ས་བཅད་དང་པོ། རྩྭ་སྐམ་གྱི་བསྲེས་སྦྱོར།
གཅིག མདོར་བསྟན་པ།
རྩྭ་སྐམ་ལ་རྩྭ་སྔོ་སྐམ་ཡང་ཟེར། སྤྱིར་བཏང་དུ་རིགས་མི་འདྲ་བའི་རྩྭ་སྔོན་དག་འབྲས་བུ་མ་སྨིན་པའི་སྔོན་དུ་ཉི་མར་བསྐམས་ནས་བརླན་ཚད་17%མན་ལ་ཆག་སྟེ་གྲུབ་པའི་གཟན་ཆས་ཡིན་ཞིང་། དེའི་འཚོ་བཅུད་ཕུན་སུམ་ཚོགས་པ་དང་ཁ་མདོག་ལྗང་ཁུ་ཡིན་པས་སོག་མ་དང་མི་འདྲའོ། །རྩྭ་སྐམ་བསྲེས་སྦྱོར་ནི་ཕྱུགས་ལས་ཐོན་སྐྱེད་ཁྲོད་ཀྱི་སྲོལ་རྒྱུན་གྱི་བྱེད་ཐབས་ཤིག་ཡིན་ལ། དེའི་དམིགས་ཡུལ་གཙོ་བོ་ནི་ཉར་ཚགས་བྱས་ནས་ཕྱུགས་ཟོག་དང་ཁྱིམ་བྱ་ལ་དོ་སྙོམས་པས་འཚོ་བཅུད་འདོན་སྤྲོད་བྱེད་པའི་ཆེད་དུ་ཡིན། ཉི་མར་བསྐམས་པའི་རྩྭ་སྐམ་ལ་འཚོ་བཅུད་Dདང་།
གཞན་པའི་གཏེར་རྒྱུ་ཕུན་སུམ་ཚོགས་པ་ཡོད་པ་མ་ཟད། རྩྭ་སྐམ་གྱི་རྒྱུ་ཆའི་རིགས་མང་བ་དང་འགྲུབ་ཡོན་དམའ། སྤུས་ལེགས་རྩྭ་སྐམ་ལ་འཚོ་བཅུད་ཕུན་སུམ་ཚོགས་པ་དང་ཟ་བདེ་རང་བཞིན་མཐོ་བ། འཇུ་ཚད་མཐོ་བ་བཅས་ཀྱི་དགེ་མཚན་ཡོད་པས་རྩྭ་སྐམ་གྱི་ཐོན་ཚད་དང་སྤུས་ཚད་མཐོར་འདེགས་སུ་གཏང་རྒྱུ་ནི་མིག་སྔའི་གཟན་ཆས་ཐོན་སྐྱེད་ཀྱི་འོས་འགན་གལ་ཆེན་ཞིག་ཡིན།
གཉིས། རྩྭ་སྐམ་གྱི་སྤུས་ཚད།
ཡང་དག་པས་སྐམ་རྩྭའི་དཔྱད་ཞིབ་གཏན་འབེབས་བྱེད་པ་ནི་འོས་ཤིང་འཚམ་པའི་སྒོ་ནས་རྩྭ་སྐམ་བཀོལ་པའི་ཐོག་མའི་ཆ་རྐྱེན་དུ་ངེས་ཤིང་། དེས་རྗེས་ཕྱོགས་ཀྱི་སྔོ་རྩྭ་འབྲེག་སྡུད་དང་སྐམ་རྩྭའི་བསྲེས་སྦྱོར་ཉར་ཚགས་ཀྱི་བྱེད་ཐབས་ལ་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱེད་ཐུབ། སྐམ་རྩྭའི་སྤུས་ཀའི་བཟང་ངན་གྱིས་ཆེས་མཇུག་མཐར་ཕྱུགས་ཟོག་དང་ཁྱིམ་བྱའི་རང་དབང་ངང་གཟན་རྩྭ་བཟའ་ཚད་དང་འཇུ་ཐུབ་པའི་འཚོ་བཅུད་ཀྱི་མང་ཉུང་ཐག་གཅོད་པ་དང་། ཐོན་སྐྱེད་ལག་ལེན་ཁྲོད། རྒྱུན་དུ་སྐམ་རྩྭའི་སྤུས་ཀ་དང་འབྲེལ་བ་དམ་ཟབ་ལྡན་པའི་ཕྱི་ངོས་ཀྱི་ཁྱད་ཆོས་ལ་བརྟེན་ནས་སྐམ་རྩྭའི་སྤུས་ཚད་ལ་དཔྱད་ཞིབ་གཏན་འབེབས་བྱེད་པ་ཡིན།
