རྩོམ་སྒྲིག་པའི་གཏམ།
“ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ཞེས་པ་ནི་མི་རིགས་ཁག་གི་མི་དམངས་ལ་སྣེ་ཁྲིད་བྱས་ཏེ་བདེ་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་ཁུར། ཤིི་གསོན་མཉམ་གནས། ལས་དབང་གཅིག་མཐུན་བཅས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་རེད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་བཞག་འཕེལ་རྒྱས་ཀྱི་ཁྱོན་ཡོངས་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་གལ་ཆེའི་དོན་སྙིང་གསལ་བཤད་གཏིང་ཟབ་གནང་བ་རེད།
དེ་ཡང་2023ལོར་ངེད་དུས་དེབ་ཀྱི“གྲོང་ཁྱེར་ནང་གི་བོད་པ”ཞེས་པ་བརྗོད་དོན་གཙོ་བོའི་ཁྱད་བཀོད་ལེ་ཚན་དུ་མུ་མཐུད་དུ་ལས་རིགས་སོ་སོའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་དེང་རབས་གྲོང་ཁྱེར་དུ་མི་རིགས་ཁག་དང་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱེད་བཞིན་པའི་མུ་འབྲེལ་གཏམ་རྒྱུད་སྙན་མོ་ཁག་ཅིག་འགོད་རྒྱུ་ཡིན།
མོའི་ད་ཐེངས་ཀྱི་གུང་གསེང་གི་དུས་ཚོད་ཕལ་མོ་ཆེ་དེའི་ཐད་ལ་བེད་སྤྱད་འདུག །སྐལ་བཟང་མེ་ཏོག་གིས་ང་རང་འདི་འདྲའི་འཚོ་བར་གོམས་ཡོད། རིག་གཞུང་ཞིབ་འཇུག་གི་ལས་ཀ་ནི་ལག་ལེན་བརྟག་དཔྱད་དང་རིག་ལམ་གཉིས་གཅིག་ཀྱང་མེད་དུ་མི་རུང་། ནམ་རྒྱུན་སློབ་མ་དང་མཉམ་དུ་མཚན་ཕུད་ནས་རྩོམ་ཡིག་བྲིས་པ་བགྲང་གིས་མི་ལང་ཟེར་ཞིང་། དུས་ཡུན་རིང་པོར་སྒྱུ་རྩལ་རིག་པའི་རིག་གཞུང་དང་། གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ། བོད་ཀྱི་རོལ་དབྱངས་དང་བྲོ་གར་ལ་ཞིབ་འཇུག་བྱེད་མཁན་ཞིག་གི་ཆ་ནས། ངེས་པར་དུ་འཚོལ་ཞིབ་དང་ཞིབ་འཇུག་གི་སྙིང་སྟོབས་དར་སྤེལ་བྱས་ཏེ། མི་རིགས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱ་ཆེད་མི་སྒེར་གྱི་སྟོབས་ཤུགས་ཕུལ་དགོས་ཞེས་བཤད།
སྐལ་བཟང་མེ་ཏོག
བོད་ཀྱི་དམངས་ཁྲོད་གླུ་གར་སྒྱུ་རྩལ་གྱི་ཞིབ་འཇུག་གི་ལམ་དུ་སྐྱོད།
བོད་ཀྱི་གླུ་གར་ཁྱབ་ཁོངས་ཞིབ་འཇུག་གི་ཆེད་མཁས་པ་ཞིག་གི་ཆ་ནས། སྐལ་བཟང་མེ་ཏོག་གིས་ནམ་རྒྱུན་བོད་འབྲེལ་ས་ཁུལ་གྱི་དམངས་ཁྲོད་གླུ་གར་རིག་གནས་ཀྱི་འཕེལ་རྒྱས་གནས་བབ་ལ་དོ་སྣང་བྱེད་བཞིན་ཡོད། འབའ་ཐང་གི་འབའ་གཞས་སྒྱུ་རྩལ་དང་དེ་མིན་ཆབ་མདོའི་རལ་པ་སྒྱུ་རྩལ་སོགས་གང་ཡིན་རུང་། བོད་ཀྱི་དམངས་ཁྲོད་གླུ་གར་སྒྱུ་རྩལ་གྱི་མཚོན་བྱེད་ལྟ་བུ་རེད། དེ་དག་སྲུང་སྐྱོབ་དང་རྒྱུན་འཛིན་ནུས་ལྡན་ཇི་ལྟར་བྱེད་པའི་ཐད་ནས། སྐལ་བཟང་མེ་ཏོག་གིས་བགྲང་བྱ་བཅུ་ལྷག་གི་དུས་ཚོད་སྤྱད་ནས་དཔེ་དེབ་མཐུག་པོ་གཉིས་པར་སྐྲུན་བྱས་ཡོད།
