ཁོ་ལག་རྫོགས་པའི་སྲིད་པའི་གངས་རྒན་གངས་དཀར་ཏི་སེའི་མངལ་དུ་སྦྲུམ། །
སྤྱན་ལ་ཐོགས་པའི་བསུང་ཞིམ་ལྗོན་པ་གངས་དཀར་ལྷ་མོའི་མགུལ་དུ་འཆིང། །
སྤང་ལྗོངས་སྔོན་མོར་གཡུང་དྲུང་བྲིས་འདྲའི་གཙང་ཆབ་དྭངས་མོ་བག་ཡངས་རྒྱུ། །
ཤེལ་དཀར་མེ་ལོང་ལྷུན་གྱིས་གྲུབ་འདྲའི་ཟླ་བའི་གཟུགས་བརྙན་ཡི་གར་འོང་། །
ཡ་གིའི་ཉག་གར་སྤྲིན་དཀར་ལང་ལོང་གངས་དཀར་རི་བོའི་རྒྱབ་དར་དཔྱངས། །
མ་གིའི་རི་གཤམ་དཀར་དམར་མེ་ཏོག་གཙང་ཆུ་དྭངས་མོའི་ཁ་དཀྲིས་རྨད། །
སྐྱེ་རྒུའི་ལེགས་ཚོགས་དཔལ་དུ་འབར་བའི་མཐོ་སྒང་གཡང་གི་ཁ་འཛིན་ཨང་། །
རྨི་ལམ་མ་ཡིན་མངོན་སུམ་གསལ་དྭངས་ཞིང་མཆོག་འདི་ཀོ་སྙིང་དུ་སྡུག།།
གངས་དཀར་རི་རྩེར་འཕུར་ལྡིང་རྩེན་པའི་རླུང་རྟ་དཀར་པོ་རླུང་གཤོག་ཅན། །
མི་ཡུལ་མཛེས་པ་བྱེ་བ་ཕྲག་བརྒྱ་མཐོ་སྒང་མཛེས་པའི་དཔལ་འཛིན་ཏེ། །
མ་བསླས་མུ་ཏིག་རང་བྱུང་བསླས་འདྲའི་གཙང་པོ་ལྷུང་ལྷུང་བཞུར་བ་ཡང་། །
ཐུན་མིན་ས་ཆེན་སྒེག་མོར་མངའ་བའི་ལྷུན་གྲུབ་དངུལ་གྱི་ཕྲ་ཚོམ་མོ། །
མཐོ་སྒང་དཔལ་དུ་ཅིག་ཅར་འབར་བའི་གངས་དང་གཙང་པོའི་ཉམས་སྣང་སྟེ། །
སྔོ་བསངས་བུ་མོའི་དང་བ་འདྲེན་པའི་གཟི་བྱིན་བཀྲག་མདངས་སྟོང་ལྡན་ཡིན། །
ནོར་འཛིན་སྒེག་མོའི་ཐུན་མིན་མཛེས་སྡུག་ལྷ་ཀླུ་དགའ་བའི་རོལ་གར་ཏེ། །
མཆོག་དང་དངོས་གྲུབ་ལོངས་སྤྱོད་ཚང་བའི་ཚན་ཁ་དེས་ཀྱང་སྤྱན་དབང་འཕྲོག།།
ཐང་དཀར་རྒོད་པོའི་གཤོག་རྡེབ་རེ་རེར་གངས་དང་གཙང་པོའི་བརྗིད་ཆགས་མངའ། །
ཚོན་ལྡན་འཇའ་ཡི་སྐེ་རགས་རིང་མོ་གངས་རིའི་འཕོང་ནས་གཙང་པོར་འཛུལ། །
སྐྱེ་འགྲོའི་བདུད་རྩི་ལྷད་མེད་ནོར་བུ་གཙང་ཆབ་དྭངས་མོར་རབ་བསྔགས་ཏེ། །
ཆུ་འཛིན་དཀར་པོ་མགུལ་དུ་འཆིང་འདྲའི་གངས་རི་དཀར་པོར་ལྷན་ཅིག་འདུད། །
