིན།
1.སློབ་ཁྲིད་ཁྲོད་སློབ་ཚན་བཀླགས་ནས་ཚིག་སྦྱོར་ཉམས་སུ་མྱོང་བ་དང་ནང་དོན་ལ་གོ་བ་ལེན་པར་མཉམ་བཞག་པ།
སློབ་ཚན་གང་སྦྱོང་ཡང་ཐོག་མར་ཀློག་ལ་མ་བརྟེན་པར་དོན་གྱི་གོ་བ་ལེན་མི་ཐུབ། སློབ་ཚན་ཀློག་འདོན་དེ་སློབ་མ་རང་ཉིད་ཀྱི་དགའ་སྣང་ཞིག་ཏུ་བརྩིས་ནས་ཡང་དང་བསྐྱར་དུ་ཀློག་པ་དང་། དོན་ལ་བསམས་ནས་ཀློག་དགོས་པ་ཡིན། དགའ་སྣང་དེ་ཡོད་ན་སློབ་ཚན་ཀློག་པའི་གོམས་སྲོལ་ལེགས་པོ་ཞིག་སློབ་མའི་རྒྱུད་ལ་ཆགས་སྲིད་པ་མ་ཟད། ད་དུང་སློབ་ཚན་ནང་དུ་དོན་ཅི་ཞིག་བརྗོད་ཀྱི་ཡོད་པ་དང་། སློབ་ཚན་ནང་གི་དོན་དག་ཞིབ་བརྗོད་ཀྱི་གོ་རིམ་ཅི་འདྲ་ཡིན་པ་སོགས་ལ་ཅུང་ཙམ་རྒྱུས་ཡོད་ངེས་ཡིན། སློབ་གྲོགས་འགའ་རེས། སློབ་ཁྲིད་ལ་ནན་ཏན་གྱིས་ཉན་པ་དང་ཟིན་ཐོ་འགོད་པ། སློབ་ཁྲིད་རྗེས་སུ་ནན་ཏན་གྱིས་ལས་བྱ་འབྲི་བ་བཅས་བྱས་ན་རང་ཉིད་ཀྱི་བསླབ་འབྲས་ཇེ་བཟང་དང་ཇེ་མཐོར་གཏོང་ཐུབ་སྙམ་གྱི་ཡོད་ཀྱང། དོན་ངོ་མར་དེ་ཙམ་གྱིས་མི་འདང་།
དགེ་རྒན་གྱིས་སློབ་ཁྲིད་མ་བྱས་སྔོན་ལ་སློབ་མས་རང་རྟོགས་ཀྱིས་སློབ་ཚན་ཀློག་སྦྱོང་བྱེད་རྒྱུ་ནི་བློ་སྒོ་འབྱེད་བྱེད་ཀྱི་ལྡེ་མིག་ཅིག་ཡིན་པ་ཤེས་དགོས་རྒྱུ་གལ་ཆེ། སློབ་ཐུན་འདིར་སློབ་གྲོགས་ཚོས་སློབ་ཚན་སྔོན་སྦྱོང་བྱས་པ་བཟང་བ་དང་། སློབ་ཚན་ལ་གོ་བ་གཏིང་ཟབ་ལོན་ཡོད་པས། སློབ་ཐུན་སྔོན་མར་སློབ་ཚན་གྱི་ཀློག་བྱང་དུ་བཅུག་པ་ཡིན་མོད། སློབ་ཐུན་གཉིས་པའི་སྐབས་སུ་ཡང་བསྐྱར་སློབ་ཚན་ཀློག་ཏུ་འཇུག་དོན་ནི་སློབ་མའི་རིག་སྟོབས་དང་བློ་ཁ་སློབ་ཁྲིད་ཕྱོགས་སུ་འཇུག་པ་དང་། སློབ་ཁྲིད་ལ་གསོན་ཤུགས་རྒྱས་པའི་ཆེད་ཡིན། སློབ་