སྐལ་བཟང་མེ་ཏོག་གིས། 2005ལོར། ང་རང་སི་ཁྲོན་རོལ་དབྱངས་སློབ་གླིང་གི་ཀང་ཆིན་སྡེ་ཚན་ནས་སློབ་མཐར་ཕྱིན་རྗེས་སློབ་གྲྭ་རུ་དགེ་རྒན་བྱས་ནས་བསྡད་པ་ཡིན། 2007ལོ་ནས་2013ལོའི་བར། སི་ཁྲོན་སློབ་ཆེན་དུ་སྒྱུ་རྩལ་རིག་པའི་རབ་འབྱམས་པའི་བསླབ་གནས་དང་རིག་རྩལ་རིག་པའི་འབུམ་རམས་པའི་བསླབ་གནས་ཐོབ། ངའི་འབུམ་རམས་པའི་མཐར་ཕྱིན་དཔྱད་རྩོམ་ནི《བོད་ཀྱི་དམངས་ཁྲོད་འབའ་གཞས་སྒྱུ་རྩལ》ཞེས་པ་དེ་ཡིན་ཞིང་། ད་ལྟའང་མུ་མཐུད་དུ་ཞིབ་འཇུག་བྱ་གཞི་འདིར་ཟབ་ཞུགས་བྱེད་བཞིན་ཡོད་ཟེར། སློབ་གླིང་གི་ན་གཞོན་དགེ་རྒན་ཆེན་མོ་ཞིག་ཡིན་པའི་ཆ་ནས་ཞིབ་འཇུག་བྱ་གཞི་དེ་རེ་ཞུ་བྱས་པར་མ་ཟད་ཞིབ་འཇུག་གི་འགན་འཁུར་པ་གཙོ་བོ་བྱས་ཏེ། ལོ་ངོ་བདུན་ལྷག་གི་དཀའ་སྤྱད་འབད་བརྩོན་བརྒྱུད། 2013ལོར། སི་ཁྲོན་ཞིང་ཆེན་གྱི་མིའི་རིགས་སྤྱི་ཚོགས་ཚན་རིག་གི་གཙོ་གནད་ཞིབ་འཇུག་རྟེན་གཞིའི་དམངས་ཁྲོད་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་ཆོག་མཆན་ལྟར་ཐོ་འགོད་བྱས་པའི་ཚན་ཞིབ་རྣམ་གྲངས་དེ་བདེ་བླག་ངང་ལེགས་གྲུབ་བྱུང་བ་རེད།
སྐལ་བཟང་མེ་ཏོག་གིས། སི་ཁྲོན་རོལ་དབྱངས་སློབ་གླིང་གིས་བོད་ཆའང་དབྱིས་རིགས་རིག་གནས་དང་འབྲེལ་བའི་རྣམ་གྲངས་ཐད་རྒྱབ་སྐྱོབ་བྱེད་ཤུགས་ཤིན་ཏུ་ཆེ། ལྷག་པར་དུ་ན་གཞོན་དགེ་རྒན་རྣམས་ལ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ་སོགས་ཀྱི་ཞིབ་འཇུག་བྱ་གཞི་རེ་ཞུ་བྱེད་པར་རྒྱབ་སྐྱོར་དང་སྐུལ་མ་བྱེད་བཞིན་ཡོད་ཟེར། 2008ལོར་སྐལ་བཟང་མེ་ཏོག་གིས་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་སྒྱུ་རྩལ་རིག་པའི་རྣམ་གྲངས《བོད་ཀྱི་དམངས་ཁྲོད་རལ་པ་གླུ་གར་སྒྱུ་རྩལ་གྱི་རྒྱུན་འཛིན་དང་སྲུང་སྐྱོབ་ཞིབ་འཇུག》ཅེས་པར་གཙོ་སྐྱོང་གནང་བ་དང་།
2018ལོར་སླར་ཡང་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་རྣམ་གྲངས《བོད་ཀྱི་དམངས་ཁྲོད་རལ་པ་གསར་རྩོམ་འཁྲབ་སྟོན་སྒྱུ་རྩལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་》ཞེས་པའི་རྣམ་གྲངས་དེར་གཙོ་སྐྱོང་གནང་། མོའི་ཞིབ་འཇུག་བརྩམས་དེབ《བོད་ཀྱི་རལ་པ་སྒྱུ་རྩལ》ཞེས་པར་2022ལོའི་སི་ཁྲོན་ཞིང་ཆེན་སྐབས་བཅུ་པའི་པཱ་ཧྲུའུ་རིག་རྩལ་བྱ་དགའ་ཐོབ་ཡོད།
དཀའ་བ་ཁྱད་དུ་བསད་དེ་དམངས་ཁྲོད་གླུ་གར་རིག་གནས་སྒྱུ་རྩལ་རྒྱུན་འཛིན་བྱེད།
རལ་པ་སྒྱུ་རྩལ་ནི་གཙོ་བོར་བོད་ལྗོངས་ཆབ་མདོའི་ས་ཁུལ་དང་ནག་ཆུ་ས་ཁུལ། ཡུན་ནན་བདེ་ཆེན་ཁུལ། མཚོ་སྔོན་ཡུལ་ཤུལ་ཁུལ་དང་མགོ་ལོག་ཁུལ། དེ་མིན་དཀར་མཛེས་ཁུལ་སོགས་སུ་དར་ཁྱབ་ཆེ།