རང་རྒྱལ་གྱི་དངོས་ཡོད་གནས་ཚུལ་ལྟར་ཕྱི་རྒྱལ་གྱི་འབྲེལ་ཡོད་ཚད་གཞི་ལ་ཟུར་ལྟ་བྱས་ཏེ། རྩྭ་སྐམ་གྱི་སྤུས་ཀར་དཔྱད་ཞིབ་གཏན་འབེབས་བྱེད་པའི་ཐབས་ལམ་དང་སྤུས་ཀའི་ཚད་གཞིར་བླང་བྱ་འགའ་བཏོན་ཡོད་པ་གཤམ་གསལ་ལས།
(1)རྩྭ་སྐམ་སྤུས་ཀའི་དཔྱད་ཞིབ་དང་གཏན་འབེབས་ཀྱི་དངོས་ལུགས་དམིགས་ཚད། ① རྩི་ཤིང་རིག་པའི་གྲུབ་ཆ། ② རྩི་ཤིང་གྲུབ་ཆའི་སྐྱེས་འཕེལ་གྱི་དུས་རིམ། ③ ལོ་མའི་སྐྱེས་ཚད། ④ རྩི་ཤིང་གི་གཞུང་རྩའི་གྲངས་འབོར། ⑤ བཟའ་མི་རུང་བའི་དངོས་རྫས་ཀྱི་གྲངས་འབོར། ⑥ ཁ་དོག ⑦ དྲི་མ། ⑧ ཕྱེ་འགྱུར(粉化)གྱི་ཚད། རྩྭ་སྐམ་གྱི་སྤུས་ཀ་ནི་ཚད་རིམ་མཐོན་པོའི་ངོས་ནས་བཤད་ན། རྩི་ཤིང་རིག་པའི་གྲུབ་ཆ་དང་རྩྭ་འབྲེག་དུས་ཀྱི་སྐྱེ་འཕེལ་དུས་རིམ། རྩི་ཤིང་ལ་ཐོགས་པའི་ལོ་མའི་གྲངས་འབོར་བཅས་ལ་རག་ལས་ཡོད།
རྒྱུ་ཆ་ལས་མངོན་པ་ལྟར་ན། གཟན་རྩྭ་མི་འདྲ་བ་དང་རིགས་འདྲ་བའི་གཟན་རྩྭའི་སྐྱེས་འཕེལ་དུས་རིམ་དང་རྩི་ཤིང་གི་ཡལ་ག་རེ་རེ་ལས་རྫས་འགྱུར་གྲུབ་ཆ་དང་ཟ་བདེ་རང་བཞིན། འཇུ་ཚད་སོགས་མངོན། དེར་བརྟེན། སྤུས་ལེགས་རྩྭ་སྐམ་བསྲེས་སྦྱོར་བྱེད་པའི་གཟན་རྩྭ་ནི་སྤུས་ཚད་རབ་འབྲིང་དུ་གཏོགས་པའི་སྲན་རིགས་དང་སྙེ་མ་ཅན་གྱི་རྩྭ་ཡིན་དགོས། རྩྭ་འདིའི་རིགས་ཀྱི་ཟ་བདེ་རང་བཞིན་ལེགས། དེ་ལྟར་ན་བསྲེས་སྦྱོར་བྱས་པའི་རྩྭ་སྐམ་ལའང་ཟ་བདེ་རང་བཞིན་ལེགས་པོ་ཡོད་པར་ཁག་ཐེག་བྱེད་ཐུབ། སྙེ་མ་ཅན་གྱི་གཟན་རྩྭའི་རིགས་ལ་ཐཱན་ཆུའི་འདྲེས་སྦྱོར་དངོས་རྫས་ཀྱི་འདུས་ཚད་མཐོ་བས། ཕྱུགས་ཟོག་དང་ཁྱིམ་བྱའི་དྲོད་ནུས་ཀྱི་འབྱུང་ཁུངས་གཙོ་བོ་ཞིག་ཏུ་ངོས་འཛིན། རྩྭ་སྐམ་བསྲེས་སྦྱོར་བྱེད་དུས་སྙེ་མ་ཅན་གྱི་རྩྭའི་གཞུང་རྟ་སྟོང་པ་ཡིན་པས་བརླན་ཤོར་སླ་ཞིང་། གཞུང་རྟ་སྐམ་པའི་འགྲོས་ཚད་ཅུང་གཅིག་མཚུངས་ཡིན་པ་དང་།
ལོ་མ་མི་ལྷུང་བའི་ཁྱད་ཆོས་ལྡན། སྲན་རིགས་གཟན་རྩྭ་ལ་སྤྲི་དཀར་རྒྱུ་དང་གཏེར་རྒྱུ་ཕུན་སུམ་ཚོགས་པ་འདུས་ཡོད་པ་དང་། ལྷག་པར་དུ་ཀལ་གྱི་འདུས་ཚད་མང་། སྤྱིར་བཏང་དུ་རྩྭ་འདིའི་རིགས་ཀྱི་འཇུ་ཚད་མཐོ་ཞིང་། རྩྭ་སྐམ་ལ་ཕྱུགས་ཟོག་དང་ཁྱིམ་བྱར་ངེས་པར་མཁོ་བའི་འཇུ་བྱེད་འཚོ་བཅུད་གཙོ་བོ་འདུས་པར་ཁག་ཐེག་བྱེད་ཐུབ། ཡིན་ནའང་སྲན་རིགས་གཟན་རྩྭ་བསྲེས་སྦྱོར་བྱེད་སྐབས་ལོ་མ་ལྷུང་སླ་ཞིང་གཞུང་རྟ་དང་ལོ་མ་གཉིས་དུས་མཉམ་དུ་སྐམ་མི་ཐུབ།