ཁྲིད་ཁྲོད་སློབ་མར་སློབ་ཚན་མཉམ་ཀློག་བྱེད་དུ་འཇུག་པ་དང་། ཁག་བགོས་ནས་འགྲན་ཀློག་བྱ་འགུལ་སྤེལ་བ། གནད་དོན་བཏོན་ནས་བསམ་གཞིག་བྱེད་ཞོར་ཀློག་ཏུ་བཅུག་ནས་སློབ་མས་མི་ཤེས་པ་དང་དོགས་གཞི་སེལ་བ། ཡང་ན་སྙིང་སྟོབས་ཆེར་སྤེལ་བཅས་གནད་དོན་ཐག་གཅོད་ཐུབ་པའི་ཕྱོགས་ལ་འབད་པ་བྱས་པ་ཡིན། མདོར་ན་སློབ་ཚན་ཡང་ཡང་འདོན་ཞོར་དུ་ལྕོང་མོ་སྦལ་བར་གྱུར་པའི་གོ་རིམ་གསལ་བོར་བརྗོད་པ་སོགས་ཀྱིས་དགེ་རྒན་ནི་གཙོ་ཁྲིད་དང་། གནད་དོན་རེ་རེར་བསམ་བློ་གཏོང་བ་དང་།གོ་བ་ལེན་པ་བཅས་བྱེད་དུ་བཅུག་སྟེ་སློབ་མ་ནི་སློབ་ཁྲིད་ཀྱི་ཐོག་མཐའ་བར་གསུམ་དུ་གཙོ་གཞི་དང་།སློབ་ཚན་ཀློག་པ་དང་དྲི་བར་དྲིས་ལན་འདེབས་པ། གནད་དོན་ལ་གྲོས་བསྡུར། གོ་བ་ལེན་པ་བཅས་ཀྱི་སྦྱོང་བརྡར་ནི་གཙོ་སྐུད་ཡིན་པའི་སློབ་ཁྲིད་བྱེད་ཐབས་བཀོལ་བ་མ་ཟད། སློབ་མ་བྱིངས་ཀྱིས་ཤེས་རྟོགས་ཐུབ་པ་དང་རེ་གཉིས་ལ་རོགས་ཁྲིད་དང་ཡར་སྐུལ་གྱི་ཁྱད་ཆོས་ཀྱང་ལྡན་པར་བྱས་ཡོད།
2.དེང་རབས་སློབ་ཁྲིད་བྱེད་ཐབས་ལ་ཟུང་འབྲེལ་བྱས་ནས་སློབ་མའི་ཤེས་རྟོགས་ཇེ་མཐོར་བཏང་བ།
སྨྱན་མང་གཟུགས་ཀྱི་སློབ་ཁྲིད་མཉེན་ཆས་བཀོལ་ནས་སློབ་ཁྲིད་བྱས་པས། སློབ་མའི་ལྟ་ཞིབ་ནུས་པ་དང་བསམ་གཞིག་ནུས་པ་ཇེ་མཐོར་བཏང་བ་མ་ཟད།ད་དུང་ཐོས་པ་བརྒྱ་ལས་མཐོང་བ་གཅིག་ལྷག་ཅེས་པ་ལྟར་འབྲེལ་ཡོད་བརྙན་པར་མང་པོ་ལ་བལྟ་རུ་བཅུག་པ་བརྒྱུད་ནས་སློབ་ཚན་གྱི་ནང་དོན་གོ་དཀའ་བ་མང་པོ་ཚགས་མེད་བདེ་བླག་གིས་ཤེས་རྟོགས་བྱུང་། སློབ་ཆུང་སློབ་མ་ནི་སློབ་འབྲིང་དང་མཐོ་འབྲིང་སློབ་མ་དང་མི་འདྲ་བར་བྱ་དངོས་དབྱིབས་གཟུགས་ངོས་འཛིན་དང་ངོ་