རེད་དེ། ད་ལྟ་སྒྱུ་རྩལ་འདི་ཉིད་ཉམས་ཉེན་ལ་ཐུག་ཡོད། སྐལ་བཟང་མེ་ཏོག་གིས་སེམས་ཁུར་དང་བཅས་ཏེ་བཤད་རྒྱུར། མིག་སྔར། ཆབ་མདོ་ས་ཆའི་རལ་པ་སྐད་གྲགས་ཆེན་པོ་ཡོད་པར་མ་ཟད་གྲུབ་མཐའང་མང་མོད། རེད་དེ་མི་རྣམས་ཀྱི་ཐོན་སྐྱེད་འཚོ་བར་འགྱུར་ལྡོག་བྱུང་བ་དང་བསྟུན། སྲོལ་རྒྱུན་རལ་པའི་གླུ་གཞས་འཁྲབ་སྟོན་གྱི་དམངས་ཁྲོད་སྒྱུ་རྩལ་པ་ཇེ་ཉུང་དུ་འགྲོ་བཞིན་པ་མིག་མཐོང་ལག་ཟིན་རེད། དེས་མ་ཚད་པར། དམངས་ཁྲོད་ཀྱི་སྒྱུ་རྩལ་པ་རྒན་པ་རྣམས་གཅིག་རྗེས་གཉིས་མཐུད་དུ་ཚེ་ལས་འདས་པས་རལ་པ་རྒྱུན་འཛིན་པའི་རྒྱུན་ཆད་བཞིན་འདུག་ཟེར།
མོས་ལག་ལེན་ལ་བརྟེན་ནས་རྒྱུན་འཛིན་ཐད་ལ་ཤུགས་བརྒྱབ་པ་དང་། 2007ལོ་ནས་བཟུང་།སྐལ་བཟང་མེ་ཏོག་གིས་རལ་པ་རྒྱུན་འཛིན་ཐད་ཀྱི་ཞིབ་འཇུག་འགོ་ཚུགས་ཤིང་། ལ་ལུང་མང་པོ་བརྒལ་ཏེ་ཡུལ་དངོས་སུ་རྟོག་ཞིབ་འཚོལ་བསྡུ་དང་སྒྱུ་རྩལ་རྒྱུན་འཛིན་པར་བཅར་འདྲི། རིག་གཞུང་བརྩམས་དེབ་དང་དཔྱད་རྩོམ་དཔེ་སྐྲུན། གློག་བརྙན་དངོས་ཟིན་ཕབ་སྐྲུན། ཟློས་གར་ཆེ་གྲས་འཁྲབ་གཞུང་གསར་རྩོམ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་གི་རྣམ་གྲངས་སོགས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད།
རལ་པའི་རྣམ་གྲངས་ཀྱི་ཐོག་མའི་ལས་ཀའི་ཁྲོད་དུ་སྐལ་བཟང་མེ་ཏོག་གི་མ་དངུལ་བསྡུ་རུབ་ཐད་དཀའ་ཁག་ཆེན་པོ་བྱུང་། མོས་བཤད་རྒྱུར། ངའི་རྣམ་གྲངས་འདིའི་འགྲོ་སོང་སྤྱིར་བཏང་གི་རྣམ་གྲངས་གཞན་དག་ལས་མང་མོད། རེད་དེ་སྤུས་ཚད་མཐོ་བའི་སྒོས་རྣམ་གྲངས་འདི་སྒྲུབ་དགོས་ན། མ་གཞིའི་འགྲོ་སོང་སྒོར་ཁྲི་60ལས་བརྒལ་འདུག །སྐབས་དེར་ང་འདི་འདྲའི་དཀའ་ཁག་འཕྲད་ཡོད་པའི་དུས་སུ། ཨ་ཕས་ང་ལ་རོགས་དངུལ་གང་འཚམ་ཞིག་གནང་ཆོག་གསུངས་མྱངས། སྐལ་བཟང་མེ་ཏོག་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་ཨ་ཕའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང་། ཕ་མ་གཉིས་པོ་བོད་ཀྱི་རིག་གནས་སྒྱུ་རྩལ་གྱི་ལས་དོན་པ་ཡིན་པས་མོ་ལ་སྐུལ་མའང་གང་མང་ཐེབས་འདུག
སྐལ་བཟང་མེ་ཏོག་གིས་བོད་ཀྱི་དམངས་ཁྲོད་གླུ་གར་རིག་གནས་སྒྱུ་རྩལ་རྒྱུན་འཛིན་འཕེལ་རྒྱས་གཏོང་དགོས་ན་སློབ་གྲྭ་ཆུང་འབྲིང་ནས་མཐོང་ཆེན་དང་། རྒྱུན་འཛིན་པར་སྔར་ལས་ལྷག་པའི་ཁྱབ་སྤེལ་ཐབས་ལམ་དང་དཔལ་འབྱོར་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་གནང་བ་དང་། མོས་ཚང་མས་བོད་ཀྱི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་བྱ་གཞག་གོང་འཕེལ་ལ་དེ་བས་དོ་སྣང་བྱ་བའི་རེ་བའང་བཅངས་འདུག །
ཨོ་རྒྱན་བསྟན་འཛིན་།
རང་ཉིད་དགའ་མོས་ཡོད་པའི་ལས་དོན་སྒྲུབ་པ།
འགའ་རེས་ཁོང་གི་གླུ་སྐད་ཀྱིས་སེམས་ལྷོད་ཐུབ་ཀྱི་འདུག་ཟེར་ལ། འགའ་རེས་ཁོང་གི་གླུ་སྐད་ཀྱིས་མིག་ནས་མཆིལ་མ་བཏོན་གྱི་འདུག་ཟེར།
ང་ཚོ་ལ་ཡངས་ཤིང་ཆེ་བའི་མཁའ་དབྱིངས་ཤིག་མེད་ཀྱང་།
ང་ཚོ་ལ་ལྡོག་ཏུ་མེད་པའི་འཕུར་སེམས་ཤིག་ཡོད་མྱངས།
ང་ཚོ་ལ་བདེ་ཞིང་སྙོམས་པའི་ལམ་བུ་ཞིག་མེད་ཀྱང་།