སྤུས་ལེགས་རྩྭ་སྐམ་བསྲེས་སྦྱོར་བྱེད་པར་ངེས་པར་དུ་རྩྭ་འབྲེག་པར་འཚམ་པའི་དུས་ཚིགས་ལ་མཐོང་ཆེན་བྱ་དགོས། དེ་ལྟར་ན་ད་གཟོད་རྩྭ་སའི་རྩིས་གཞིའི་རྒྱ་ཁྱོན་སྟེང་འཇུ་བྱེད་འཚོ་བཅུད་མང་པོ་ཐོབ་ཐུབ། རྩྭ་བྲེགས་པ་སྔ་དྲགས་ན་གཟན་རྩྭའི་བཀོལ་སྤྱོད་ཀྱི་རིན་ཐང་མཐོ་ནའང་། ཐོན་ཚད་དམའ་ཞིང་ཆུའི་འདུས་ཚད་མང་བས་བསྲེས་སྦྱོར་བྱེད་དཀའ། རྩྭ་བྲེགས་པ་འཕྱི་དྲགས་ན་ཐོན་ཚད་མཐོ་ནའང་། འཚོ་བཅུད་ཀྱི་འདུས་ཚད་དང་ཟ་བདེ་རང་བཞིན། འཇུ་ཚད་བཅས་དམའ། གཞན་མིའི་ཐབས་ལ་བརྟེན་ནས་སྐམ་བཟོ་མ་བྱས་པའི་ཆ་རྐྱེན་འོག་ད་དུང་ཆར་ཞོད་ཆེ་བའི་དུས་ལ་གཡོལ་ནས་རྩྭ་སྐམ་གྱི་སྤུས་ཚད་ལ་ཁག་ཐེག་བྱ་དགོས་པ་དང་། གཟན་རྩྭའི་ཐོན་ཚད་དང་སྤུས་ཀར་མཐོང་ཆེན་བྱ་དགོས།
སྤུས་ལེགས་རྩྭ་སྐམ་ལ་ངེས་པར་དུ་ལོ་མ་དང་མེ་ཏོག །ཡལ་འདབ་ཅུང་མང་པོ་ཡོད་དགོས། སྤྱིར་བཏང་དུ། ལོ་མའི་སྤྲི་དཀར་རྒྱུ་དང་གཏེར་རྒྱུའི་འདུས་ཚད་གཞུང་རྟ་ལས་ལྡབ་1 ~ 1.5ཡིས་མང་ཞིང་། ལ་སེར་གྱི་འཚོ་བཅུད་ལྡབ་10 ~ 15ཡིས་མང་། ཡིན་ནའང་ལོ་མའི་ཚི་སྣ་རགས་མོ་གཞུང་རྟ་ལས་50% ~ 100%ཡིས་ཉུང་ཞིང་། འཚོ་བཅུད་སོ་སོའི་འཇུ་ཚད་ཀྱང་གཞུང་རྟ་ལས་40%ཡིས་མཐོ། རྩྭ་སྐམ་ཁྲོད་ལོ་མ་ཇི་ལྟར་མང་ན་སྤུས་ཚད་ཀྱང་དེ་ལྟར་མཐོ་བ་ཡིན།
སྤུས་ལེགས་རྩྭ་སྐམ་ལ་ངེས་པར་དུ་ཁ་དོག་ལྗང་ནག་དང་དྲི་མ་ཞིམ་པོ་ལྡན་དགོས། རྩྭ་སྐམ་གྱི་ཁ་དོག་ལས་རྩྭ་སྐམ་གྱི་སྤུས་ཚད་ཤེས་ཐུབ། སྤྱིར་བཏང་དུ། ཁ་དོག་ལྗང་ནག་གིས་རྩྭ་སྐམ་གྱི་འཚོ་བཅུད་མཐོ་བ་མཚོན་ཞིང་། ཁ་དོག་སེར་པོས་འཚོ་བཅུད་ཀྱི་འདུས་ཚད་ཉུང་བ་མཚོན། ཁ་དོག་དཀར་པོས་འཚོ་བཅུད་དེ་ལས་ཉུང་བ་མཚོན། དཔེར་ན། བ་སྤུ་དཀར་པོ་ཡོད་ན་གཡའ་བརྒྱབ་པ་མཚོན་ལ། ཁ་དོག་ནག་པོར་གྱུར་ཞིང་དྲི་ངན་བྲོ་ན་རུལ་ཟིན་པ་མཚོན། སྲན་རིགས་རྩྭ་སྐམ་གྱི་ཁ་དོག་རྫ་མདོག་ཏུ་གྱུར་ན། སྤྲི་དཀར་རྒྱུའི་སྤུས་ཀ་ཇེ་ཉུང་དུ་སོང་བ་མཚོན། དྲི་ཞིམ་པོས་ཕྱུགས་ཟོག་དང་ཁྱིམ་བྱའི་ཡི་གར་ཤུགས་རྐྱེན་ཐེབས་པས། ཟ་བདེ་རང་བཞིན་མཐོར་འདེགས་དང་ཕྱུགས་ཟོག་དང་ཁྱིམ་བྱའི་ཡི་ག་འབྱེད་ཐུབ། དེར་བརྟེན། དེའང་རྩྭ་སྐམ་གྱི་སྤུས་ཀའི་བཟང་ངན་ལ་དཔྱད་ཞིབ་གཏན་འབེབས་བྱེད་པའི་དམིགས་ཚད་ཅིག་ཏུ་བརྩི། སྤྱིར་བཏང་དུ་སྲན་རིགས་དང་སྙེ་མ་ཅན་གྱི་རྩྭ་སྔོན་ལ་དྲི་མ་ཞིམ་པོ་མི་ལྡན་ཞིང་། ཉི་མར་བསྐམས་རྗེས་ད་གཟོད་རིམ་བཞིན་དབྱང་འགྱུར་བརྒྱུད་ནས་གཟན་རྩྭའི་ཁྲོད་ཤིང་ཚིལ་དང་སྣུམ་རིགས་བྱུང་ནས་དྲི་མ་ཞིམ་པོ་ལྡན་པ་ཡིན།
གསུམ། གཟན་རྩྭ་སྐམ་བཟོའི་རིགས་པ།
རྩྭ་སྐམ་བསྲེས་སྦྱོར་བྱེད་པ་ལ་གཟན་རྩྭ་སྐམ་བཟོ་དང་རྩྭ་སྐམ་ཉར་ཚགས་ཀྱི་ལས་ཀ་འདུས། གཟན་རྩྭ་སྐམ་བཟོ་ནི་སྐམ་ཐབས་ག་གེ་མོ་ཞིག་བརྒྱུད་དེ་ཚད་མཐོན་པོའི་སྒོ་ནས་རྩྭ་སྔོན་ནང་ངོས་ཀྱི་རྩབས་རྒྱུ་དང་ཕྱིའི་འབུ་ཕྲའི་འགུལ་སྤྱོད་ཇེ་ཉུང་དུ་གཏོང་བ་ལ་ཟེར་ཞིང་། དེའི་དམིགས་ཡུལ་ནི་ཉར་ཚགས་བྱེད་བདེ་བའི་རྩྭ་སྐམ་བཟོ་བ་དང་། རྩྭ་སྐམ་གྱི་ཐོག་མའི་གཟན་སྤྱོད་རིན་ཐང་ཉམས་མེད་སོར་འཇོག་བྱེད་པའི་ཆེད་དུ་ཡིན། དམིགས་ཡུལ་འདི་འགྲུབ་པའི་ཆེད་དུ། རྩི་ཤིང་གི་ཆུ་སྲད་པའི་ཆོས་ཉིད་དང་རྩྭ་སྐམ་གྱི་ཕྱུགས་གསོའི་རིན་ཐང་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་ལ་རྒྱུས་མངའ་ཡོད་དགོས།
1. གཟན་རྩྭ་སྐམ་བཟོའི་གོ་རིམ་ཁྲོད་ཀྱི་ཆུ་སྲད་པའི་ཆོས་ཉིད།
①ཆུ་སྲད་པའི་དུས་རིམ་རང་བཞིན། རྩྭ་སྔོན་བྲེགས་རྗེས་མགྱོགས་མྱུར་ངང་ཆུ་སྲད་སྲིད་པ་དང་།
དུས་རིམ་འདིར་གཙོ་བོ་རྩི་ཤིང་གི་ཕྲ་ཕུང་བར་གྱི་སྤྱིན་ཆུ་སྲད་པ་ཡིན། གནམ་གཤིས་དྭངས་པའི་སྐབས་སུ་ཆུ་ཚོད་5 ~ 8ཀྱི་ནང་དུ་རྩྭ་སྔོན་གྱི་ཆུའི་གྲུབ་ཆ་45% ~ 55%སྲད་ཐུབ། དུས་རིམ་གཉིས་པར་གཙོ་བོ་ཕྲ་ཕུང་ནང་ཁུལ་གྱི་ཆུའི་གྲུབ་ཆ་སྲད་པ་ཡིན་ཞིང་།
དེ་སྲད་པའི་ཚད་ཅུང་དལ། ཆོས་ཉིད་འདིར་གཞིགས་ན་རྩྭ་སྔོན་བྲེགས་རྗེས་ས་ངོས་སུ་སྐམ་པའི་དུས་ཡུན་རིང་མི་རུང་བ་རྟོགས་ཐུབ།
②གནམ་གཤིས་ཀྱི་ཤུགས་རྐྱེན། རྩྭ་སྔོན་སྐམ་བཟོ་དེ་གཙོ་བོ་མཁའ་དབུགས་ཀྱི་དྲོད་ཚད་དང་བརླན་ཚད། འཁོར་རྒྱུག་གི་ཚད་བཅས་དང་འབྲེལ་བ་དམ་པོ་ལྡན། མཁའ་དབུགས་ཀྱི་དྲོད་ཚད་མཐོ་བ་དང་བརླན་ཚད་དམའ་བ། འཁོར་རྒྱུག་གི་ཚད་མགྱོགས་ན། རྩྭ་སྔོན་མགྱོགས་པོར་སྲད་ཐུབ། དེར་བརྟེན། ཆ་རྐྱེན་མི་འདྲ་བ་དང་བསྟུན་ནས་སྐམ་ཐབས་མི་འདྲ་བ་གདམ་དགོས། རང་རྒྱལ་གྱི་བྱང་ཤར་ས་ཁུལ་དང་མཐོ་སྒང་དུ་མཁའ་དབུགས་ཀྱི་དྲོད་ཚད་དམའ་བ་དང་བརླན་ཚད་མཐོ་བས་རྡང་སྒྲོམ་གྱི་ཐབས་སྤྱོད་དགོས་པ་དང་། ནུབ་བྱང་གི་སྐམ་སའི་ས་ཁུལ་དུ་ས་ངོས་སུ་སྐམ་བཟོ་བྱེད་པའི་ཐབས་ལམ་སྤྱོད་དགོས།
③རྩི་ཤིང་གི་རིགས་དབྱེའི་སྐྱེ་འཕེལ་དུས་རིམ་དང་རྩི་ཤིང་གི་ཆ་ཤས་སོ་སོའི་ཆུ་གསོག་པའི་ནུས་པའི་ཤུགས་རྐྱེན། རིགས་མི་འདྲ་བའི་རྩི་ཤིང་དང་། ཡང་ན་རིགས་གཅིག་པའི་རྩི་ཤིང་གི་སྐྱེ་འཕེལ་གྱི་དུས་རིམ་མི་འདྲ་བ་དང་། རྩི་ཤིང་གི་ཡལ་ག་སོ་སོར་རིགས་མི་འདྲ་བའི་ཆུ་གསོག་ནུས་པ་ཡོད། སྤྱིར་བཏང་དུ། སྲན་རིགས་གཟན་རྩྭའི་ཆུ་གསོག་ནུས་པ་སྙེ་མ་ཅན་གྱི་གཟན་རྩྭ་ལས་མཐོ་ཞིང་། གསར་སྐྱེས་རྩི་ཤིང་གི་ཆུ་གསོག་ནུས་པ་རྩི་ཤིང་དར་མ་ལས་མཐོ་བ་ཡིན། དེའི་རྒྱུ་མཚན་ནི་སྲན་རིགས་རྩི་ཤིང་དང་གསར་སྐྱེས་རྩི་ཤིང་ཁྲོད་སྤྱིན་རྫས་ཅུང་མང་བས་ཡིན། དེར་བརྟེན། ཆུ་གསོག་ནུས་ཤུགས་ཅུང་མཐོ་ཞིང་ཆུ་སྲད་པའི་ཚད་དལ། གཞན་རྩི་ཤིང་གི་ལོ་མའི་རྒྱ་ཁྱོན་ཇི་ལྟར་ཆེ་ན་ཆུ་སྲད་པའང་དེ་ལྟར་མགྱོགས།
2.རྩྭ་སྐམ་གྱི་གཟན་སྤྱོད་རིན་ཐང་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན།
རྩྭ་སྐམ་བསྲེས་སྦྱོར་བྱེད་སྐབས་གཟན་རྩྭའི་སྐྱེ་འཕེལ་གྱི་དུས་ཚིགས་དང་གནམ་གཤིས་ཀྱི་རྐྱེན་སོགས་གཞིར་བཟུང་བར་བརྟེན། དུས་ཐོག་ཏུ་བྲེགས་ནས་མགྱོགས་མྱུར་ངང་སྐམ་པའི་བྱེད་ཐབས་སྤྱད་དེ་འོས་འཚམ་གྱིས་ཉར་ཚགས་བྱ་དགོས། གནད་འདི་དག་གིས་རྩྭ་སྐམ་གྱི་རྒྱུ་སྤུས་ཇེ་མཐོར་གཏོང་བར་ཕན་ནུས་ཆེན་པོ་ཐོན་སྲིད། མིག་སྔར་རང་རྒྱལ་དུ་རྒྱ་ཆེར་བཀོལ་བཞིན་པ་ནི་རང་བྱུང་སྐམ་བཟོ་བྱེད་ཐབས་ཡིན། རྒྱུ་ཆ་མང་པོས་ར་སྤྲོད་བྱས་པ་ལྟར་ན། རྒྱུན་ལྡན་གྱི་གནས་ཚུལ་འོག་ཉི་མར་བསྐམས་པའི་སྐམ་རྫས་ཤོར་ཚད་ཀྱིས་རྩྭ་སྔོན་གྱི་10% ~ 30%ཟིན་པ་དང་།
འཇུ་ཐུབ་དངོས་པོའི་ཤོར་ཚད་15% ~ 35%ལ་ཐོན་སྲིད། གལ་སྲིད་ཆར་དུས་དང་འཕྲད་ཚེ་གྱོང་གུད་དེ་ལས་ཀྱང་ཚབས་ཆེ་ངེས། དེར་བརྟེན། གྱོང་གུད་ཇེ་ཆུང་དུ་གཏང་སླད་རྩྭ་སྐམ་གྱི་བཅུད་ཇི་ལྟར་ཤོར་བའི་རྒྱུ་རྐྱེན་ལ་ངེས་པར་དུ་རྒྱུས་མངའ་ཡོད་དགོས།
①སྐམ་བཟོ་བྱེད་སྐབས་ཀྱི་སྐྱེ་དངོས་ཀྱི་རྫས་འགྱུར་བྱེད་ནུས་དང་གྱོང་གུད།
རྩྭ་སྔོན་བྲེགས་རྗེས་ཕྲ་ཕུང་ཕལ་མོ་ཆེའི་སྐྱེ་དངོས་རྫས་འགྱུར་གྱི་འགྱུར་འབྱུང་ད་དུང་མཚམས་བཞག་མེད་པ་དང་། རྩི་ཤིང་ནང་ངོས་ཀྱི་རྩབས་རྒྱུའི་གསོན་ཤུགས་སྔར་བཞིན་ཆེ། དེས་རང་ངོས་ཀྱི་འཚོ་བཅུད་སྤྱད་དེ་རླངས་འགྱུར་དང་དབུགས་འབྱིན་རྔུབ་བྱེད་པ་ཡིན། ཡིན་ནའང་གཞུང་རྟའི་རྩ་བས་ཆུ་དང་གཏེར་རྒྱུ་མི་འདྲེན་པས་འཇུ་ཚད་ཅུང་དམའ།
②རང་བཞིན་བྱེད་ནུས་ཀྱིས་བསྐྱེད་པའི་གྱོང་གུད།
བསྲེས་སྦྱོར་བྱས་པའི་རྩྭ་སྐམ་བསྡུ་སྐབས་རང་བཞིན་བྱེད་ནུས་ཀྱིས་རྩི་ཤིང་གི་ལོ་མ་དང་ཡལ་ག མེ་ཏོག་བཅས་ལ་གྱོང་གུད་ཐེབས་ཚུལ་ལྟར་ན། སྲན་རིགས་གཟན་རྩྭ་ནི་སྙེ་མ་ཅན་གྱི་གཟན་རྩྭ་ལས་ཚབས་ཆེ་ཞིང་། སྤྱིར་བཏང་དུ་གྱོང་གུད་ཐེབས་ཚད་15% ~ 35%བསླེབ་སྲིད། གྱོང་གུད་འདིས་རྩྭ་སྐམ་གྱི་ཐོན་ཚད་ལ་ཤུགས་རྐྱེན་ཐེབས་ནས་རྩྭ་སྐམ་གྱི་རྒྱུ་སྤུས་ཇེ་དམའ་རུ་གཏང་ངེས། དཔེར་ན། འབུ་སུ་ཧང་གི་ལོ་མར་20%ཡི་གྱོང་གུད་ཐེབས་སྐབས་གཟན་སྤྱོད་རིན་ཐང་30%མར་ཆག་སྲིད། དེ་བས་གྱོང་གུད་འདིའི་རིགས་ཇེ་ཆུང་དུ་གཏོང་པར་དུས་རྒྱུན་ཉི་མར་སྐམ་པའི་གཟན་རྩྭའི་བརླན་འཛིན་ཚད་30%ལས་དམའ་མི་རུང་བ་དང་། དུས་ཐོག་ཏུ་རྩྭ་སྐམ་བསྡུ་རུབ་དང་རྡང་སྒྲོམ་སྟེང་འཇོག་པ། ཤོག་རྒྱག་པ་བཅས་བྱ་དགོས་པར་མ་ཟད། ཕར་ཚུར་ལ་སྐྱེལ་འདྲེན་བྱེད་པའི་གྲངས་ཀའང་ཇེ་ཉུང་དུ་གཏང་དགོས།
③འཚོ་རྒྱུའི་གྱོང་གུད།
རྩི་ཤིང་གི་ཕྱི་ངོས་དང་མཁའ་དབུགས་ཁྲོད་ཀྱི་འཚོ་རྒྱུ་ནི་རྩི་ཤིང་ཕྲ་ཕུང་གི་ཚེ་སྲོག་མཇུག་རྫོགས་རྗེས་ད་གཟོད་སྐྱེ་འཕེལ་གྱི་འགོ་བརྩམས་པ་ཡིན། དྲོད་ཚད་དང་བརླན་ཚད་ནི་འབུ་ཕྲ་རབ་ཀྱི་འགུལ་སྐྱོད་ལ་ཚད་བཀག་ཐེབས་པའི་རྒྱུ་རྐྱེན་ཡིན། འབུ་ཕྲ་རབ་ནི་0℃ ~ 50℃ནང་སྐྱེ་འཕེལ་བྱུང་ཐུབ་ནའང་། འོས་ཤིང་འཚམ་པའི་དྲོད་ཚད་ནི་25℃ ~ 38℃ཡིན། འབུ་ཕྲ་རབ་ཀྱི་སྐྱེ་འཕེལ་ལ་འཚམ་པའི་ཆུ་ལ་རེ་བ་ནན་མོ་ཡོད་དེ། རྩི་ཤིང་ནང་ངོས་ཀྱི་ཆུའི་གྲུབ་ཆ་30%མན་ཡིན་སྐབས། ད་གཟོད་རྒྱུན་ལྡན་ངང་སྐྱེ་འཕེལ་བྱུང་ཐུབ། དེ་བས་མགྱོགས་པོར་གཟན་རྩྭ་བསྐམས་ནས་ཆུའི་གྲུབ་ཆ་30%ཡི་མན་ལ་ཆག་པར་བྱེད་པ་ནི་འབུ་ཕྲ་རབ་ཀྱི་གྱོང་གུད་སྔོན་འགོག་བྱེད་པའི་བྱེད་ཐབས་གཙོ་བོ་ཞིག་ཡིན། འབུ་ཕྲ་རབ་ཀྱི་ནང་དུ་དུག་འབུ་ཡོད་ན་ཞུ་ཐུབ་མངར་ཆ་དང་གར་ཕྱེ། སྣུམ་ཞག་བཅས་ཟད་སྲིད་པ་དང་། སྤྲི་དཀར་རྒྱུའི་ངོ་བོ་གྱུར་ཞིང་ཕྲལ་ནས་གནོད་ལྡན་དངོས་རྫས་འབྱུང་སྲིད། གལ་སྲིད་སྒོ་ཕྱུགས་ཀྱིས་རུལ་ཟིན་པའི་རྩྭ་སྐམ་ཟོས་ན་ནད་ཕོག་ནས་ཤི་བའི་ཉེན་ཁ་འབྱུང་སྲིད།
④ཆར་པས་བརླན་ནས་གྱོང་གུད་ཐེབས་པ།
སྐམ་བཟོའི་གོ་རིམ་ཁྲོད་ཆུ་སྲད་པས་ཕྲ་ཕུང་གི་ཐོག་མའི་སྲོག་ལྡན་དངོས་པོའི་སིམ་པའི་རང་བཞིན་ཇེ་མཐོར་གཏོང་ཐུབ། སྐམ་ཟིན་པའི་གཟན་རྩྭ་ཆར་པས་རློན་པ་བྱས་རྗེས་ཞུ་ཐུབ་པའི་སྐྱེས་ལྡན་རྫས་བཅུད་37%དང་། སྐྱེ་མེད་རྫས་བཅུད་67%ལ་གྱོང་གུད་ཐེབས་སྲིད་པ་དང་། དེའི་ཁྲོད་30%ཡི་ལིན་ལ་གྱོང་གུད་ཐེབས་ངེས། གཞན་ད་དུང་བརླན་ཚད་བསྐྱར་དུ་འཕར་ནས་འབུ་ཕྲ་རབ་ཀྱི་འགུལ་སྐྱོད་ལ་འཚམ་པའི་ཆ་རྐྱེན་འདོན་སྤྲོད་བྱེད་པ་དང་། འཚོ་བཅུད་ཤོར་ཚད་ཇེ་མགྱོགས་སུ་སོང་པས་ཚབས་ཆེན་ཡིན་དུས་རྩྭ་སྐམ་རུལ་བའི་ཉེན་ཁ་ཡོད།
⑤ཉི་འོད་དང་དཀར་བཟོ་ཕྱེ་མས་བཟོས་པའི་གྱོང་གུད།
རང་བྱུང་གི་གཟན་རྩྭ་སྐམ་བཟོ་ནི་གཙོ་བོ་ཉི་འོད་དང་རླུང་ཤུགས་ཀྱི་ཆ་རྐྱེན་ལ་བརྟེན་དགོས། ཡིན་ནའང་ཉི་འོད་ཐད་ཀར་འཕྲོས་ན། རྩྭ་སྐམ་གྱི་མདོག་དཀར་པོར་འགྱུར་སྲིད་པ་དང་། རྩི་ཤིང་གི་ལ་སེར་འཚོ་རྒྱུ་དང་འཚོ་རྒྱུ་Cལ་གཏོར་བརླག་ཐེབས་སྲིད། དཔྱད་ཞིབ་བྱས་པ་ལྟར་ན། རྩྭ་སྐམ་ཉི་འོད་འོག་ཉིན་གཅིག་ལ་བསྐམས་ན། ལ་སེར་གྱི་འཚོ་རྒྱུ་75%དང་འཚོ་རྒྱུ་Cཕལ་མོ་ཆེ་ཤོར་སྲིད། ཡིན་ནའང་ཉི་འོད་ཀྱིས་འཚོ་རྒྱུ་Dམངོན་གསལ་ངང་ཇེ་མང་དུ་གཏོང་ཐུབ།
མདོར་ན། གཟན་རྩྭ་སྐམ་བཟོའི་གོ་རིམ་ཁྲོད་འཕྲུལ་ཆས་ཀྱི་གྱོང་གུད་ཆེས་ཆེ(ལྷག་པར་དུ་སྲན་རིགས)སྟེ་15% ~ 20%ལ་བསླེབ་སྲིད། དེ་ནི་གཙོ་བོ་ལོ་མ་ལྷུང་བའི་རྐྱེན་གྱིས་ཡིན་ཞིང་། དེ་ནས་དབུགས་འབྱིན་རྔུབ་ཀྱིས་གྱོང་གུད་ཐེབས་པ་ཡིན། དེའི་གྱོང་གུད་ཐེབས་ཚད་10% ~ 15%ལ་བསླེབ་སྲིད། རྩབས་རྒྱུའི་བྱེད་ནུས་ལ་ཐེབས་པའི་གྱོང་གུད་ནི་5% ~ 10%ཡིན་ཞིང་། ཆར་ཆུས་བཟོས་པའི་གྱོང་གུད་ནི་ཆར་ཆུས་བརླན་པའི་དུས་ཚོད་དང་གྲངས་ཀ་ལ་འབྲེལ་བ་ཡོད།
3. གཟན་རྩྭ་སྐམ་བཟོ་སྐབས་ངེས་དགོས་པའི་རྩ་དོན།
ཆུ་སྲད་པའི་ཆོས་ཉིད་དང་རྩྭ་སྐམ་གྱི་གཟན་སྤྱོད་རིན་ཐང་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་པ་བརྒྱུད། གཟན་རྩྭ་སྐམ་བཟོ་བྱེད་སྐབས་ངེས་པར་དུ་གཤམ་གྱི་རྩ་དོན་ལ་བརྩི་སྲུང་བྱ་དགོས།
①གནམ་གཤིས་ཀྱི་གནས་ཚུལ་ཁོང་དུ་ཆུད་དགོས་པ། སྐམ་བཟོའི་དུས་ཚོད་ཅི་ནུས་ཀྱིས་ཇེ་ཐུང་དུ་བཏང་ནས་སྐྱེ་དངོས་ཀྱི་རྫས་འགྱུར་བྱེད་ནུས་དང་།
དབྱ་འགྱུར་བྱེད་ནུས་ཀྱིས་བསྐྱེད་པའི་གྱོང་གུད་ཇེ་ཆུང་དང་། ཆར་ཆུས་བརླན་ཚད་ཇེ་དམའ་རུ་གཏང་དགོས།
②དུས་ཡུན་རིང་པོར་ཉི་མར་མ་སྐམ་པར་འཚོ་རྒྱུ་Aདང་Cཡི་གྱོང་གུད་དང་། ལོ་མ་འགའ་ཤས་སྐམ་པོར་གྱུར་ནས་བཟོས་པའི་གྱོང་གུད་ཇེ་ཉུང་དུ་གཏང་དགོས།
③གཟན་རྩྭའི་ཆུ་སྲད་པའི་དུས་རིམ་དང་པོའི་དུས་མཇུག་ཏུ་གོང་འོག་བརྗེས་ནས་ཉི་མར་བསྐམ་དགོས་པ་དང་། རྗེས་མར་གོང་འོག་མ་བརྗེས་པར་གྱོང་གུད་ཇེ་ཆུང་དུ་བཏང་ནས་རྩི་ཤིང་གི་ཡལ་ག་སོ་སོའི་ཆུའི་འདུས་ཚད་དོ་སྙོམས་ཡོང་བར་བྱ་དགོས།
④རྩྭ་ཤོག་རྒྱག་པ་དང་གཟན་རྩྭ་བསྡུ་རུབ་བྱེད་པ་སོགས་ཀྱི་ལས་ཀ་དག་གཟན་རྩྭའི་ཡལ་ག་མ་ལྷུང་བའི་སྔོན་དུ་ལས་ནས་ཚགས་དགོས་པར་མ་ཟད། དུས་ཐོག་ཏུ་རྡང་སྒྲོམ་སྟེང་འཇོག་པ་དང་གཞི་གཅིག་ཏུ་སྤུང་དགོས། (མུ་འགོད།)