སྤྲོད་ལ་བརྟེན་ནས་སློབ་ཚན་ལ་ཐད་ཀར་གོ་བ་ལེན་པ་ལས་གསལ་བཤད་རྒྱ་ཆེན་པོ་དང་གནས་ལུགས་གཏིང་ཟབ་མོ་བརྗོད་དེ་ནང་དོན་ལ་གོ་བ་ལེན་དུ་འཇུག་པ་ནི་མིན། གཙོ་བོ་རི་མོ་དང་པར་རིས་ལ་འབྲེལ་ན་སློབ་མའི་སྤྲོ་སྣང་འཕེལ་ཞིང་སློབ་ཚན་ནང་དོན་སྟབས་བདེ་དང་མགྱོགས་མྱུར་གྱིས་གོ་བ་ལེན་པར་རོགས་འདེགས་བྱེད་ཐུབ། སློབ་ཚན་འདིར་རི་མོ་གསུམ་བཀོད་ཡོད་ཅིང་། རི་མོ་གསུམ་པོས་རང་གྲུབ་ཚན་པ་དང་པོ་ནས་ལྔ་པའི་ནང་གི་སྐད་ཆའི་ནང་དོན་གཙོ་བོ་གསུམ་དང་འཕྲོད་པར་བྱས་ཡོད་དེ། རི་མོ་དང་པོར་རྐང་བ་གཉིས་མ་གཏོགས་ཐོགས་མེད་པའི་ལྕོང་མོས་ཨ་མ་སག་ཉ་ལ་ཨ་མ་གང་ན་ཡོད་པ་འདྲི་བའི་ཚུལ་ཡིན་པ་དང་། རི་མོ་གཉིས་པར་རྐང་བ་དང་ལག་པ་གཉིས་ཀ་ཐོགས་པའི་ལྕོང་མོས་རུས་སྦལ་ཨ་མ་ཡིན་འདོད་ནས་འདྲི་བའི་ཚུལ། རི་མོ་གསུམ་པར་ལྕོང་མོ་སྦལ་བར་གྱུར་ཟིན་པ་དང་། ཨ་མ་བཙལ་ནས་རྙེད་པའི་རྣམ་པ་བཅས་མཚོན་ཡོད། དགེ་རྒན་གྱིས་བཟོས་པའི་སློབ་ཁྲིད་སྨྱན་ཆས་ལ་སློབ་ཚན་གྱི་བར་བཅུག་རི་མོ་དང་ལྕོང་མོས་ཨ་མ་འཚོལ་བའི་བརྒྱུད་རིམ་མཚོན་པའི་རི་མོ། ལྕོང་མོ་སྦལ་བར་འགྱུར་བའི་སྐྱེ་ཁམས་ཀྱི་འགྱུར་ལྡོག་མཚོན་པའི་རི་མོ། སློབ་ཚན་ནང་གི་ལྕོང་མོ་དང་སག་ཉ། རུས་སྦལ།སྦལ་བ་བཅས་ཀྱི་ཁ་བརྡའི་ནང་དོན་སོགས་རི་མོར་འབྲེལ་ཞིང་ཡིད་ལ་འཛིན་བདེ་བའི་ཕྱིར་ཡི་གེར་བཀོད་པ་གསོན་ཉམས་ལྡན་པར་བྱས་ཡོད་པས་སློབ་མས་ཉན་སྤྲོ་ཞིང་འཛིན་བདེ་བའི་ཕན་འབྲས་ཐོན།
3.ཚིག་དོན་གསལ་བཤད་དང་དྲི་བ་དྲིས་ལན་འདེབས་པའི་ཐབས་བདམས་པ།