ང་ཚོ་ལ་མདུན་དུ་སྐྱོད་པའི་ཕུགས་བསམ་ཞིག་ཡོད་མྱངས།
ཉི་མ་ནུབ་རི་ལ་བཞུད་པའི་སྐབས་ཤིག །ང་རང་ཁྲེང་ཏུའུ་གྲོང་ཁྱེར་ཁོན་ཀྲའེ་སྲང་ལམ་གྱི་དབྱི་ཏིང་ཁ་ཧྥེ་ཁང་ནས་བརྒྱུད་ཅིང་། དེ་ནས་སྙན་ཞིང་འཇེབས་པའི་བོད་གཞས་ཤིག་རྣ་ལམ་དུ་ཐོས་བྱུང་བས། མུ་མཐུད་དུ་མདུན་ཕྱོགས་ལ་འགྲོ་མཚམས་བཞག་ནས་རྐུབ་སྟེགས་སྟོང་པ་ཞིག་ཉུག་སྟེ་སེམས་ལྷོད་ལ་ཕབ་ནས་བསྡད། ཨོ་རྒྱན་བསྟན་འཛིན་གྱིས་གར་སྟེགས་ཐོག་ཏུ་རོལ་ཆ་དཀྲོལ་ཞོར་ཁོའི་ཆེད་བསྒྲིགས་གསར་པའི་ནང་གི《ལག་ལེན་གསེར་གྱི་ཐིགས་པ》ཞེས་པའི་གླུ་དབྱངས་དེ་ལེན་བཞིན། སྙན་ཞིང་འཇེབས་ལ་ཡིད་སེམས་དབང་མེད་དུ་འཕྲོད་པའི་སྐད་གདངས་དང་བག་གྲོ་བའི་ཉམས་འགྱུར་ལས་ཁོའི་བཅོས་མིན་གྱི་སེམས་ཀྱི་རི་མོ་ཕྱིར་མངོན་གྱི་འདུག །དེ་ནི་ངས་ཨོ་རྒྱན་བསྟན་འཛིན་ཐེངས་དང་པོ་མཐོང་བ་ཡིན།
ཕུགས་འདུན་སྙེག །གླུ་པ་དཀྱུས་མ་ཞིག་ནས་ཆེད་བསྒྲིགས་བཟོ་སྐྲུན་པ་རུ་གྱུར།
ལོ་ཡི་འཁོར་མོ་དེ་2013ལོར་ཡར་འདེད་ན། ལས་གནས་ལ་ཞུགས་ནས་ལོ་ཕྱེད་ཙམ་འགོར་བའི་ཨོ་རྒྱན་བསྟན་འཛིན་ཁོང་ཉིན་ལྟར་མུན་ནག་གི་རྒྱ་རུ་ཚུད་པ་ལྟར་གྱུར་ཡོད་ཅིང་། ཆུང་ནས་གླུ་གཞས་ལ་བརྩེ་བ་ཟབ་པའི་ན་གཞོན་རེ་བ་ཅན་དེ་ད་ལྟ་རང་གི་ཕུགས་འདུན་དང་རྒྱང་ཐག་ཇེ་རིང་དུ་འགྱུར་བཞིན་པ་འདོད། སྤྱིར་ཁོས་ཕུགས་འདུན་དེ་གཏན་ནས་དོར་མྱོང་མེད་རུང་། སྐབས་དེ་སེམས་པ་དངངས་སྐྲག་གིས་ཁེངས་ཡོད། ཁོས་གླུ་གཞས་ལ་དུང་པའི་མི་མང་པོ་ཞིག་ཁྲེང་ཏུའུ་ལ་འགྲོ་བཞིན་ཡོད་པ་ཐོས་རྗེས། སེམས་སུ་རེ་བས་ཁེངས་ཤིང་། དེ་མ་ཐག་ལས་གནས་ནས་ཕྱིར་བུད་པའི་རེ་ཞུ་ཡི་གེ་སྤྲད་ནས། ཁེ་རྐྱང་གིས་ཁྲེང་ཏུའུ་གྲོང་ཁྱེར་དུ་སོང་ནས་རང་ཉིད་ཀྱི་ཕུགས་འདུན་ལ་རེ་སྙེག་བྱས།
ཕུགས་འདུན་ནི་མཛེས་སྡུག་ལྡན་ཡང་།
མངོན་སུམ་ནི་དཀའ་སྡུག་གིས་བཅིངས། ཕུགས་འདུན་གྱི་ལམ་དུ་རྒྱུན་འཁྱོངས་བྱེད་པ་ནི་ཨོ་རྒྱན་བསྟན་འཛིན་གྱིས་སྔོན་ཆོད་སེམས་སུ་འཆར་བ་ལྟ་བུའི་ལས་སླ་མོ་ཞིག་མིན་ཏེ། ཁྲེང་ཏུའུ་ལ་སླེབས་པའི་ལོ་དང་པོ་ལ། མི་གཞན་པས་ངོ་སྤྲོད་བྱས་པ་བརྒྱུད་ཁོང་གཉན་ཆེན་ཐང་ལྷ་སྒྱུ་རྩལ་ཚོགས་པའི་ནང་ཞུགས། དུས་རྒྱུན་ཆང་ཁང་དུ་གླུ་གཞས་བླངས་ཤིང་། སྐབས་འགར་མགྲོན་པོ་ལ་ཆང་བཀྱག་དགོས་ཀྱི་ཡོད། ལོ་དེའི་རིང་རང་ལ་ཐོབ་རྒྱུ་ཞིག་ཕར་ཞོར། ད་དུང་ཕོ་ཁ་ལའང་རྨས་སྐྱོན་ཆེན་པོ་ཐེབས་གྲབས་བྱུང་། ལོ་སར་སྐབས། ཨོ་རྒྱན་བསྟན་འཛིན་ཁྱིམ་ལ་ལོག་པའི་སྤོབས་པ་ཞན་ཞིང་། རང་ལ་རེ་བ་ཆེ་བའི་དྲིན་ཆེན་ཕ་མ་དང་ངོ་ཇི་ལྟར་ཐུག་དགོས་ཤེས་ཀྱི་མེད།
