སྤྱི་ཟླ་2པའི་ཚེས་2ཉིན། ཧང་ཀྲུའུ་རུ་སྤེལ་བའི་2023ལོའི་འཛམ་གླིང་ན་གཞུང་ཉིན་མོ་ལས་ཀྲུང་གོའི་དྲིལ་བསྒྲགས་བྱེད་སྒོའི་ཐོག །རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཁྱབ་བསྒྲགས་ལྟར་ན། རང་རྒྱལ་གྱིས་རྒྱལ་སྤྱིའི་ན་གཞུང་གལ་ཆེན་18གསར་དུ་ཁ་སྣོན་བྱས། དཀར་མཛེས་ཁུལ་གསེར་རྟ་རྫོང་གི་སྙིའི་ན་གཞུང་རྒྱལ་སྤྱིའི་ན་གཞུང་གལ་ཆེན་དུ་གསར་དུ་གཏན་འཁེལ་བྱས་ཏེ།《 རྒྱལ་སྤྱིའི་ན་གཞུང་གལ་ཆེན་གྱི་མིང་ཐོ》རུ་ཚུད་དེ། རང་རེའི་ཞིང་ཆེན་གྱི་མཛོད་དགེ་དང་། ཁྲང་ཧྲའི་གུང་མ་ན་གཞུང་གི་རྗེས་མཐུད་ཀྱི་རྒྱལ་སྤྱི་ན་གཞུང་གལ་ཆེན་ཨང་གསུམ་པར་གྱུར།
སྙིའི་ན་གཞུང་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཚམས་ཀྱི་དཀར་མཛེས་ཁུལ་གསེར་རྟ་རྫོང་དུ་གནས་ཤིང་། སྙིའི་ན་གཞུང་གི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མཐའ་མཚམས་ཀྱི་ནང་ཁུལ་དུ་ཆགས་ཡོད་པ་དང་། ན་གཞུང་དེ་མཐོ་སྒང་གི་ས་མཐོའི་གཤོང་ཆེའི་ས་དབྱིབས་ཀྱི་རིགས་སུ་གཏོགས་ཤིང་། གྲོག་རོང་གི་གཞོགས་གཉིས་སུ་རི་ཁུལ་ཡིན་ཞིང་གཤོང་རྒྱ་ཆེ་བ། དེ་མིན་ཉེ་འཁོར་གྱི་རི་ཁུལ་གྱི་གངས་དང་འཁྱགས་རོམ་བཞུར་བའི་ཤུགས་རྐྱེན་ཕོག་ནས་ལྟོས་བཅས་ཀྱིས་སྒོ་རྒྱག་པའི་ན་གཞུང་གི་ཁོར་ཡུག་ཅིག་ཆགས་ཡོད། དེ་ནི་འཛམ་གླིང་ཐོག་མཚོ་འཕགས་ཆེས་མཐོ་བའི་ས་མཐོའི་སྐམ་སའི་ན་གཞུང་གི་གྲས་ཤིག་ཡིན་པ་དང་། དེར་ན་འདམ་གྱི་ན་གཞུང་དང་མཚེའུའི་ན་གཞུང་། ཆུ་རྒྱུན་གྱི་ན་གཞུང་བཅས་ན་གཞུང་རིགས་གསུམ་ཚུད་ཡོད་པ་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིངས་60760.04ཟིན་ཡོད། ས་ཁོངས་སུ་འདམ་སོལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་དེ། གནམ་གཤིས་སྙོམས་སྒྲིག་དང་དྲོད་ཁང་གི་ནུས་པ་ཉུང་དུ་གཏོང་བ་སོགས་ཀྱི་ཐད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ལྡན་པས། སྐྱེ་དངོས་ས་ཁམས་ཀྱི་ས་ཁོངས་དང་ཐ་ན་ཨེ་ཤེ་ཡའི་ཐཱན་འདུས་ནུས་པ་ཁུལ་གལ་ཆེན་ཞིག་ཡིན་པར་མ་ཟད། གོ་ལ་ཧྲིལ་པོའི་ཐཱན་དོ་སྙོམས་ལ་སྐུལ་འདེད་གཏང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
སྙིའི་ན་གཞུང་གིས་ཆ་ཚང་ཞིང་གདོད་མའི་མཐོ་གྲང་ན་གཞུང་གི་སྐྱེ་ཁམས་མ་ལག་ཉར་ཚགས་བྱས་ཡོད་དེ། གཙོ་བོ་ནི་སྡོང་ཕྲན་དང་ས་མཐོའི་སྤང་ལྗོངས། འདམ་རྫབ་སྔོ་ཁེབས་བཅས་ཡིན་པ་དང་། དཔེ་མཚོན་ཅན་གྱི་ས་མཐོའི་ན་གཞུང་གི་སྐྱེ་ཁམས་ཁྱད་ཆོས་ལྡན་པ་དང་། ས་ཁོངས་ནང་ཁུལ་གྱི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལྡན་པའི་རྩྭ་ཐང