སློབ་ཚན་ཧྲིལ་བོ་ཁ་གསལ་ཞིང་གོ་བདེ་བ། གཏམ་རྒྱུད་བཤད་པའི་ཚུལ་གྱིས་ནང་དོན་བཤད་པ་དང་། སློབ་ཁྲིད་དམིགས་ཚད་སྙིང་བོར་བཟུང་སྟེ་གནད་དོན་བཏོན་ནས་དྲིས་ལན་འདེབས་པའི་བྱ་འགུལ་སྤེལ་བ་ཡིན།དཔེར་ན།
(1)ལྕོང་མོ་རྣམས་ཀྱི་སྐྱེས་གཟུགས་ཅི་འདྲ་ཡིན།
མགོ་བོ་ཆེ་ཞིང་རྔ་མ་རིང་བ།
(2)ཉིན་འགའ་འགོར་རྗེས་ལྕོང་མོ་རྣམས་ལ་འགྱུར་ལྡོག་ཅི་ཞིག་ཡོད།
རྐང་བ་གཉིས་ཐོགས་པ།(པར་རིས་ལ་བལྟ་བ)
(3)ལྕོང་མོ་རྣམས་ཀྱིས་ཅི་ཞིག་མཐོང་ནས་སུ་ལ་ཨ་མ་གང་ན་ཡོད་པ་དྲིས།
དེ་ལྟར་དྲི་བ་མང་པོ་བཏོན་ན་སློབ་མའི་བསམ་གཞིག་གི་རྒྱ་ཇེ་ཆེར་འགྲོ་བ་དང་སློབ་ཚན་ལ་གོ་བ་ལེན་པར་ཕན་པ་ཡོད།
4.དབྱེ་ཞིབ་དང་གྲོས་བསྡུར་བྱེད་པའི་ཐུན་ཐོག་སྦྱོང་བརྡར་བྱ་འགུལ་སྤེལ་བ།
སློབ་ཚན་འདི་བྱིས་སྒྲུང་གི་འབྲི་ཐབས་སྤྱད་ནས་ལྕོང་མོ་ཁྱུ་གཅིག་གིས་ཨ་མ་འཚོལ་བའི་བརྒྱུད་རིམ་ཁྲོད་ཁོ་ཚོ་འཚར་ལོངས་བྱུང་ནས་སྦལ་བར་གྱུར་པའི་རང་བྱུང་ཤེས་བྱ་མཚོན་ཡོད་པས། སློབ་མར་སློབ་ཚན་ཁག་བགོས་ནས་གོ་བ་ལེན་དུ་འཇུག་པ་དང་གནད་དོན་བཏོན་ནས་གྲོས་བསྡུར་བྱེད་དུ་བཅུག་ན་སློབ་མས་མི་ཤེས་པ་ཤེས་སུ་འཇུག་པ་དང་ཡང་ན་བསམ་བློ་གཏོང་བ་
དང་སྙིང་སྟོབས་སྤེལ་ཐུབ་བོ། ། མདོར་ན་དྲི་བ་དང་གནད་དོན་མང་པོ་འདོན་ཞོར་དུ་ལྕོང་མོ་སྦལ་བར་གྱུར་པའི་གོ་རིམ་གསལ་བོར་བརྗོད་པ་སོགས་སློབ་མ་ལ་ཅི་ཞིག་གཙོ་བོར་ཁྲིད་པ་དང་། གནད་དོན་རེ་རེར་བསམ་བློ་གཏོང་བ། རང་གིས་གོ་བ་ཇི་ལྟར་ལེན་པ་བཅས་བྱེད་མུས་སུ་བཅུག་སྟེ་སློབ་མ་བྱིངས་ཀྱིས་ཤེས་རྟོགས་ཐུབ་པ་དང་རེ་གཉིས་ལ་རོགས་ཁྲིད་དང་ཡར་སྐུལ་གྱི་ཁྱད་ཆོས་ལྡན་པར་བྱས།
(1)སློབ་མར་མང་བཤད་བྱེད་དུ་བཅུག་ནས་སྐད་ཆ་སྦྱོང་བར་མཉམ་བཞག་པ།