མ་སི་ལའོ་ཡིས། རོལ་མོ་བས་ངེས་པར་དུ་རོལ་དབྱངས་གསར་གཏོད་བྱེད་དགོས། རི་མོ་བས་ངེས་པར་དུ་རི་མོ་འབྲི་དགོས། སྙན་ངག་པས་ངེས་པར་དུ་སྙན་ངག་འབྲི་དགོས། མི་ཞིག་ཁོ་རང་འགྱུར་ཐུབ་པའི་མི་དེ་ལ་འགྱུར་དགོས་ན། ངེས་པར་དུ་རང་ཉིད་ངོ་མ་ལ་གདོང་གཏུགས་དགོས་ཞེས་གསུངས་མྱངས། ངས་བསམ་ན་མུ་མཐུད་དུ་འདི་འདྲ་བྱས་ན། ངའི་རོལ་དབྱངས་ཀྱི་ཕུགས་འདུན་རྩ་མེད་འགྱུར་བར་འདོད། དེ་བས་ངས་སྒྱུ་རྩལ་ཚོགས་པ་ནས་ཕྱིར་བུད་རྒྱུའི་སེམས་ཐག་བཅད་པ་ཡིན། སྐབས་དེ་ཏག་ཏག་ངའི་གྲོགས་པོ་ཞིག་གིས《བསོད་ལྷ》ཞེས་པའི་གློག་བརྙན་ཞིག་ཕབ་རྒྱུ་གྲ་སྒྲིག་བྱེད་བཞིན་ཡོད་ལ། ཁོས་ང་ལ་ཁོའི་གློག་བརྙན་དེའི་བརྗོད་དོན་མཚོན་བྱེད་ཀྱི་གླུ་དབྱངས་ཤིག་རྩོམ་དགོས་ཟེར། སྐབས་དེར་ངས་ཕྱིར་བཤོལ་བྱས་པ་ཡིན། དེ་དུས་ངས་ད་དུང་གླུ་གཞས་གསར་གཏོད་བྱེད་མྱོང་མེད། རེད་དེ་ཁོས་རྒྱུན་འཁྱོངས་མཐའ་གཅིག་ཏུ་བྱས་རྐྱེན། ང་ལ་སྤོབས་པ་ཆེན་པོ་བྱིན་བྱུང་བས། ད་གཟོད་ངའི་སྒྱུ་རྩལ་གསར་གཏོད་ཀྱི་མྱུ་གུ་འབུས་པ་རེད་ལ། ད་གཟོད་དེང་དུས་རང་སྒེར་གྱིས་ཆེད་བསྒྲིགས་བཏོན་ཐུབ་པ་བྱུང་བ་རེད་ཅེས་ཨོ་རྒྱན་བསྟན་འཛིན་གྱིས་ལབས་བྱུང་།
ཕུགས་འདུན་གྲུབ། ཕུགས་འདུན་བརྟན་པོར་སྲུང་ནས་རོལ་མོའི་བདེ་སྐྱིད་ལོངས་སུ་སྤྱོད།
2023ལོ་ནི་རྦད་དེ་གླུ་གཞས་སྒྱུ་རྩལ་གྱི་ལམ་ལ་ཞུགས་པའི་ལོ་བཅུ་པ་དེ་རེད། གར་སྟེགས་ཐོག་གཞོན་ཤ་ཆགས་པའི་ན་ཆུང་དེ་དེང་དུས་ལང་ཚོར་དར་ལ་བབས་པའི་གླུ་གཞས་སྒྱུ་རྩལ་པ་ཞིག་ཏུ་གྱུར་ཟིན་པ་དང་། བགྲང་བྱ་བདུན་རིང་གྲ་སྒྲིག་བྱས་པའི་ཆེད་བསྒྲིགས《དབུལ་པོའི་ལམ》འགྲེམ་སྤེལ་བྱས་ཤིང་། ཕུགས་འདུན་ལ་སྙེག་མཁན་ཞིག་ནས་ཕུགས་འདུན་གྲུབ་མཁན་ཞིག་ཏུ་གྱུར་ཡོད་ལ། ལོ་ན་སུམ་ཅུ་ལ་སོན་པའི་ཕོ་སར་ཁོང་གི་འཚོ་བ་དེ་སྔར་ལས་ཀྱང་གཏན་ཁེལ་དུ་གྱུར་ཡོད། འོན་ཀྱང་ཨོ་རྒྱན་བསྟན་འཛིན་གྱིས་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལ་ཡ་མཚན་དང་དོགས་སེམས་ཀྱི་བསམ་པ་བཅངས་བཞིན་ཡོད་ལ། འདི་ཡོངས་ཀྱི་རྒྱབ་ལོགས་ཀྱི་རྟེན་ས་ནི་ཁོའི་གཡོ་འགུལ་མེད་པའི་ཕུགས་འདུན་དེ་ཡིན། ཨོ་རྒྱན་བསྟན་འཛིན་རང་ཉིད་ལ་ཅི་ཞིག་དགོས་པ་དང་། དེའི་ཆེད་དུ་འབད་འབུངས་ག་འདྲ་དགོས་པ་སེམས་ལ་གསལ་པོ་ཤེས་ཀྱི་ཡོད་ལ། གལ་སྲིད་དམིགས་འབེན་གཏན་པོ་མེད་ཚེ། ཁོས་རང་ཉིད་ལ་གདེང་ཚོད་མེད་པ་དེ་སྦས་གསང་བྱེད་མི་སྲིད། འོན་ཀྱང་། ཕུགས་འདུན་གང་འདྲ་ཞིག་མངོན་འགྱུར་ཡོང་དགོས་ན། དེར་བརྒྱུད་པའི་ལམ་ཐག་སླ་མོ་ཞིག་མེད་ལ། སྔོན་ལ་ནོར་འཁྲུལ་ཤོར་བ་དག་མུ་མཐུད་དུ་དག་བཅོས་བྱས་ཏེ་རིམ་བཞིན་ཇེ་ལེགས་དང་ཇེ་གསལ་གཏང་དགོས།
