འཇུ་རབ་གསལ་ནི་ལོ་རབས་བརྒྱད་ཅུ་པའི་སྨད་ལ་ཁམས་མི་ཉག་ཏུ་སྐྱེས་ཤིང་། ལོ་བཅོ་ལྔ་ཙམ་གྱི་རིང་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ནང་བསྟན་རིག་གཞུང་སོགས་ལ་སྦྱངས་པ་བྱས། སྤྱི་ལོ་2011ལོ་ནས་སྒྱུ་རྩལ་གྱི་ལས་སུ་ནན་གྱིས་ཞུགས་ཏེ། ད་ལྟའི་བར་རྩོམ་རིག་དང་རི་མོ། པར་ལེན། ཇུས་འགོད་སོགས་ཀྱིས་ལྟ་ཀློག་མཁན་ལ་བག་ཆགས་ཅུང་ཟབ་མོ་བཞག །ལྷག་པར་དུ་ཁོའི་རབ་བཏགས་རི་མོའི་བརྩམས་ཆོས《རྒས་མི་སྲིད་པའི་དགེ་འདུན་ཆོས་འཕེལ》དང་། 《འབུ་ལོ་ཡག》 《ལང་ཚོ་རྟག་བརྟན་གྱི་རྒྱན་དྲུག་མཆོག་གཉིས》སོགས་ལ་དྲང་ལྡོག་གཉིས་ནས་སྐད་གྲགས་ཆེན་པོ་ཡོད།
ཁོ་ནི་སྲོལ་རྒྱུན་ཐང་གའི་རི་མོ་དང་། སྣུམ་ཚོན། ཆུ་ཚོན། འགྱིག་ཚོན། རབ་བཏགས་རི་མོ། གློག་རྡུལ་རི་མོ། ཚེམ་དྲུབ་རི་མོ། བྱིས་སྒྲུང་གི་བར་བཅུག་རི་མོ་བཅས་པར་བྱང་ཆ་ཆེ་ཞིང་གསར་བཏོད་ཉམས་འགྱུར་གྱིས་ཕྱུག་ཡོད། ད་ལྟའི་བར་པེ་ཅིང་དང་ཁྲེན་ཏུའུ། ཧྲང་ཧེ་སོགས་ནས་གཞུང་སྒེར་གྱི་རི་མོའི་འགྲེམས་སྟོན་གང་མང་ལ་ཞུགས་ཤིང་མཐོ་ཚོང་ཡང་ཐེངས་འགར་བྱས། 2021ལོ་ནས་བཟུང་དེང་རབས་སྒྱུ་རྩལ་སྐོར་ལ་ཞིབ་འཇུག་དང་གསར་རྩོམ་བྱེད་པར་ཞུགས་ཤིང་2022ལོར་ཁྲེང་ཏུའུ་ཐོ་ནེ་ལོ·ལན་པོ་ཅི་ཉི་ལྟེ་གནས་སུ་ཟླ་གཅིག་རིང་དཔལ་རི་གླིང་ཧི་མ་ལ་ཡའི་དེང་རབས་སྒྱུ་རྩལ་ཞེས་པ་འགྲེམས་སྟོན་བྱས།
ད་ལྟ་དཔལ་རི་གླིང་ཧི་མ་ལ་ཡ་དེང་རབས་སྒྱུ་རྩལ་ཁང་གི་འགན་འཛིན་པ་དང་། ཀྲུང་གོའི་དམངས་སྲོལ་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི། དཀར་མཛེས་ཁུལ་རྩོམ་རིག་མཐུན་ཚོགས་ཀྱི་ཚོགས་མི་ཡིན།
བློ་གྲོས།
རི་དྭགས་གཡུང་དྭགས་སྟོང་གི་རྒྱལ་པོ་སྟེ། །
གཏུམ་དྲག་སེང་གེའི་ཀླད་རྒྱ་འགེམས་བྱས་པའི། །
རི་བོང་ཆུང་ཆུང་བློ་གྲོས་ཆེ་ཆེ་བ། །