སློབ་མས་རང་རྟོགས་ཀྱིས་སྦྱོང་རྒྱུ་ནི་བསླབ་ཚན་ཚད་གཞི་གསར་བས་བཏོན་པའི་སློབ་སྦྱོང་བྱེད་ཐབས་གཙོ་བོ་ཞིག་ཡིན། སྐད་ཡིག་སློབ་པའི་མཐར་ཐུག་གི་དམིགས་ཡུལ་ནི་སྐད་ཆ་བེད་སྤྱོད་བྱེད་ཐུབ་པ་དེ་ཡིན་པས་ན་སྐད་ཡིག་ནི་སྐད་ཆའི་འབྲེལ་འདྲིས་ཡོ་བྱད་གཙོ་བོ་ཡིན། སློབ་མས་སྐད་ཡིག་སློབ་ཁྲིད་ཁྲོད་སྦྱངས་པའི་སྐད་ཆ་ལ་བརྟེན་ནས་རང་གི་སྐད་ཆའི་འབྲེལ་འདྲིས་ནུས་པ་ཇེ་མཐོར་གཏོང་དགོས། སློབ་ཚན་འདིའི་སློབ་ཁྲིད་ཁྲོད་ལྩོང་མོས་ཨ་མ་འཚོལ་བའི་སྐབས་སུ་བརྩི་བཀུར་ལྡན་པའི་སྒོ་ནས་ཇི་ལྟར་དྲིས་པ་དང། སག་ཉ་དང་རུས་སྦལ་གྱིས་ཇི་ལྟར་ལན་བཏབ་པ། ཨ་མ་སྦལ་བ་མཐོང་དུས་ཇི་ལྟར་བོས་པ། སྦལ་བས་ཕྲུ་གུ་ཚོར་ཇི་ལྟར་བཤད་པ་སོགས་དྲི་ཚིག་གཙོ་བོ་འགའ་རེ་དྲངས་ནས་སློབ་མ་རང་གིས་བསམ་བློ་གཏོང་ཞོར་དུ་ལན་འདེབས་སུ་བཅུག་པ་ཡིན། དྲི་བ་མང་པོ་བཏོན་ན་སློབ་མའི་སྐད་ཆ་བཤད་པའི་ནུས་པ་སྤེལ་བཞིན་ཡོད་པ་ཤེས་ཐུབ། ལན་འདེབས་སྐབས་སློབ་མ་ཁེར་རྐྱང་གིས་ལན་འདེབས་པ་དང་། མཉམ་དུ་ལན་འདེབས་པ། འགྲན་བཤད་སོགས་སྦྱོང་ཐབས་ཀྱིས་སློབ་ཁང་སློབ་ཁྲིད་ཀྱི་རྣམ་པ་དང་ཁྲིད་ཐབས་ནི་གཏན་འཁེལ་ཞིག་མིན་པ་དང་། སློབ་མ་རེ་གཉིས་ཙམ་གྱི་ཆེད་དུ་ཡང་མིན་པར་སྐབས་བསྟུན་རང་དབང་གི་ཁོར་ཡུག་ཅིག་ཡིན་པས། སློབ་མས་ཇི་ལྟར་སྦྱོང་བའི་ཕྱོགས་ལ་ཕྱོགས་སྟོན་དང་རོགས་འདེགས་བྱས་པ་ཡིན། དེ་བས་སློབ་ཁྲིད་གོ་རིམ་ཁྲོད་སློབ་མ་ལ་མང་དུ་བཤད་དུ་འཇུག་རྒྱུ་གཙོར་བཟུང་ནས་སྐད་ཆ་སྦྱོང་བ་དང་གོ་བ་ལེན་པ་ཟུང་འབྲེལ་བྱས་པས་སློབ་ཁྲིད་མཇུག་འབྲས་བཟང་ངོ་། །