ཨོ་རྒྱན་བསྟན་འཛིན་གྱིས། བགྲང་བྱ་བཅུའི་རིང་། ངས་ཉིན་རེའི་འཁྲབ་སྟོན་དེ་སློབ་ཐུན་གཅིག་ལ་རྩིས་ཤིང་། སློབ་ཁྲིད་གྲོལ་རྗེས་བསྐྱར་སྦྱོང་དང་ཁ་གསབ་བྱེད་ཀྱི་ཡོད་ལ། སློབ་ཐུན་རྗེས་མའི་སྐབས་དག་བཅོས་ཀྱང་བྱེད་ཀྱི་ཡོད། གཞན་ཡང་ད་དུང་དུས་རྒྱུན་གླུ་གཞས་རིགས་འདྲ་མིན་དང་རོལ་མོའི་ལུགས་འདྲ་མིན་ལ་རོལ་མྱོང་བྱེད་ཀྱི་ཡོད། རོལ་མོ་ལ་མ་གཞི་ནས་རྣ་ལ་སྙན་ཞིང་སེམས་ལ་བདེ་བ་སྟེར་བའི་ཁྱད་ཆོས་ལྡན། ང་ཚོས་རོལ་དབྱངས་ཀྱིས་བསྩལ་བའི་མཛེས་སྡུག་ལྡན་པའི་ཚོར་བ་ལ་རོལ་མྱོང་བྱེད་དགོས་པ་ལས། རོལ་དབྱངས་བརྩམས་ཆོས་དེ་སྲོལ་རྒྱུན་དང་དེང་རབས་སོགས་སུ་དབྱེ་ནས་རྩོད་གླེང་བྱེད་མི་རུང་། འཁྲབ་སྟོན་པ་ཞིག་ལ་ཆ་མཚོན་ན། རང་གི་ཁྱད་ཆོས་དེ་འབུར་དུ་སྟོན་དགོས་ལ། རང་ཉིད་ལ་ཁྱད་ཆོས་ཅི་འདྲ་ཞིག་ཡོད་ན་དེའི་ཕྱོགས་ལ་ནུས་པ་ཕྱུང་དགོས། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་རྣམ་པ་ཞིག་བྱུང་ན་དེ་བས་མི་ལེགས་སམ་ཞེས་ལབས་བྱུང་།
གསར་འགོད་པ་ཡ་མཚན་སྐྱེས་ནས་ཁོང་ལ་བགྲང་བྱ་བཅུའི་རིང་དོན་དག་ཅིག་ཁོ་ན་རྒྱུན་འཁྱོངས་བྱས་ཏེ། འདས་ཟིན་པའི་དཀའ་ངལ་དང་ངལ་དུབ་ལ་ཕྱི་བལྟས་བྱེད་དུས། དུས་ཀྱི་འཁོར་འགྲོས་དང་འགྲོགས་ནས་ཚང་མ་ཡལ་ཟིན་པ་འདྲ་ཞིག་ཨེ་རེད་ཅེས་འདྲི་སྐབས། ཁོང་གིས་སེམས་ཐག་ཆོད་མོའི་ངང་ནས་རང་གིས་འདོད་མོས་དང་དགའ་བ་ཡོད་པའི་ལས་དོན་དེ་སྒྲུབ་དུས། དཀའ་ཁག་དེ་དག་ལ་ཅི་ཡང་རྩི་བཞིན་མེད། ཕུགས་འདུན་ཡོད་ནས་ཕུགས་འདུན་གྱི་ཆེད་དུ་འཚོ་ན། དེ་ནི་སྤྲོ་འོས་པ་ཞིག་རེད་ཅེས་ལབས་བྱུང་། །
བོད་ཀྱི་རོལ་དབྱངས་རྒྱུན་འཛིན་ཁྱབ་སྤེལ་ལས་ལ་བརྩོན།
བློ་བཟང་དོན་གྲུབ་།
ད་ལོའི་དཔྱིད་གསར་དུས་ཆེན་ལ་བོད་རིགས་མང་པོ་གྲོང་ཁྱེར་དུ་ལོ་སར་གཏོང་དུ་སླེབས་ཏེ། ཁྲེང་ཏུའུ་ཡི་བོད་ཟས་ཁང་དག་གི་ཚོང་ཤིན་ཏུ་བྲིན། གནས་མཆོག་ལྷ་ས་གསོལ་སྟོན་ཁང་གི་སྦྱིན་བདག་བློ་བཟང་དོན་གྲུབ་ཀྱིས་ལས་སྒྲུབ་པ་དག་དང་མཉམ་དུ་མགྲོན་པོར་སྣེ་ལེན་བྱེད་པའི་ལས་ལ་བྲེལ་གྱི་འདུག
དེ་ཡང་བློ་བཟང་དོན་གྲུབ་ནི་ཐོག་མར་གཉན་ཆེན་ཐང་ལྷ་སྒྱུ་རྩལ་ཚོགས་པའི་གཞས་པ་ཞིག་ཡིན་ཏེ། རྒྱུན་པར་བོད་འབྲེལ་ཁུལ་དང་རྫོང་སོ་སོར་འཚམས་འདྲིའི་འཁྲབ་སྟོན་དུ་འགྲོ་བཞིན་ཡོད། རྗེས་སུ། ཁོ་སྒྱུ་རྩལ་ཚོགས་པའི་ལས་གཉེར་དོ་དམ་ལས་ཀར་ཞུགས་པ་དང་། ཕུལ་དུ་བྱུང་བའི་གཞས་པ་གང་མང་གི་འཚར་ལོངས་ཀྱི་བརྒྱུད་རིམ་དངོས་སུ་མྱོང་ཡོད། ད་ལྟ། ཁོ་ལ་ཐོབ་ཐང་གསར་པ་ཞིག་ཡོད་དེ། སི་ཁྲོན་གཉན་ཆེན་ཐང་ལྷ་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་གཞོན་པའི་འགན་འཁུར་བཞིན་འདུག །བོད་ཀྱི་གཞས་པ་མང་པོ་དང་འདྲ་བར་གཉན་ཆེན་ཐང་ལྷ་སྒྱུ་རྩལ་ཚོགས་པས་ང་ལ་མི་ཚེའི་གར་སྟེགས་རྩ་ཆེན་གནང་མྱོང་ཞེས་བཤད་བཞིན་འདུག
ཆང་གཞས་རྒྱལ་སྲས་ནས་ཚོགས་གཙོ་གཞོན་པར་གྱུར།
