མིང་ནི་གང་བྱུང་དུ་འབོད་པའི་རང་བྱུང་གི་སྣང་ཚུལ་ཞིག་མ་ཡིན་པར། མི་ལ་མིང་དང་ཕྱུགས་ལ་རྭ་ཞེས་གྲགས་པ་ལྟར་ཕོ་མོ་རྒན་གཞོན་དང་ལས་རིགས་སོགས་ཀྱི་དབྱེ་བ་མེད་པར་ཐུན་མོང་ལ་ལྡན་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཡིན་ལ་ཕུན་ཚོགས་རིག་གནས་ཀྱི་སྙིང་བཅུད་ཅིག་ཀྱང་ཡིན། དེ་ལ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། ཀུན་རྫོབ་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་ནུས། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་གསུངས་པ་བཞིན་བྱ་དངོས་གང་ཞིག་ཡིན་རུང་མིང་གདགས་ནས་ངོས་འཛིན་གང་ལེགས་བྱ་དགོས་པས། མི་རྣམས་ཀྱིས་ནང་བཅུད་ཀྱི་སེམས་ཅན་དང་ཕྱི་སྣོད་ཀྱི་འཇིག་རྟེན་ལ་འཚོལ་ཞིབ་དང་ཤེས་རྟོགས་བྱེད་པའི་བརྒྱུད་རིམ་དུ་ཐོག་མར་བྱ་དངོས་སྣ་ཚོགས་ལ་ངོས་འཛིན་བྱེད་བདེ་སླད་བརྡ་རྟགས་མང་པོ་བཀོལ་སྤྱོད་བྱས་ཤིང་། སྤྱི་ཚོགས་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་མི་ཕན་ཚུན་གྱི་སྤྱི་ཚོགས་འབྲེལ་འདྲིས་ཀྱི་དགོས་མཁོ་ཉིན་རེ་བཞིན་ཁ་ཚ་དགོས་གཏུགས་སུ་གྱུར་བས་མི་ལ་མིང་འདོགས་པའི་སྲོལ་བྱུང་ཞིང་། མིའི་མིང་ལ་བྱ་དངོས་ངོས་འཛིན་བྱ་ནུས་པའི་བརྡ་རྟགས་ཀྱི་ཐུན་མོང་གི་རང་བཞིན་དང་དམིགས་འཛིན་གྱི་ནུས་པ་ལྡན་པར་མ་ཟད། རིག་གནས་ཀྱི་ཕྱོགས་ནས་སྤྱི་ཚོགས་མི་འདྲ་བའི་ནང་དུ་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་དོན་སྙིང་དང་མི་རིགས་ཀྱི་རང་བཞིན་སོགས་ཁྱད་ཆོས་སྣ་ཚོགས་མངའ་བས་རིག་གནས་ཀྱི་མངོན་རྟགས་ཤིག་ཡིན། དེ་བཞིན་མི་རིགས་སོ་སོར་རང་གི་རིན་ཐང་གི་ལྟ་ཚུལ་དང་མཐུན་པའི་མིང་དང་མིང་གི་འདོགས་ཚུལ་རེ་ཡོད་པར་བརྟེན། སོ་སོའི་མིའི་མིང་གིས་རང་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་རྒྱུད་འཛིན་དང་མི་རིགས་ཀྱི་རིག་གནས་ལ་བཅངས་པའི་དུང་བའི་བསམ་སྤྱོད་དག་མཚོན་པར་བྱེད་བཞིན་ཡོད་པས་མིང་ལ་སྐད་བརྡའི་རང་བཞིན་དང་རིག་གནས་ཀྱི་རང་བཞིན་ལྡན་ནོ། །ཞེས་པ་ལྟར། མི་རིགས་སོ་སོའི་མིང་འདོགས་ཚུལ་མི་མཐུན་པ་གཞིར་བྱས་ནས་མི་རིགས་སོ་སོའི་རིན་ཐང་ལྟ་བ་དང་མཛེས་དཔྱོད་ཀྱི་ལྟ་ཚུལ། ལོ་རྒྱུས་རྒྱབ་ལྗོངས། ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས་སོགས་ཕྱོགས་མང་པོ་སྙིང་བསྡུས་ཀྱིས་མཚོན་བཞིན་ཡོད་པས། དེ་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རིག་གནས་ཀྱི་ཉིང་བཅུད་གཅིག་ཏུ་འདུ་བའི་ཤེས་བྱའི་མ་ལག་གཅིག་ཡིན། རྒྱ་བོད་གཉིས་ཀྱི་འབྲེལ་བ་ཟབ་ཅིང་འབྲེལ་འདྲིས་ཀྱི་ལོ་རྒྱུས་རིང་ལ། ཉེ་ཆར་སྤྱི་ཚོགས་བླ་ལྷག་གིས་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་རྒྱ་བོད་མི་རིགས་གཉིས་བར་གྱི་འབྲེལ་འདྲིས་བྱེད་པའི་དགོས་མཁོ་ཡང་ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ་བའི་གོ་རིམ་ཁྲོད་དཀའ་ངལ་སྣ་ཚོགས་དང་འཕྲད་བཞིན་ཡོད་ལ། ཁྱད་པར་མིའི་མིང་གི་ལོ་ཙཱའི་སྐོར་ལ་གཅིག་གྱུར་གྱི་ཚད་གཞི་མེད་པས་འགྱུར་ཚད་ལྡན་མིན་གྱི་སྣང་ཚུལ་ཐོན་ཡོད། དེར་བརྟེན་འདིར་ཡང་བོད་མིང་རྒྱ་འགྱུར་ཐད་ཀྱི་གནད་དོན་འགའ་ལ་ལོ་ཙཱའི་གཞུང་ལུགས་དང་དེང་རབས་སྐད་བརྡ་རིག་པའི་གཞུང་ལུགས་ཟུང་འབྲེལ་སྒོས་རང་བློས་ལྕོགས་ཚོད་ཀྱིས་ཅུང་ཟད་དཔྱད་པར་བྱའོ། །
དང་པོ། མ་ཡིག་དང་འགྱུར་གྱི་ཚེག་ཁྱིམ་མམ་སྒྲ་ཚིགས་ཀྱི་མང་ཉུང་དོ་མི་མཉམ་པ།
དེ་ཡང་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོས་པར་སྐྲུན་བྱས་པའི《རྒྱ་བོད་ཡིག་བསྒྱུར་སློབ་དེབ》ཏུ་ལོ་ཙཱ་བྱེད་པ་ནི་སྐད་ཡིག་གཅིག་གི་བརྗོད་བྱའི་ནང་དོན་རྣམས་སྐད་རིགས་གཞན་ཞིག་གི་ལམ་ནས་དོན་ལ་ཆད་ལྷག་དང་འཕྲི་སྣོན་མེད་པར་མཚོན་པར་བྱེད་པ་དེ་ཡིན་པ་ལས། རྩོམ་རིག་གསར་རྩོམ་བྱེད་པའི་སྐབས་ལྟར་རང་ཉིད་ཀྱི་ཆགས་སྡང་གི་འཕེལ་འགྲིབ་ལྟར་བཟོ་བཅོས་རྒྱག་མི་ཆོག་ཅེས་གསུངས་པ་ལྟར། འགྱུར་ཡིག་ནི་མ་ཡིག་ནས་བྱུང་ཞིང་མ་ཡིག་དང་བསྟུན་ཅི་ཐུབ་བྱ་དགོས་པ་ལས། རང་འདོད་ལྟར་ཚེག་ཁྱིམ་ལ་མང་ཉུང་ཤོར་དུ་འཇུག་མི་རུང་བར། གཞུང་གཞན་དག་ཏུ་ཡང་ལོ་ཙཱ་ནི་རྐང་སྒྲོག་ལག་སྒྲོག་བཅིངས་ནས་གར་སྟེགས་སུ་བྲོ་འཁྲབ་པ་དང་མཚུངས་ཞེས་མ་ཡིག་གི་དགོངས་དོན་ཇི་བཞིན་བསྒྱུར་བ་ལས་གང་བྱུང་དུ་འཕྲི་སྣོན་བྱ་མི་རུང་བ་ནན་གྱིས་བསྟན་འདུག་ཀྱང་། ཉེ་ཆར་བོད་རོང་འབྲོག་ས་ཁུལ་གྱི་ཁྱིམ་ཐོ་དང་ཐོབ་ཐང་ལག་ཁྱེར་ལ་གཞིགས་ཚེ། མ་ཡིག་དང་འགྱུར་ཡིག་གི་སྒྲ་ཚིགས་དོ་མི་མཉམ་པའི་འགྱུར་མིང་ཤིན་ཏུ་མང་། རྒྱུ་མཚན་ཡུལ་སྐད་ཁ་ཤས་སུ་སྔོན་འཇུག་དང་རྗེས་འཇུག་གི་སྒྲ་གསལ་པོར་ཐོན་ཐུབ་པ་དང་། ཡུལ་སྐད་ཁ་ཤས་སུ་མགོ་འདོགས་འཕུལ་རྟེན་ཚང་མ་ཟུར་ཆག་ཟིན། དེ་བས། བོད་ཡིག་གི་སྒྲ་ཚིགས་སམ་ཚེག་ཁྱིམ་གཉིས་ཅན་འགྱུར་ཡིག་ཏུ་གསུམ་དང་བཞི་ཅན་སོགས་ཚེག་ཁྱིམ་མི་མཐུན་པའི་མིང་དུ་མ་བྱུང་ཡོད་པ་གཤམ་ལྟར།
འདི་འདྲའི་མ་ཡིག་དང་འགྱུར་ཡིག་གི་ཚེག་ཁྱིམ་མི་མཐུན་པའི་སྣང་ཚུལ་མང་པོ་བྱུང་ཡོད། དེ་ལ《སྐད་གཉིས་སྨྲ་བའི་རིན་ཆེན་བང་མཛོད》ཅེས་པར་སྒྲ་ཉུང་བ་དང་སྡེབ་ལེགས་ཤིང་། འདྲ་ཆགས་པ་བཅས་མཐུན་རྐྱེན་གསུམ་འཛོམས་པར་སྦྱོར་ཤེས་ན་ད་གཟོད་རང་སྐད་དུ་ཆགས་འགྲོ་བས། གལ་ཏེ་མ་ཡིག་ཏུ་ཚེག་བར་གཉིས་ལས་མེད་པ་ཅན་འགྱུར་དུ་ཚེག་བར་གཅིག་གམ་ཡང་ན་གསུམ་དུ་བཏང་བ་བཀོལ་མི་བདེ་བས་ཁྱབ་བརྡལ་དུ་སྤེལ་དཀའ་བར་འགྱུར་ནས་རང་སྐད་དུ་ཆགས་མི་ཐུབ། དེས་ན་མ་ཡིག་ཏུ་ཚེག་བར་ཇི་ཙམ་ཡིན་པ་བཞིན་དུ་བྱ་ཡི། ཇེ་མང་དུ་གཏན་ནས་མི་རུང་། ཞེས་གསུངས་ཡོད་པས། ལོ་ཙཱའི་གཞུང་གི་དགོངས་པ་ལྟར་སྒྲ་ཚིགས་མཉམ་པར་འབད་དགོས་སོ། །
གཉིས་པ། ས་ཁུལ་བྱེ་བྲག་པའི་ཡུལ་སྐད་ལྟར་བསྒྱུར་བ།
མི་རིགས་གཅིག་ཡིན་རུང་ས་ཕྱོགས་མི་མཐུན་པའི་དབང་གིས་ས་ཁུལ་ཕན་ཚུན་བར་གྱི་སྐད་གདངས་དང་ཡི་གེ་ཀློག་སྟངས་སོགས་ལ་ཁྱད་པར་ཆེ་བས། ལོ་ཙཱ་བྱེད་དུས་སྤྱི་སྐད་གཙོ་བོར་འཛིན་པ་ལས་ཡུལ་ལུང་བྱེ་བྲག་པའི་སྐད་ལྟར་བསྒྱུར་མི་རུང་བ་ནི། 