(2)གནད་ལ་འཁེལ་བའི་ཚིག་དང་དེ་མཚོན་པའི་རི་མོ་སྦྱར་བ། སྨྱན་ཆས་བསྟན་པ། གྲོས་བསྡུར་བཅས་ཀྱི་ཁྱད་ཆོས་ཐོན་པར་བྱས་ནས་གཏམ་རྒྱུད་ཀྱི་གོ་བ་ཇེ་ཟབ་ཏུ་བཏང་བ།
①སྦྱར་བ། རི་མོ་དང་གཙོ་ཚིག་སྒོ་སམ་དུ་སྦྱར་བ།
༡. རྫིང་བུའི་ནང་དུ་ལྕོང་མོ་ཁྱུ་གཅིག་འཁྱུག་འགྲོས་བྱེད་པ། སག་ཉ་ལ་ཨ་མ་གང་ན་ཡོད་པ་དྲིས། རུས་སྦལ་ཨ་མ་ལ་འཁྲུལ་ནས་ཨ་མ་ཞེས་བོས། སྦལ་བ་མཐོང་ནས་ཨ་མ་རྙེད།
༢.ལྕོང་མོ རྐང་བ་གཉིས་ཐོགས ལག་པ་གཉིས་ཐོགས རྔ་མ་མེད་པར་གྱུར སྦལ་བ་ཆུང་ཆུང་དུ་གྱུར།
②སྨྱན་ཆས་བསྟན་པ།
སློབ་ཚན་ནང་དོན་དང་མཐུན་པར་བཟོས་པའི་སྨྱན་ཆས་དང་ཡང་ན་པར་རིས་གང་འོས་གང་འཚམ་བརྙན་ལམ་ནས་སྟོན་པ་དང་ནང་དོན་བཤད་པ། ལྟ་ཞིབ་དང་གོ་བ་ལེན་པའི་བརྒྱུད་རིམ་ཁྲོད་སློབ་མས་གཏམ་རྒྱུད་ཀྱི་བརྒྱུད་རིམ་ལྟར་གོ་བ་ལེན་ཤེས་པ་དང་། གཞན་ལ་བཤད་ཤེས་པ། ལྕོང་མོ་སྦལ་བར་གྱུར་པའི་བརྒྱུད་རིམ་དང་། སྦལ་བ་ནི་ལོ་ཏོག་དང་རྩི་ཤིང་ལ་ཕན་པ་ཡོད་པའི་སྲོག་ཆགས་ཤིག་ཡིན་པའི་གནས་ལུགས་ཤེས་སུ་བཅུག་པ་ཡིན།
③གྲོས་བསྡུར།
སློབ་མ་གཉིས་རེའམ་ཡང་ན་བཞི་ནས་དྲུག་ཚོ་ཆུང་བྱས་ནས་དགེ་རྒན་གྱིས་གནད་དོན་གང་ཞིག་བཏོན་པ་དེ་དང་། ཡང་ན་སློབ་མས་སློབ་ཚན་ཀློག་པའི་ཁྲོད་གནད་དོན་རྙེད་པ་ལ་བསམ་གཞིག་གཏོང་ཞོར་དུ་གྲོས་བསྡུར་བརྒྱུད་དེ་གོ་བ་ལེན་པའི་ཐབས་ལ་བརྟེན་ནས་ལྕོང་མོས་གནས་ཚུལ་གང་ཞིག་མཐོང་ནས་རང་གི་ཨ་མ་བཙལ་བ་དང་། གཏམ་རྒྱུད་ནི་ཨ་མ་འཚོལ་བའི་བརྒྱུད་རིམ་ཁྲོད་ཇི་ལྟར་འཕེལ་རྒྱས་སུ་སོང་བ། ཨ་མ་རྙེད་དུས་ལྕོང་མོ་ཁྱུ་དེར་འགྱུར་ལྡོག་ཅི་ཞིག་ཡོད་པ་བཅས་ལ་དགེ་སློབ་མཉམ་དུ་གྲོས་བསྡུར་བྱས་ནས་གོ་བ་ཡང་དག་ལེན་དུ་བཅུག་པ་ཡིན།
མདོར་ན་སློབ་ཐུན་འདིའི་སློབ་ཁྲིད་ཅུང་ལེགས་འགྲུབ་བྱུང་མོད། ད་དུང་མི་འདང་བའི་ཆ་ཡོད་པ་སྨོས་མ་དགོས། སློབ་ཁྲིད་ཁྲོད་དགེ་རྒན་ནི་གཙོ་ཁྲིད་དང་སློབ་མ་ནི་གཙོ་གཞི། སྦྱོང་བརྡར་ནི་གཙོ་སྐུད་ཀྱི་ནུས་པ་ལེགས་པོ་ཐོན་དགོས་ན་དེང་ཕྱིན་ཆད་མཉམ་འཇོག་བྱེད་དགོས་པ་འགའ་རེ་བྱུང་ཡོད་དེ།
༡.དགེ་སློབ་བར་གྱི་མཉམ་འབྲེལ་དང་། དགེ་རྒན་དང་སློབ་མ་ཕན་ཚུན་བར་སྐུལ་སློང་དེ་འདྲ་མི་འདང་།
༢.དུས་ཚོད་ཀྱི་དབང་གིས་སློབ་མས་གཏམ་རྒྱུད་བཤད་པའི་བྱ་འགུལ་སྤེལ་མ་ཐུབ།
༣.དྲིས་ལན་འདེབས་སྐབས་སློབ་མ་རེ་འགའ་ལ་སྙིང་སྟོབས་དེ་འདྲ་མེད་པ་དང་། ལན་འདེབས་པའི་སྐད་མགོ་དམའ་བ་སོགས་ལ་མཉམ་བཞག་ནས་སློབ་ཁྲིད་རྗེས་མར་ཇེ་བཟང་ཇེ་ལེགས་སུ་གཏོང་རྒྱུ།
༤.སློབ་ཁྲིད་ལ་དགེ་རྒན་གྱིས་བཤད་པ་ཅུང་མང་སོང་བ་དང་སློབ་མའི་མཉམ་བཤད་ཀྱི་ནུས་པ་སྔོག་འདོན་མི་འདང་།
༥.སློབ་ཁྲིད་ནང་དོན་སྤྱི་སྡོམ་བྱེད་སྐབས་རབ་ཡིན་ན་སློབ་མར་སྤྱི་སྡོམ་བྱེད་དུ་བཅུག་ན་ལྷག་ཏུ་བཟང་སྙམ་མོ། །
ངོ་མ་བཤད་ན་སློབ་ཁྲིད་ནི་བློ་ཕམ་པའི་སྒྱུ་རྩལ་ཞིག་རེད། སློབ་ཁྲིད་འདིར་ཡང་འགྱོད་པ་མང་པོ་ཡོད་དེ། གོང་གི་མི་འདང་ས་དང་མཉམ་འཇོག་དགོས་ས། བཅོས་སྒྱུར་བྱེད་དགོས་པའི་གནད་དོན་ཡོད་པ་དེ་དག་ལ་འདང་ཞིབ་མོ་རྒྱག་པ་དང་། ཐབས་གང་ལེགས་འདོན་པར་དཔྱད་པ་བཏང་ནས་ཚིག་གཅིག་གིས་སྤྱི་བསྡོམས་བྱས་ན་རྗེས་ཕྱོགས་ཀྱི་སློབ་ཁྲིད་ཁྲོད་སློབ་སྦྱོང་གི་དབང་ཆ་སློབ་མར་ཡོངས་སུ་སྤྲོད་དགོས་སྙམ་མོ། །
* ལྷ་རྩེ་རྒྱལ། གཅན་ཚ་རྫོང་མི་རིགས་མཐུན་སྒྲིལ་དམར་དམག་སློབ་ཆུང་དུ་ཕྱག་ལས་གནང་བཞིན་ཡོད།