2002ལོར། གཉན་ཆེན་ཐང་ལྷ་རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་སིས《རི་བོ་ཐང་ལྷའི་དྲག་རླུང་》ཞེས་པའི་འོད་སྡེར་ཞིག་བཟོ་སྐྲུན་བྱས་པ་དེ་བོད་འབྲེལ་ས་ཁུལ་གྱི་ཚོང་རར་རྒྱ་ཆེར་ཁྱབ། འོད་སྡེར་དེར་བོད་རིགས་དང་སོག་པོའི་རིགས། དབྱིས་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་དམངས་གཞས་བསྡོམས་པས་31འཚོལ་བསྡུ་བྱས་ཤིང་། འདར་འགྲིལ་རོལ་དབྱངས་ཀྱི་ཉམས་དང་ལྡན་པར་བཅོས་སྒྲིག་བྱས་ཡོད་པས། མི་རྣམས་ཀྱིས་ཁྲོམ་གཞུང་སོགས་ག་ས་གར་ནས་སྤྲོ་སེམས་ལྡན་པའི་གླུ་གཞས་དེ་དག་གི་རོལ་མོ་ཐོས་ཐུབ།
འོད་སྡེར་དེའི་ནང་། བློ་བཟང་དོན་གྲུབ་ཀྱིས་འཁྲབ་ལེན་བྱས་པའི《ཁང་གསོལ》དང《བཀྲ་ཤིས་བདེ་ལེགས》《ལྷན་འཛོམས》《གངས་ལྗོངས་ཀྱི་གྲོགས་པོ》《ཆང་ཕོར》སོགས་ཀྱི་གླུ་གཞས་ལ་ཞེན་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་དང་། ཁོ་ལའང་གདང་ལའི་ཆང་གཞས་རྒྱལ་སྲས་ཞེས་པའི་མཚན་ཡང་དེ་དུས་ཐོགས་པ་རེད།
བློ་བཟང་དོན་གྲུབ་ཀྱིས་གསར་འགོད་པར། 《རི་བོ་ཐང་ལྷའི་དྲག་རླུང་》དེ་མི་རིགས་རོལ་དབྱངས་གསར་དར་རོལ་དབྱངས་སུ་འཕེལ་རྒྱས་འགྲོ་བའི་ཐོག་མ་རེད་ཟེར་ཆོག་ཆོག་ཡིན་ཞིང་། འོད་སྡེར་གྱིས་བོད་གཞས་ཟེར་སྡེར་གྱི་སྔོན་སྐྱོད་པ་ལྟ་བུ་ཡིན། འོད་སྡེར་ཁྲི་ལྔ་བརྒྱ་དྲུག་བརྒྱ་བཙོང་ཡོད་ཟེར། སྒྱུ་རྩལ་ཚོགས་པས་གྲངས་ཉུང་མི་རིགས་རོལ་དབྱངས་ཀྱི་གོང་འཕེལ་ལ་སྐུལ་འདེད་བཏང་དང་གཏོང་བཞིན་ཡོད་པ་དང་། དུས་མཚུངས་སུ་རིག་གནས་སྤེལ་རེས་དང་མཉམ་འདྲེས་ལ་ནུས་པ་བཏོན་ཡོད། རྒྱུ་མཚན་དེ་འདྲའི་རྐྱེན་གྱིས་ཁོས་གཞས་པའི་ཐོབ་ཐང་བསྐྱུར་རྗེས་མུ་མཐུད་དུ་གར་སྟེགས་རྒྱབ་ལོགས་ནས་འབད་པ་བྱས་ཏེ་ཚོགས་པའི་ནང་ནས་རང་ནུས་ཅི་ལྕོགས་ཀྱིས་རང་ཉིད་དགའ་སའི་ལས་ལ་སྲི་ཞུ་སྒྲུབ་བཞིན་འདུག
དེ་ཡང་སྒྱུ་རྩལ་ཚོགས་པས་བཏོན་པའི《རི་བོ་ཐང་ལྷའི་དྲག་རླུང་》དང《བོད་ཀྱི་བྱིས་པ》《ཐང་དཀར་རྒོད་པོས་ནམ་འཕང་གཅོད》《བརྩེ་བའི་ཕ་གཞིས》《མཛེས་མའི་ལུང་པ། ངའི་ཕ་ཡུལ》སོགས་ཀྱི་བོད་ཀྱི་རོལ་དབྱངས་ཆེད་བསྒྲིགས་བརྩམས་ཆོས་ལ་རོལ་དབྱངས་མཐུན་ཚོགས་ཀྱི་ཅིན་ཀྲུང་བྱ་དགའ་དང་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གི་ཀྲུང་གོའི་ནུབ་རྒྱུད་མེ་ཏོག་ཅེས་པའི་དམངས་གཞས་འགྲན་བསྡུར་ཆེན་མོ་དང་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་གཞས་པའི་འགྲན་བསྡུར་ཆེན་མོའི་ཕུལ་བྱུང་རྩ་འཛུགས་བྱ་དགའ་ཐོབ་མྱངས།
བློ་བཟང་དོན་གྲུབ་ཀྱིས། རྗེས་སུ། ང་ཚོའི་སྒྱུ་རྩལ་ཚོགས་པ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཛུབ་སྟོན་འོག །སི་ཁྲོན་གྲངས་ཉུང་མི་རིགས་ས་ཁུལ་གྱི་འཚམས་འདྲིའི་འཁྲབ་སྟོན་གྱི་ལས་ཀ་རྒྱུན་འཁྱོངས་བྱེད་བཞིན་པ་དང་། ང་རང་ཀྱང་སྒྱུ་རྩལ་ཚོགས་པའི་ཏང་ཀྲི་པུའུ་ཡི་གསོ་སྐྱོང་འོག་ཏང་ནང་དུ་ཞུགས་ཡོད་ཅེས་བཤད། བློ་བཟང་དོན་གྲུབ་ཀྱིས་ལོ་ལྟར་དུ་འཁྲབ་སྟོན་མི་སྣ་ཞིག་གི་ཆ་ནས་བོད་འབྲེལ་ས་ཁུལ་དུ་སྤྱི་ཕན་འཚམས་འདྲིའི་སྐོར་སྐྱོད་འཁྲབ་སྟོན་དུ་བསྐྱོད་བཞིན་འདུག
