[གནད་བསྡུས] རྩོམ་འདིར་སློབ་འབྲིང་སློབ་མའི་རྩོམ་འབྲིའི་ཆུ་ཚད་གོང་འཕེལ་དུ་ཇི་ལྟར་གཏོང་བའི་སྐོར་ལ། གཅིག་ནས་ཤེས་བྱའི་རྨང་གཞི་བརྟན་པོ་ཞིག་རྒྱུད་ལ་ངེས་སུ་འཇུག་པ་དང་། གཉིས་ནས་འཚོ་བའི་ཁྲོད་དངོས་སུ་ཞུགས་ཏེ་མཐོང་ཐོས་མྱོང་གསུམ་ཉིན་ཐོའི་ཚུལ་དུ་ཐོ་རུ་འགོད་པ། གསུམ་ནས་སློབ་འབྲིང་སློབ་མའི་རྩོམ་ཡིག་མང་ཙམ་ཀློག་པའི་དགའ་མོས་སྐྱེད་སྲིང་བྱ་དགོས་པ། བཞི་ནས་བརྗོད་པ་གང་རུང་དང་བཅད་ལྷུག་སྤེལ་མའི་རྩོམ་ཡིག་མང་དུ་འབྲི་བར་སྐུལ་མ་བྱེད་པའི་ལྟ་ཚུལ་བརྗོད་ཡོད།
[གནད་ཚིག] སློབ་འབྲིང་སློབ་མ། རྩོམ་འབྲི། གོང་འཕེལ།
གླེང་གཞི།
སློབ་འབྲིང་སློབ་མའི་རྩོམ་ཡིག་ཆུ་ཚད་གོང་འཕེལ་ཇི་ལྟར་གཏོང་རྒྱུ་ནི། ཆུང་དུས་ནས་སྐྱེད་སྲིང་ཡག་པོ་བྱ་དགོས་པའི་ཤེས་བྱའི་རྩ་ལག་ཅིག་སྟེ། ཆུང་དུས་ནས་རྩོམ་ཡིག་འབྲི་སྦྱོང་ལ་གོམས་པ་ཡིན་ན། སླད་རྩོམ་པ་པོ་དང་རྩོམ་འབྲི་བ་སོགས་ཀྱི་ཆོ་ལོ་རྙེད་ཐུབ་པ་ལས་གཞན། རང་གིས་བརྗོད་པར་འདོད་པའི་ཡིད་ཀྱི་བློས་བསླང་དེ་རྩོམ་ཡིག་གི་ཚུལ་དུ་ཤོག་ངོས་སུ་ཕབ་སྟེ། ཀློག་པ་པོ་མང་པོ་ཞིག་གི་མིག་གི་དགའ་སྟོན་དུ་བཤམ་ཆོག་ལ། ཐ་ན་མི་རིགས་དང་རྒྱལ་ཁབ་ཀྱི་ལས་དོན་གལ་ཆེན་འགྲུབ་ཐུབ་པ་མ་ཟད། ད་དུང་མི་རིགས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ལག་ཆ་གལ་ཆེན་དེ་ཡང་ཅི་ལ་མིན། དེ་བས། ཕྲན་གྱིས་སློབ་འབྲིང་སློབ་མའི་རྩོམ་ཡིག་འབྲི་སྦྱོང་ཆུ་ཚད་གོང་འཕེལ་གཏོང་ཕྱོགས་ལ་རང་གི་ལྟ་ཚུལ་འགའ་བརྗོད་པར་བྱ།
གཅིག ཤེས་བྱའི་རྨང་གཞི་བརྟན་པོ་རྒྱུད་ལ་འཇགས་སུ་འཇུག་པ།
ན་ཆུང་སློབ་མ་རྣམས་ནི་རིག་པ་ཧ་ཅང་བཟང་དུས་དང་ཤེས་བྱ་གང་ཞིག་རྒྱུད་ལ་འབྱོར་སླ་དུས་ཡིན་པས། ཡི་གེའི་ཐ་སྙད་རེ་རེ་དང་མིང་ཚིག་རེ་རེ། བསྟན་བཅོས་ཚད་ལྡན་ལས་བྱུང་བའི་ཚིགས་བཅད་ཤོ་ལོ་ཀ་དང་། འཇིག་རྟེན་ལ་གྲགས་པའི་གཏམ་དཔེ་དང་། ཚིག་ལྷུག་གི་བརྗོད་པ་བཅས་ནོར་འཕྱུག་མེད་པར་བློར་བཟུང་ནས། རྒྱུད་ལ་འཇགས་སུ་འཇུག་དགོས་ལ། རང་ལ་དགོས་པའི་ཡོན་ཏན་དེ། ། ཉིན་མ་རེ་ལ་ཚིག་རེ་ཟུངས། ། གང་ཞིག་ཉིན་བརྒྱ་སོང་བ་ན། ། ཚིག་བརྒྱ་མ་ལུས་ཁོང་དུ་ཆུད། ། ཅེས་པ་བཞིན་ཐོག་མར་སློབ་ཕྲུག་རྣམས་ལ་ཤེས་བྱའི་རྨང་གཞི་བརྟན་པོ་ཞིག་རྒྱུད་ལ་འཇགས་སུ་འཇུག་རྒྱུ་ནི་རྨང་རྡོ་ཡིན་ཏེ། དེ་ལྟར་བྱ་ཐུབ་ན་རྩོམ་ཡིག་གང་ཞིག་བྲི་བའི་སྲོག་སྙིང་འཛིན་ཐུབ་པ་ཡིན། དེ་བས། ང་ཚོས་བོད་ཀྱི་གནའ་རབས་སྲོལ་རྒྱུན་སློབ་གསོའི་རྩ་ལག་ཏུ་གཏོགས་པའི་བློ་འཛིན་སྐྱོར་སྦྱང་གི་རིག་པ་འདི་ཅིས་ཀྱང་མ་ཉམས་པ་ཞིག་ཡོང་དགོས་པ་དང་། དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ། ། བརྟེན་ཕྱིར་གཞུང་ཚིག་བློ་འཛིན་མི་བྱེད་པར། ། དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་གྱིས། ། ཉིན་རེར་འགྲོ་ཐབས་དེས་ཀྱང་མི་ཕན་པས། ། དཔེ་འཛིན་སྐྱོར་སྦྱངས་ཡུན་དུ་གྱིས་ཤིག་ཨང་། ། ཞེས་པའི་རྩ་དོན་ཡང་བློ་འཛིན་ནི་རྩ་བའི་རྩ་བ་ཡིན་པ་བསྟན་ཅིང་། དམའ་འབྲིང་སློབ་མ་ལ་ཡང་དཔེ་ཀློག་སྐྱོར་སྦྱང་གིི་རྩ་གནད་དེ་བློ་འཛིན་གྱི་སྟེང་དུ་བཞག་སྟེ། བོད་ཀྱི་སྲོལ་རྒྱུན་སློབ་གསོའི་གཞུང་ལུགས་ལས་ནང་དོན་རིག་པར་སྦྱངས་ན། གཞུང་བཀའ་པོད་ལྔའི་རྩ་བ་བློ་འཛིན་པ། སྨན་ལ་སྦྱངས་ན་རྒྱུད་བཞིའི་རྩ་བ་བློ་འཛིན་པ་ལྟ་བུ་དང་། བརྡ་སྤྲོད་ལ་སུམ་རྟགས་ཀྱི་རྩ་བ་དང་རྩ་ཚིག་བློ་འཛིན་པ་སོགས་ཏེ། ང་ཚོས་སློབ་འབྲིང་སློབ་མ་ལ་ཡང་བསླབ་གཞིའི་ཁྲོད་ཀྱི་ནང་དོན་གཙོ་བོ་རྣམས་བློ་འཛིན་དུ་འཇུག་པ་ཕུད། བསླབ་བྱའི་དཔེ་ཀློག་ཁྲོད་ཀྱི་ནང་དོན་གལ་ཆེན་རྣམས་བློ་འཛིན་དང་ཟིན་བྲིས་འགོད་དུ་བཅུག་སྟེ། ཡང་དང་བསྐྱར་དུ་སྐྱོར་སྦྱང་བྱས་ན། རྡོ་ལ་རི་མོ་བརྐོས་པ་བཞིན་བརྗེད་ངས་རྐུན་པོས་ནམ་ཡང་མི་འཁྱེར་བ་དང་། གང་ཞིག་དཔེ་ཆ་གཞན་པ་བཀླགས་ནའང་སྤྲོ་བ་བསྐྱེད་པ་དང་། ནང་དོན་ལ་གོ་འཛོལ་མི་འབྱུང་བའི་དགེ་མཚན་ཆེ་ཕྱིར། ཤེས་བྱའི་རྨང་གཞི་བརྟན་པོ་ཞིག་རྒྱུད་ལ་འཇགས་སུ་འཇུག་པ་ནི། རྩོམ་ཡིག་ལེགས་པོ་ཞིག་འབྲི་ཐུབ་པའི་རྨང་འདིང་བའི་གོམ་སྟབས་དང་པོའོ། །
གཉིས། འཚོ་བའི་མཐོང་ཐོས་མྱོང་གསུམ་ཐོ་རུ་འགོད་པ།