་གི་སྐྱེ་ཁམས་མ་ལག་གྲས་ཤིག་ཡིན་ཏེ། ཁྲུང་ཁྲུང་སྐེ་ནག་དང་བཞད་ནག་སོགས་གནས་སྤོའི་རིགས་རྒྱུད་དང་། སྟོངས་ལ་ཉེ་བའི་དངོས་རིགས་ལ་འཚོ་སྡོད་བྱེད་ས་དང་། བཟའ་བཅའི་འབྱུང་ཁུངས། དེ་བཞིན་ཚང་བཟོ་བ་དང་རྒྱུད་སྤེལ་བྱེད་སའི་དགོས་ངེས་ཀྱི་ཆ་རྐྱེན་མཁོ་འདོན་བྱས་པར་མ་ཟད། དེའི་དམིགས་བསལ་གྱི་ཆུ་ཁུངས་གསོ་བྱེད་ཀྱི་ནུས་པ་ཡང་བཏོན་ཡོད་པས་མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོང་དང་སྐྱེ་ཁམས་དོ་མཉམ་སྲུང་འཛིན་བྱེད་པར་ནུས་པ་གལ་ཆེན་ལྡན་པས་སྲུང་སྐྱོབ་ཀྱི་རིན་ཐང་ཧ་ཅང་གལ་ཆེན་ལྡན། སྙིའི་ན་གཞུང་དུ་ད་དུང་མཚོ་བོད་ས་མཐོའི་དམིགས་བསལ་གྱི་དངོས་རིགས་དང་སྟོངས་ལ་ཉེ་བའི་དངོས་རིགས་མང་པོ་ཞིག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་དེ། དཔེར་ན། གཙོད་དང་། གསའ། རྔ་དཀར་མཚོ་ཀླག །
གཡུ་དང་ཀླག །སོགས་ཀྱིས་མཚོ་བོད་ས་མཐོའི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་བདེ་འཇགས་ལ་སྲུང་སྐྱོང་དང་། དམིགས་བཙུགས་ཀྱི་སྐྱེ་དངོས་ས་ཁམས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཐད་རྒྱལ་སྤྱིའི་དོན་སྙིང་གལ་ཆེན་ལྡན།
སྙིའི་ན་གཞུང་གི་སི་ཁྲོན་ཁྲང་ཧྲའི་གུང་མ་རྒྱལ་སྤྱིའི་ན་གཞུང་གལ་ཆེན་དང་ཐག་ཉེ་བས། དེ་གཉིས་ཀྲུང་ཧྭའི་ཆུ་མཛོད་ཀྱི་གྲུབ་ཆ་གལ་ཆེན་དུ་གྱུར་ཡོད་པར་མ་ཟད། ས་མཐོའི་རི་ཁུལ་གྱི་གངས་ཆུ་དང་ས་ངོས་ཀྱི་བཞུར་རྒྱུན་འབྲེལ་མཐུད་ཐུབ་པས། འབྲི་ཆུའི་འབབ་རྒྱུན་གྱི་རྒྱལ་མོ་རྔུལ་ཆུ་དང་ཉག་ཆུའི་དབུས་རྒྱུད་དང་སྨད་རྒྱུད་དུ་ཆུའི་ཐོན་ཁུངས་མཁོ་འདོན་དང་སྐྱེ་ཁམས་ཆུ་གསོག་པའི་ཆུ་དཔྱད་སྐྱེ་ཁམས་ཀྱི་ནུས་པ་འདོན་སྤེལ་ཐུབ་པར་མ་ཟད། ས་ངོས་ཀྱི་བསླད་སྐྱོན་ཚོད་འཛིན་བྱས་ཏེ་སྨད་རྒྱུད་ཀྱི་ཆུ་མང་ཉུང་སྙོམས་སྒྲིག་དང་ཆུ་ལོག་གསོག་ཉར་ལེགས་སྒྲིག་གི་ནུས་པ་འདོན་སྤེལ་ཐུབ་བཞིན་ཡོད་པ་རེད།
སི་ཁྲོན་གྱི་གསེར་རྟའི་སྙིའི་ན་གཞུང་དེ་རྒྱལ་སྤྱིའི་ན་གཞུང་གལ་ཆེན་དུ་གསར་དུ་གཏན་འཁེལ་བྱས་པ་ལས་ཁྲོན་ནུབ་མཐོ་སྒང་གི་ན་གཞུང་དེ་རྒྱལ་ཁབ་དང་ཐ་ན་རྒྱལ་སྤྱིའི་ན་གཞུང་སྲུང་སྐྱོབ་ཁྲོད་ཀྱི་གནས་བབ་གལ་ཆེན་དང་སྐྱེ་ཁམས་རིན་ཐང་མཚོན་པར་མ་ཟད། རང་རེའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་སྣེ་ཁྲིད་བྱས་ཏེ་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཁེབས་འཛུགས་སྐྲུན་བྱེད་པས་ཆོད་སེམས་ནན་མོ་དང་གྲུབ་འབྲས་རབ་དང་རིམ་པ་མངོན་ཡོད་དེ། སི་ཁྲོན་གྱི་ན་གཞུང་སྲུང་སྐྱོབ་ལས་དོན་ལ་ཚད་མཐོའི་གདེང་འཇོག་དང་གཟེངས་བསྟོད་རེད།