2009ལོ་ནས་ད་ལྟའི་བར། སྒྱུ་རྩལ་ཚོགས་པས་བོད་འབྲེལ་ས་ཁུལ་དང་ས་འགུལ་གནོད་ཐེབས་ཁུལ། སྟབས་བདེའི་ཁང་པ་དང་གཞིས་ཁུལ། སྡོད་དམངས་བཀོད་སྒྲིག་ས་ཚིགས། དམག་སྒར། དེ་མིན་སློབ་གྲྭ་དང་ཨར་ལས་ཡུལ་དངོས་སོགས་སུ་སྤྱི་ཕན་རིག་གནས་དམངས་ཕན་བྱེད་སྒོ་ཐེངས་1000ལྷག་སྤེལ་ཞིང་། རིག་རྩལ་འཁྲབ་སྟོན་གྱི་རྣམ་པ་བརྒྱུད་དེ་ཏང་གི་སྲིད་ཇུས་དང་དྲོད་ཁོལ་བོད་ཆའང་མི་དམངས་ཀྱི་གམ་དུ་བསྐྱལ།
བོད་ཀྱི་གླུ་དབྱངས་དང་བོད་ཟས་མཉམ་འདྲེས་ཀྱི་ལམ་བུ་གསར་པ་འཚོལ།
1997ལོ་ནས་བཟུང་། བློ་བཟང་དོན་གྲུབ་ཀྱིས《བོད་ཀྱི་བྱིས་པ》《གངས་ལྗོངས་ཀྱི་སྐལ་བཟང་མེ་ཏོག》《མཛེས་མའི་ལུང་པ། ངའི་ཕ་ཡུལ》སོགས་ཀྱི་མི་སྒེར་གྱི་ཆེད་བསྒྲིགས་འགྲེམས་སྤེལ་བྱས་པ་དང་། 《མཛེས་མའི་ལུང་པ། ངའི་ཕ་ཡུལ》ཞེས་པའི་མི་སྒེར་གྱི་ཆེད་བསྒྲིགས་ཐོག་མར་སྤེལ་བའི་དགོང་ཚོགས་ཀྱང་འཚོགས་མྱངས།
བློ་བཟང་དོན་གྲུབ་ཀྱིས་ང་རང་གླུ་གཞས་སྒྱུ་རྩལ་གྱི་ལམ་ཁར་ཆས་པ་དང་། ས་གནས་མང་པོ་རུ་འགྲན་བསྡུར་གང་མང་ལ་ཞུགས་མྱོང་། རྗེས་སུ་མི་སྒེར་གྱི་ཆེད་བསྒྲིགས་དང་མཉམ་བསྒྲིགས་འགྲེམས་སྤེལ་བྱས་པ་སོགས་ཀྱི་དུས་མཚམས་རེ་རེར་སེམས་གཏིང་ནས་བཀའ་དྲིན་ཞུ་བཞིན་ཡོད་ཅེས་བཤད།
འབད་བརྩོན་དང་རྒྱུན་འཁྱོངས་བྱས་ནས་གྲུབ་འབྲས་ལེགས་པོ་སྨིན། དེའི་རྗེས་སུ་བློ་བཟང་དོན་གྲུབ་གནས་མཆོག་ལྷ་ས་གསོལ་སྟོན་ཁང་གི་སྦྱིན་བདག་གི་གྲས་སུ་ཚུད། ཁོས་ང་ཚོའི་གསོལ་སྟོན་ཁང་གིས་བོད་མི་རིགས་རིག་གནས་དང་གྲོང་ཁྱེར་འཚོ་བ་མཉམ་འདྲེས་ཀྱི་འདུ་ཤེས་བཟུང་སྟེ། བོད་ཟས་ཁྱབ་བསྒྲགས་ཀྱི་དུས་མཚུངས་སུ་ན་གཞོན་གཞས་པ་གཞས་མ་དང་འཁྲབ་སྟོན་པ་རྣམས་ལ་འཁྲབ་སྟོན་གྱི་གར་སྟེགས་བསྐྲུན་ཞིང་། ཕྱོགས་གཞན་ནས་བོད་ཀྱི་རིག་གནས་ཁྱབ་བསྒྲགས་ཤིག་ཀྱང་ཅི་ལ་མིན་ཞེས་བཤད།
བློ་བཟང་དོན་གྲུབ་ཀྱིས་ཁ་ཕྱོགས་བསྒྱུར་ཞེས་པ་ལས་དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་ཟེར་ན་དེ་ལས་འཚམ་པར་འདོད། རོལ་དབྱངས་ནི་སྣ་མང་རེད། མིག་སྔར། བོད་ཀྱི་གསར་སྐྱེས་གཞས་པ་དང་གཞས་མ་ཇེ་མང་ནས་ཇེ་མང་དང་། ཁོ་ཚོས་རང་གི་ཁྱད་ཆོས་དང་རྣམ་པའི་སྒོས་བོད་ཀྱི་རིག་གནས་འགྲེལ་བཞིན་པར་མ་ཟད། བོད་ཀྱི་རོལ་དབྱངས་ཀྱི་མངོན་ཚུལ་སྣ་མང་གིས་མི་རྣམས་ལ་བོད་ཀྱི་རིག་གནས་རྒྱུས་ལོན་བྱེད་དུ་འཇུག་བཞིན་པ་རེད་ཅེས་བཤད། ལོ་ངོ་མང་པོའི་འཁྲབ་སྟོན་གྱི་ཉམས་མྱོང་ལྡན་པའི་གཞས་པ་ཞིག་གི་ཆ་ནས། བློ་བཟང་དོན་གྲུབ་ཀྱིས་འབྱུང་འགྱུར་གྱི་བོད་ཀྱི་རོལ་དབྱངས་འཕེལ་རྒྱས་ཐད་རེ་བས་ཁེངས་ཤིང་། སྔར་ལས་མང་བའི་ཕུལ་བྱུང་གཞས་པ་རྣམས་ཀྱིས་བོད་ཀྱི་རིག་གནས་མ་ཉམས་གོང་འཕེལ་གཏོང་བར་རེ་ཞིང་བསྒུག་ཡོད་ཅེས་བཤད། །