རྩོམ་ཡིག་ནི་འཚོ་བ་ལས་བྱུང་བ་ཡིན་པས་ང་ཚོས་ན་གཞོན་རྣམས་ལ། གུང་གསེང་དང་ངལ་གསོའི་དུས་ཚོད་བེད་སྤྱད་ནས། དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་མི་འདྲ་བ་དང་བསྟུན་ཏེ། ཁོ་ཚོར་འཚོ་བ་དངོས་སུ་ཟབ་ཞུགས་བྱེད་དུ་བཅུག་ཅིང་། ཁོར་ཡུག་ལ་གཙང་སྦྲ་བྱེད་པ་དང་། ལྕང་མ་འཛུགས་པ། མེ་ཏོག་འདེབས་པ། ཕྱིར་ཕ་ཡུལ་དུ་འབྱོར་ན་ཕ་མར་རོགས་བྱས་ཏེ་ནོར་ལུག་འཚོ་རོགས་བྱེད་པ། ཞིང་ལ་ས་བོན་འདེབས་རོགས་བྱེད་པ། དེ་མིན་རི་མཐོན་པོའི་མགོ་ནས་རང་བྱུང་ཁམས་ཆེན་མོའི་མཛེས་པ་མིག་གི་དགའ་སྟོན་དུ་བཤམས་པ། ཆུ་གཙང་པོའི་འགྲམ་ནས་འབབ་སྒྲར་ཉན་པ། སྤང་ནེའུ་གསིང་ཁུག་ནས་མེ་ཏོག་སྣ་བརྒྱའི་དྲི་བསུང་སྣོམ་པ་སོགས་དབང་པོའི་ལྔའི་སྤྱོད་ཡུལ་དུ་གྱུར་པའི་རང་བྱུང་འཚོ་བ་དངོས་ཉམས་སུ་ལེན་པ། དེ་མ་ཟད་གྲོང་གསེབ་དང་གྲོང་ཁྱེར་གྱི་འཚོ་བ་མི་འདྲ་བ་དང་། སྐྱིད་སྡུག་གི་འཚོ་བའི་མེ་ལོང་ཁྲོད་བྱུང་བའི་མཐོང་ཐོས་མྱོང་གསུམ་ལ་བསམ་གཞིག་བྱ་རུ་བཅུག་ན། རྩོམ་ཡིག་འབྲི་སྐབས་རང་བཞིན་གྱིས་ཡིད་ལ་བརྗོད་སྙིང་ངམ་སྲོག་ཤིང་ཇི་བཞིན་འཆར་ཡོང་བས། དེ་དག་ཉིན་ཐོའི་ཚུལ་དུ་ཐོ་རུ་འགོད་དུ་འཇུག་པ་དང་རྩོམ་ཡིག་བྲི་དུས་བཀོལ་སྤྱོད་བྱས་ན། རྩོམ་ཡིག་ལེགས་པོ་ཞིག་འབྲི་བའི་རོགས་དན་གལ་ཆེན་ཐོན་པ་ནི་གོམ་སྟབས་གཉིས་པར་འདོད།
གསུམ། རྒྱལ་ཁབ་ཕྱི་ནང་གི་རྩོམ་ཡིག་རྩེ་གྲ་ཀློག་པ།
དེ་མིན་དགེ་རྒན་སུ་ཞིག་ཡིན་ཡང། འཇིག་རྟེན་ཁམས་ལ་མིག་རྒྱང་བསྐྱེད་དེ། འཛམ་གླིང་དུ་རྩོམ་ཡིག་གང་དག་ནི་རྩེ་གྲ་རུ་བགྲང་བཞིན་ཡོད་པའི་ཚུལ་ལ་བརྟགས་ནས། སློབ་མ་རྣམས་ལ་གང་མཁོ་མཁོ་དང་གང་བཟང་བཟང་འདེམས་པ་དང་། དུས་ཚོད་ངེས་ཅན་རེ་བེད་སྤྱད་ནས་ཁོ་ཚོའི་བློ་ཁ་དང་འཚམ་པའི་རྩོམ་ཡིག་རྩེ་གྲ་དག་ལྟ་ཀློག་བྱེད་དུ་བཅུག་ན། བག་ལ་ཉལ་བའི་འདུ་ཤེས་ཀྱི་རྒྱ་གྲོལ་ཏེ་རིག་པའི་སྒོ་མོ་འབྱེད་སྲིད་ཅིང་། རྩོམ་ཡིག་འབྲི་བར་མི་དགའ་བའི་བྱིས་པ་རྣམས་ཀྱི་མིག་གི་མཐོངས་བསྐྱེད་དེ། དེ་ལ་ཧུར་བརྩོན་དང་