མཐོ་སྒང་གངས་དཀར་འོད་ཀྱི་ཁྱིམ་རྒྱུད་གཙང་པོའི་ལྟོ་བ་བརྗིད་ཅིང་འཕེལ། །
རི་བོ་གངས་དཀར་དབུ་ལག་སྦྲེལ་ཏེ་གངས་ལྗོངས་མཛེས་དཔྱོད་ལྟ་བ་དྲངས། །
གཙང་པོའི་ཁུང་ནས་བརྡོལ་བའི་སྨུག་སྤྲིན་སྐྱེ་འགྲོའི་མངལ་དུ་ཁུ་སིམ་སྦྲུམ། །
སེམས་ཅན་ཞི་གྲོལ་སྣང་བ་ལྷད་མེད་མཚར་སྡུག་འབུམ་གྱི་འོ་ཟི་འཁྲིགས། །
དགྱེས་པའི་གླུ་དང་གར་གྱི་སྟངས་སྟབས་གངས་དང་གཙང་པོའི་རྒྱན་དུ་གྱུར། །
གཙང་ཆུ་དྭངས་མོའི་བཅོས་མིན་རོ་ཡིས་སྐྱེ་འགྲོའི་མགྲིན་པར་སྨོན་ལམ་བསྩལ། །
གདུང་བའི་འདྲེན་བྱེད་སྐོམ་པའི་ངལ་བ་གངས་དཀར་རི་བོས་སྟོབས་ཀྱིས་སེལ། །
ཡང་དག་བདེན་པའི་རི་ཀླུང་མཐའ་དག་དྭངས་གསལ་ཤེལ་གྱི་གཟུགས་སུ་སྤྲུལ། །
སྣང་གསལ་ཚོར་བའི་མེ་ལོང་ནང་དུ་དཀར་གསལ་དུང་གི་ཟླ་བ་འཁྲུངས། །
དབྱེར་མེད་དུང་གི་ཟླ་བ་དེ་ཡིས་གངས་དང་གཙང་པོའི་ཡང་སྤྲུལ་འཛིན། །
རྫོགས་མེད་རྟོག་པའི་བམ་ཁར་བྱོན་པའི་བྱིའུ་ཆུང་སྙིང་ལ་རྗེ་བོ་དེ། །
ང་ཡི་བློ་སེམས་འཕྲིན་པ་འཁྱེར་པའི་ལྷ་ལས་བབས་པའི་ཕོ་ཉ་ཡིན། །
བདག་གི་ལག་མཐིལ་ག་ལེར་འཁྱུག་པའི་གངས་ལྷ་མེ་ཏོག་མཚར་སྡུག་ཅན། །
འཚོ་བྱེད་གཞོན་ནུའི་སྣང་བ་འགུག་པའི་ལང་ཚོའི་སྙེ་རླབས་ནོམ་ཆེན་ཡིན། །
དཀར་ལ་འཇམ་པའི་འདབ་ལོ་རེ་རེ་ནང་དུ་འཁྲུངས་པའི་གདུལ་བྱ་ཡིན། །
གངས་དང་གཙང་པོའི་བཅོས་མིན་རང་མདངས་ད་དུང་སྒང་པ་བོད་དུ་གྲགས། །
སྙན་པའི་ཚིག་ཏུ་ལན་མང་འཁྲུངས་པའི་གངས་དང་གཙང་པོ་ཡིད་ཀྱི་ནོར། །
ལེགས་ཚོགས་བཅུད་ཀྱི་འབྲས་བཟང་མ་ལུས་མི་ཡུལ་བདེ་དགའི་ཚལ་དུ་དྲོངས། །
ངག་དབང་དབྱངས་ཀྱི་ལྷ་མོའི་མགྲིན་བཟང་གུས་པས་སྨོན་ལམ་ལ་དྲངས་ཏེ། །
བདག་སོགས་སྐྱེ་འགྲོའི་ཁ་གཡང་ལྷད་མེད་གངས་རི་དང་བཅས་གཙང་པོར་འབུལ། །