《སྐད་གཉིས་སྨྲ་བའི་རིན་ཆེན་བང་མཛོད》ལས། སྤྱི་སྐད་ཀྱི་གདངས་འཛིན་དགོས་ཤིང་ཡུལ་སྐད་ལ་འཛེམས་དགོས་ཞེས་གསལ་བར་བཀོད་པ་བཞིན་བོད་ལ་ཡིག་སྐད་གཙོ་བོར་འཛིན་ཞིང་རྒྱ་རིགས་ཀྱི་སྤྱི་སྐད་སྤྱོད་འོས། ཡིན་ནའང་ཉེ་ཆར་མདོ་དབུས་ཁམས་གསུམ་ལ་རྒྱ་བོད་གཉིས་ཀའི་ཡུལ་སྐད་མི་མཐུན་པ་དུ་མས་ཁྱབ་པས་འགྱུར་མིང་གཅིག་གྱུར་བྱུང་མེད། དཔེར་ན།
བོད་མིང་འདི་ལྟར་བསྒྱུར་ཚེ་འགྱུར་མིང་དག་གིས་གང་ཟག་ཐ་དད་པར་གོ་བ་དང་བོད་མི་དག་གིས་ཀྱང་བོད་ཡིག་ལ་མ་བལྟས་པར་རྒྱ་ཡིག་གི་ལམ་ནས་བོད་པ་དེའི་མིང་དངོས་གང་ཡིན་མགོ་བོ་རྨོངས་པའི་གནས་སུ་ལྷུང་ཉེན་ཆེ།
གསུམ་པ། འགྱུར་ཡིག་ལ་སྒྲ་མང་ཡི་གེ་བཀོལ་བ།
མིའི་མིང་ནི་སྒྲ་མི་མཐུན་པ་ལ་བརྟེན་ནས་དོན་མི་མཐུན་པ་རེ་སྟོན་པའམ་གང་ཟག་མི་མཐུན་པ་རེ་རེ་ངོས་འཛིན་བྱེད་བཞིན་ཡོད་པས་གནའ་དེང་གི་ལོ་ཙཱའི་གཞུང་ཆེན་རྣམས་སུ་མི་མིང་ས་མིང་དག་གི་ལོ་ཙཱ་བྱ་བར་སྒྲ་བསྒྱུར་གྱི་ཐབས་ལ་བརྟེན་དགོས་པར་གསུངས་ཤིང་། སྒོས་སུ་སྒྲ་མི་མཐུན་པ་རེས་མཚོན་བྱ་མི་གཅིག་པ་རེ་མཚོན་པས་མིའི་མིང་བསྒྱུར་བར་སྒྲ་མང་ཡི་གེ་བཀོལ་མི་རུང་། དཔེར་ན།
གསུམ་པ། མཇུག་བསྡུ་བའི་གཏམ།
བོད་མིའི་མིང་གི་འགྱུར་བར་སྔོན་བྱུང་ལོ་ཙཱའི་གཞུང་ཆེན་དག་ཏུ་སྒྲ་བསྒྱུར་གྱི་ཐབས་ལ་བརྟེན་དགོས་ཞེས་གསུངས་པ་ལྟར། བོད་མིང་སྒྲ་བསྒྱུར་གྱི་ཐབས་ལ་བརྟེན་ནས་རྒྱ་ཡིག་ཏུ་ཕབ་པའི་གོ་རིམ་དུ་མིང་ནི་བདག་པོའི་རྗེས་འབྲང་བྱ། སྔར་རྣམས་གོམས་ཆགས་བཞིན་དུ་བྱ་བའི་རྩ་དོན་ལ་བརྩི་སྲུང་གང་ལེགས་བྱས་པའི་རྨང་གཞིའི་སྟེང་། འགྱུར་ལ་སྒྲ་མང་ཡི་གེ་དང་དོན་གཞན་འཆར་སྐྱེན་པའི་བརྡ་ཆད་དག་མི་བཀོལ་བར་མི་རིགས་ཀྱི་རང་བཞིན་སོར་འཇོག་གིས་མ་འགྱུར་གཉིས་ཀ་ཡུལ་སྐད་བྱེ་བྲག་པའི་དབང་དུ་མི་འགྲོ་བར་སྤྱི་སྐད་དང་མཐུན་པར་སྦྱོར་འོས། དེ་ལྟར་བྱུང་ན་མ་ཡིག་ལ་འགྱུར་དུ་མ་བྱུང་བར་འཛེམ་ཐུབ་ཅིང་བྱེ་བྲག་གི་ཡུལ་སྐད་སྣ་ཚོགས་ལ་གཡོལ་ཐུབ་པས་འགྱུར་སྤུས་ཇེ་ལེགས་སུ་འགྲོ་བར་ཕན་ཆེའོ་སྙམ། །