འབད་པ་བྱ་དགོས་པའི་བློ་བསྐྱེད་ཀྱང་འབྱུང་སྲིད་པས། དམའ་འབྲིང་སློབ་མ་ཞིག་ལ་མཚོན་ན། དཔེ་ཀློག་ཞོར་དུ་རྩོམ་འབྲིའི་ནུས་པ་ཡར་རྒྱས་གཏོང་རྒྱུ་གལ་ཆེ། བཀླགས་ཟིན་པའི་དཔེ་དེབ་ཁྲོད་ཀྱི་ནང་དོན་གཙོ་བོ་དང་། ཚིག་སྦྱོར་སྙན་མོ་དག་ནི་བཀོལ་སྤྱོད་ཐུབ་པ་ཡིན་ན་རང་གི་ཡོན་ཏན་དུ་འགྱུར་ཐུབ་པས་ན། ང་ཚོས་དམའ་འབྲིང་སློབ་མ་ལ། རྩོམ་འབྲིའི་ནུས་པ་མཐོར་འདེགས་གཏོང་ཕྱོགས་ཐད་ཐབས་ཤེས་སྣ་ཚོགས་འདོན་རྒྱུ་གལ་ཆེ། བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ཁྲོད། འཆད་རྩོད་རྩོམ་གསུམ་ནི་མཁས་པའི་བྱ་བ་རྣམ་གསུམ་དུ་བཞག་ཡོད་ཅིང་། དེ་ལས་རྩོམ་པའི་བྱ་བ་ནི་ཆུང་དུས་ནས་སྦྱང་བ་བྱས་ན། གཞི་ནས་ཚིག་སྦྱོར་སྙན་ཞིང་གཞན་གྱི་ཡིད་དབང་འཕྲོག་པ། བརྗོད་དོན་འབུར་དུ་ཐོན་ཞིང་། ཉ་ཉོག་ཚིག་གི་ལོ་མས་མི་སྒྲིབ་པའི་ཁྱད་ཆོས་ཐོན་སྲིད་ཅིང་། དེའི་འགག་རྩར་གྱུར་པ་ནི་དཔེ་ཀློག་ཡིན་ལ། དཔེ་ཀློག་ཡག་པོ་འཁྱོངས་ན་རྩོམ་འབྲིའི་ནུས་པ་ཡང་གོང་འཕེལ་འགྲོ་བས། འདི་ནི་གོམ་སྟབས་གསུམ་པའོ། །
བཞི། ཚིག་གི་བརྗོད་པ་དང་རྩོམ་ཡིག་སྣ་ཚོགས་འབྲི་བར་སྐུལ་མ་བྱེད་པ།
ཤེས་བྱའི་རྨང་གཞི་བརྟན་པོ་ཞིག་འཇོག་པ་དང་ལྷན་དུ། ན་གཞོན་རྣམས་ཀྱི་རྒྱུད་ལ་ཡོད་པའི་ཤེས་བྱ་དེ་དག་བཀོལ་སྤྱོད་བྱེད་དུ་འཇུག་རྒྱུའང་ཤིན་ཏུ་གལ་ཆེ་སྟེ། དེ་ལ་རྒྱུན་དུ་ཞུན་བརྡར་མ་བྱས་ན་གཡའ་བཙའ་ཆགས་པའི་ཉེན་ཁ་ཡོད་པས། ཐ་སྙད་དང་མིང་ཚིག་གང་འཚམ་རེ་ལ་མཉམ་དུ་ཚིག་སྒྲིག་པ་དང་། བརྗོད་པ་གང་ནུས་རེ་འབྲི་རུ་བཅུག་ན། ཡུན་གྱིས་རྩོམ་ཡིག་འབྲི་བའི་ཕྱོགས་ལ་བློ་འཁོར་ཞིང་། ཚིག་གི་སྡེབ་སྦྱོར་ཇེ་ལེགས་དང་རྒྱུད་ཀྱི་ཤེས་བྱ་བཀོལ་སྤྱོད་བྱ་ཐུབ་པས། ཚིག་གི་བརྗོད་པ་གང་ནུས་རེ་འབྲི་རུ་འཇུག་པར་སྐུལ་མ་བྱེད་པ་དང་། གང་ལ་དགའ་བ་དེ་ལ་མོས་པ། གང་ལ་མོས་པ་དེ་ལ་མཁས་པ་ཞེས་པ་བཞིན། དམའ་འབྲིང་སློབ་མ་རྣམས་ནི་ལྟོས་བཅས་ཀྱིས་རང་ཚུགས་རང་མགོ་ཅུང་ཐོན་ཡོད་པའི་སློབ་མའི་གྲས་སུ་གཏོགས་པས། སློབ་མ་སོ་སོའི་ཁམས་དང་མོས་པ་མི་འདྲ་ཞིང་། སོ་སོའི་དགའ་ཕྱོགས་དང་འདུན་པ་ཡང་གཏན་ནས་མི་འདྲ་བས། བསླབས་ཕྱིའི་དཔེ་ཀློག་སྦྱོང་བརྡར་བྱེད་པའི་གོ་རིམ་དུ་སློབ་མ་སོ་སོའི་དགའ་མོས་ལྟར་སྐྱེད་སྲིང་བྱས་ཏེ། རྩོམ་འབྲི་ལ་དགའ་ཞིང་སྨྲ་ལྕེ་བདེ་བའི་རིགས་ལ། གཙོ་བོ་རྩོམ་རིག་ཕྱོགས་ཀྱི་དཔེ་དེབ་གྲགས་ཅན་བལྟ་རུ་འཇུག་པ་དང་། སྒྲུང་གཏམ་ལ་དགའ་མཁན་རྣམས་ལ་རྒྱལ་ཁབ་ཕྱི་ནང་གི་སྒྲུང་གཏམ་གྲགས་ཅན་བོད་འགྱུར་མ་མང་པོ། 《སྦྲང་ཆར》གཙོས་པའི་དུས་དེབ་ཏུ་འཁོད་པའི་བརྩམས་སྒྲུང་མང་པོར་བལྟ་རུ་འཇུག་པ། གཏམ་རྒྱུད་ལ་དགའ་མཁན་རྣམས་ལ་རང་རིགས་ཀྱི་གཏམ་རྒྱུད་སྙན་པོ་མི་རོ་རྩེ་སྒྲུང་དང་། གླིང་གེ་སར་རྒྱལ་པོའི་སྒྲུང་སོགས་ཀློག་ཏུ་འཇུག་པ། ཚན་རིག་ཤེས་བྱར་དགའ་མཁན་རྣམས་ལ། གཅེས་ཕྲུག་གི་འཇིག་རྟེན་སོགས་འོས་སྦྱོར་བྱེད་པ། ལོ་རྒྱུས་ལ་དགའ་མཁན་རྣམས་ལ་ཀྲུང་གོའི་ལོ་རྒྱུས་སྤྱི་དང་། བོད་ཀྱི་ལོ་རྒྱུས་ལས་སྲིད་དོན་ལོ་རྒྱུས་དང་ཆོས་ལུགས་ལོ་རྒྱུས། འཛམ་གླིང་ལོ་རྒྱུས་སོགས་ལོ་རྒྱུས་དེབ་ཐེར་ཀློག་ཏུ་འཇུག་རྒྱུ་གལ་ཆེ། དེ་ལྟར་སློབ་མ་སོ་སོའི་དཔེ་ཀློག་མཐོང་རྒྱ་ཆེར་བསྐྱེད་པ་ཡིན་ན། དཔེ་ཀློག་ནུས་པ་མངོན་གསལ་གྱིས་ཡར་རྒྱས་འགྲོ་རྒྱུ་གདོན་མི་ཟ་ཞིང། ལྷག་པར་དུ་རྩོམ་ཡིག་འབྲི་བ་ལ་རང་དབང་འབྱོར་བས། མི་བུ་སུ་ཞིག་གི་འདོད་འདུན་ཡང་ལེགས་འགྲུབ་འབྱུང་སྲིད། དེ་བས། ཚིག་གི་བརྗོད་པ་དང་རྩོམ་ཡིག་སྣ་ཚོགས་འབྲི་བར་སྐུལ་མ་བྱེད་པ་ནི། རྩོམ་ཡིག་གི་ཆུ་ཚད་གོང་འཕེལ་གཏོང་བའི་རྩ་ལག་གལ་ཆེན་དང་། རྩོམ་འབྲིའི་ནུས་པ་གོང་འཕེལ་འགྲོ་བའི་གོམ་སྟབས་བཞི་པར་འཁུམས།
མཇུག་སྡོམ།
མདོར་ན། བྱིས་པ་རེ་རེའི་ལྷན་སྐྱེས་ཀྱི་རིག་པར་བཟང་ངན་ཡོད་ལ། རྩོམ་ཡིག་བྲི་བར་དགའ་མི་དགའ་སོགས་སོ་སོ་ལ་དགའ་ཕྱོགས་ཀྱང་མི་འདྲ་བ་ཡོད་སྲིད་པས། སློབ་མ་ཚང་མས་རྩོམ་ཡིག་བྲི་བར་ཨུ་ཚུགས་མཐའ་སྐྱེལ་བྱེད་པའང་ཅུང་མཐའ་རུ་ལྷུང་འདུག་པས། དགེ་རྒན་གྱིས་བརྟག་དཔྱད་བཏང་སྟེ། སུ་ཞིག་རྩོམ་ཡིག་བྲི་བར་དགའ་བ་དང་། སུ་ཞིག་གླུ་གཞས་ལེན་པར་དགའ་བ། སུ་ཞིག་རྩིས་རྒྱག་པར་དགའ་བ་སོགས་སོ་སོའི་འཇོན་ནུས་སྔོག་ཐུབ་པར་བྱ་རྒྱུ་ཡང་ཤིན་ཏུ་གལ་ཆེ་ལ། གལ་ཏེ་སུ་ཞིག་ལ་རྩོམ་ཡིག་བྲི་བའི་ལྷན་སྐྱེས་ཀྱི་ཤེས་རབ་འཛོམས་ལ་དགའ་མོས་ཡོད་པ་ཞིག་ཡིན་ན། གོང་གི་ཐབས་ལམ་དག་ལ་ཟུར་བལྟ་དང་ལག་ལེན་རེ་མཛོད་དང་རྔོ་ཐོགས་པར་འགྱུར་རོ། །
དཔྱད་གཞིའི་ཡིག་ཆ།
[1] ལྗོངས་ཞིང་ལྔའི་འགན་བབ་སློབ་གསོའི་སྐད་ཡིག་སློབ་གཞི་རྩོམ་སྒྲིག་ལས་ཚན་གྱིས་བསྒྲིགས། སློབ་དེབ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2019.
[2] བློ་བཟང་ཆོས་གྲགས་དང་བསོད་ནམས་རྩེ་མོས་བསྒྲིགས། གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2008.
[3] ས་པཎ་ཀུན་དགའ་རྒྱལ་མཚན། ས་པཎ་མཁས་འཇུག་རྩ་འགྲེལ། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2004.
[4] གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ། སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ། [M] ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་སྒྱུར་ཁང་། 2004.
[5] བཀྲ་ཤིས་དོན་གྲུབ་ཀྱིས་སྒྲིག་སྒྱུར་བྱས། སློབ་གསོ་རིག་པའི་རྣམ་གཞག [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2009.
[6] ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། མཚོ་སྔོན་པོ་དྲ་བ། ལེགས་བཤད་འཕྲུལ་གྱི་དྲ་བ། [M] ཡོངས་འཛིན་དྲ་ཚིགས།
[7] སྟག་འབུམ་རྒྱལ་གྱིས་བསྒྱུར། བརྩེ་བའི་སློབ་གསོ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2019.
[8] རྨེ་རུ་ཡུལ་ལྷ་ཐར་གྱིས་བསྒྱུར། སྤྲོ་སྣང་སློབ་གསོའི་མན་ངག [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2013.
[9] ལི་དབྱི་ཞུའོ་ཡིས་བརྩམས། མགོ་ལོག་རྣམ་རྒྱལ་གྱིས་བསྒྱུར། སློབ་བུའི་བསླབ་བྱ། [M] མི་རིགས་དཔེ་སྐྲུན་ཁང་། 2015.
* པ་སངས། ལྷ་ས་གྲོང་ཁྱེར་སློབ་འབྲིང་དྲུག་པར་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད།