ངེད་ཀྱི་གཞིས་ཁུལ་འདི་ནི། །
ར་སྐོར་ཆུང་ཆུང་ཞིག་ཡིན། །
ར་སྐོར་ཆུང་ཆུང་འདི་ན། །
ཁྱིམ་གྲངས་ཉིས་བརྒྱ་འདུས་ཡོད། །
ར་སྐོར་ཆུང་ཆུང་སྒོ་ན། །
ཚོང་ཁང་ཆུང་ཆུང་གཉིས་ཡོད། །
ཚོང་ཁང་ཆུང་ཆུང་གཉིས་ཀ །
གཡས་གཡོན་ཁྱིམ་མཚེས་བྱས་ཡོད། །
གསར་གཏོད་ཚོང་ཁང་ནང་གི །
ཚོང་རྫས་གཙང་བ་མ་གཏོགས། །
ཅིག་ཤོས་ཚོང་ཁང་དེ་དང་། །
ཚོང་ཟོག་འདྲ་འདྲ་ཡིན་ནོ། །
གཞིས་ཁུལ་འདི་ཡི་ཚོང་པས། །
སྔོ་ཚོད་ཙག་ཙིག་ཉོ་ན། །
གཞིས་ཁུལ་འདི་ཡི་ཚོང་པས། །
ལྦུ་ཆང་དམ་དུམ་ཉོ་ན། །
གཞིས་ཁུལ་འདི་ཡི་ཚོང་པས། །
ཉོ་ས་ཚོང་ཁང་འདི་གཉིས། །
གཞིས་ཁུལ་འདི་ཡི་ཚོང་པ། །
འཁོར་ས་ཚོང་ཁང་འདི་གཉིས། །
ཡིན་ཡང་དགོད་རེ་བྲོ་བའི། །
གཏམ་རྒྱུད་སྒོ་ན་འདུག་སྟེ། །
ཚོང་ཁང་གཅིག་ལ་ཕྱིན་ན། །
ཅིས་ཤོས་དགའ་པོ་མེད་པ། །
ཚོང་བདག་བགྲེས་མོ་གཉིས་ཀྱིས། །
ཉི་མ་སུམ་བརྒྱ་དྲུག་ཅུར། །
ངོ་ཤ་དཀར་དམར་བྱས་ནས། །
ངོ་མདོག་རྫོགས་རེས་བྱེད་པ། །
དེ་ལས་དགོད་རེ་བྲོ་བའི། །
གཏམ་རྒྱུད་སྒོ་ན་འདུག་སྟེ། །
ཚོང་བདག་གཉིས་ཀྱི་བྱིས་པས། །
སྒོ་ནས་རྩེད་ར་སྒྲིག་པ། །
ང་ནི་ལམ་འགྲོ་མགྲོན་པོ། །
སུས་ཀྱང་ཕོག་ཐུག་བཏང་མེད། །
རྒན་རྒོན་དེ་གཉིས་མཐོང་ན། །
འདི་འདྲ་འབྲི་དགོས་མེད་མོད། །
སྒོ་ཁའི་རྩེད་ར་ནང་གི །
བྱིས་པ་སྙིང་རྗེ་གཉིས་ཀའི། །
རྩེད་ར་སྙིང་རྗེ་དེ་གཉིས། །
གཏོར་བར་སྙིང་རྗེ་སྐྱེའོ། །