ཡོས་ལོ་གསར་པར་བཀྲ་ཤིས་བདེ་ལེགས་ཤོག །
འཆམ་མཐུན།
བྱ་སྤྲེལ་མི་མཐུན་གཡུལ་གྱི་ཡོ་ལང་བ། །
ཞི་འགྲིགས་རང་རང་ས་རུ་བདེར་གནས་པར། །
འཆམ་མཐུན་འདུན་མའི་གཏམ་རྒྱུད་རབ་སྙན་པའི། །
ཡོས་ལོ་གསར་པར་བཀྲ་ཤིས་བདེ་ལེགས་ཤོག །
བདེ་སྐྱིད།
ལུས་ཆུང་འདོད་པ་ཆུང་ཞིང་ཆོག་ཤེས་པ། །
བོངས་ཆུང་ཁེངས་དྲེགས་ཆུང་ཡང་རྣ་མཆོག་དང་། །
བློ་དང་ཤེས་རབ་མི་ཆུང་སྤྲོ་དགས་ཕྱུག།།
ཡོས་ལོ་གསར་པར་བཀྲ་ཤིས་བདེ་ལེགས་ཤོག །
མཛད་རྗེས།
ཐབས་མཁས་ཐུགས་རྗེ་ཆེན་པོའི་སྐྱེས་རབས་ཉིད། །
ལྷ་ཡི་དབང་པོས་ཟླ་བར་ལེགས་བསྐྲུན་པ། །
རི་བོང་འཛིན་པའི་བསིལ་ཟེར་འཇོ་བའི་གཉེན། །
ཡོས་ལོ་གསར་པར་བཀྲ་ཤིས་བདེ་ལེགས་ཤོག །
བཀྲ་ཤིས།
ཨ་མྱེའི་ངག་གི་བྱང་ཆུབ་སེམས་དཔའ་དང་། །
བྱིས་པའི་ཡིད་ངོས་རྩེད་འཇོའི་སྒྱུ་རྩལ་མཁན། །
རྒན་དར་གཞོན་པ་ཀུན་ལ་དགེ་ལེགས་པའི། །
ཡོས་ལོ་གསར་པར་བཀྲ་ཤིས་བདེ་ལེགས་ཤོག །
བདེན་པ།
བདེན་པའི་སྤུ་སྡུག་རབ་དཀར་དྲི་མ་བྲལ། །
གཡོ་རྫུན་སྒྱུ་མའི་རྔ་མ་མི་རིང་བ། །
ངན་ཇུས་འཕྲུལ་གྱི་རྐང་ལག་ཐུང་བ་ཡི། །
ཡོས་ལོ་གསར་པར་བཀྲ་ཤིས་བདེ་ལེགས་ཤོག །
ཡ་རབས།
སྟོབས་ལྡན་གླང་པོ་རྩལ་ཆེན་སྤྲེའུའི་བཤེས། །
སྲེག་པ་ཉམས་མྱོང་རྒན་པོས་ལེགས་བསྐྱངས་པ། །
ཆེ་བཀུར་ཆུང་བྱམས་མཐུན་པ་སྤུན་བཞིའི་གྲོགས། །
ཡོས་ལོ་གསར་པར་བཀྲ་ཤིས་བདེ་ལེགས་ཤོག །
རྒྱལ་ཁ།
ཨ་མ་དྲེད་མ་ཨ་ཁུ་སྤྱང་ཀི་བཅས། །
ངང་རིང་ཐབས་ཀྱིས་བཏུལ་བའི་སྙན་པ་ཅན། །
རྟ་མཆོག་འདམ་ནས་ལེན་ལ་རྩལ་གདམས་པའི། །
ཡོས་ལོ་གསར་པར་བཀྲ་ཤིས་བདེ་ལེགས་ཤོག །
ཞི་བ།
རི་དང་ནགས་ཚལ་དབེན་པའི་སྤང་ཁུད་ན། །
གཉོམ་ཆུང་གཞན་ལ་འཚེ་བ་ཡོངས་སྤངས་ནས། །
བྱམས་སེམས་ཞི་བ་སྒོམ་པའི་རྟུལ་ཞུགས་ཅན། །
ཡོས་ལོ་གསར་པར་བཀྲ་ཤིས་བདེ་ལེགས་ཤོག །