ཡུལ་བབ་དང་བསྟུན་ནས་ཐོན་ལས་ལ“གསོན་ཤུགས་རྒྱས་པར”བྱ་དགོས།
འོད་ཟེར་གྲོང་ཚོ་ནི་ལུང་ཆོན་རི་རྒྱུད་ཀྱི་རི་མ་ཐང་དང་བདེ་ཐང་བར་གྱི་ས་ཁུལ་དུ་གནས་ཤིང་།
ལའོ་ཡའོ་རི་ལམ་གསར་པས་གྲོང་ཚོ་འཕྲེད་ཀྱིས་བཅད་ནས་ཡོད་པས་འགྲིམ་འགྲུལ་སྟབས་བདེ་བ། ལྷོ་ནུབ་ས་ཁུལ་གྱི་ཙིན་ཚང་གི་གཞིས་ཀ་དང་སྐུ་ཞབས་ཁུང་ཞང་ཞི་ཡིས་བཙུགས་པའི་མིན་ཞན་སློབ་གྲྭ་ཡང་གནས་འདིར་ཡོད་པས་རིག་གནས་ཀྱི་རྨང་གཞི་ཟབ་མོ་ཡོད། སྡེ་པའི་ནང་དུ་འབྲུག་རྔ་དགོན་དང་། ཧན་རྒྱལ་རབས་ཀྱི་སྐར་བདུན་སྡེར་མའི་བང་སོའི་ཚོགས་དང་། ཧུའུ་ཚང་གི་ཧོ་ཤིན་གླིང་ཕྲན་སོགས་མཛེས་ལྗོངས་ཁུལ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས་ལེགས་ཆ་མངོན་གསལ་དོད་པོ་ཡོད།
ཉེ་བའི་ལོ་ཤས་རིང་། འོད་ཟེར་གྲོང་ཚོས་ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆ་བེད་སྤྱད་དེ་ཡུལ་བབ་དང་བསྟུན་ནས། དབྱི་མིང་ཁྱིམ་ཚང་ཞིང་ར་སོགས་ནང་འདྲེན་བྱས་ནས་ས་གནས་དེ་གའི་ཞིང་ལས་དུད་ཚང་ཆེན་མོའི་ས་ཞིང་གཅིག་སྡུད་རྒྱུན་འཁོར་བྱས་ཏེ་ས་ཞིང་གིས་ཞིང་རའི་དཔལ་འབྱོར་འཕེལ་རྒྱས་བཏང་ལ། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཕྱུག་པོ་ཆགས་པར་སྐུལ་ཁྲིད་བྱས་པས། ཐོན་ཁུངས་རྒྱུ་ནོར་དུ་འགྱུར་བ་དང་མ་དངུལ་མ་རྐང་དུ་འགྱུར་བ། ཞིང་པ་རྐང་འཛིན་མི་སྣར་འགྱུར་བ། “ཞིང་ར་སྐྲུན་པ་དང་། ཐོན་ལས་དར་སྤེལ་གཏོང་བ། དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བ། འབྱོར་འབྲིང་ཕྱོགས་སུ་སྐྱོད་པ”བཅས་ཀྱི་ལམ་བུ་གསར་པ་ཞིག་བཏོད་ཡོད།
གསར་གཏོད་འཕེལ་རྒྱས་བཏང་ནས་ཐོན་ལས་དར་རྒྱས་གཏོང་དགོས།
གཅིག །ཐོན་ལས་ཀྱི་གནས་སྟངས་གསར་གཏོད་བྱེད་དགོས།
འོད་ཟེར་གྲོང་ཚོས་དམངས་ཀྱི་ས་ཞིང་མ་རྐང་མཉམ་ལས་ཁང་གཅིག་སྡུད་བྱ་རྒྱུ་གཞི་རྟེན་དུ་བྱས་ནས་ཐོན་ལས་འཕེལ་རྒྱས་དང་མཉམ་སྡེབ་འབབ་འཕར་མཉམ་རྒྱལ་གྱི་ཐོན་ལས་རྣམ་པ་ཞིག་བཏོད་ཡོད། ཕྱོགས་གཅིག་ནས་མཉམ་ལས་ཁང་གིས་གཉེར་སྐྱོང་རང་བདག་གི་བྱེད་ཐབས་སྤྱད་དེ་གྲོང་མི་མ་རྐང་ནང་ཞུགས་རྒྱུ་བསྡུ་ལེན་བྱས་ནས་ཁྲོམ་ར་ཅན་གྱི་གཉེར་སྐྱོང་དང་ཁེ་ལས་ཅན་གྱི་དོ་དམ་ལག་ལེན་བསྟར་བཞིན་ཡོད་པ་དང་། གྲོང་མིའི་ས་ཞིང་ལ་ལོ་ལྟར་མ་མཐའི་ཡོང་འབབ་ལེན་རྒྱུ་ཡོད་པ་ཕུད། ས་ཞིང་ལས་བྱུང་བའི་དཔལ་འབྱོར་ཡོང་འབབ་ལ་གྲོང་མིས་མ་དངུལ་བཏང་བའི་བསྡུར་ཚད་ལྟར་ཁེ་འབབ་བགོ་རྒྱུ་མངོན་འགྱུར་བྱུང་ནས། “ཐོན་ཁུངས་རྒྱུ་ནོར་དུ་འགྱུར་བ་དང་མ་དངུལ་མ་རྐང་དུ་འགྱུར་བ། ཞིང་པ་རྐང་འཛིན་མི་སྣར་འགྱུར་བ། ཡོང་འབབ་ལ་བགོ་རྒྱུ་ཡོད་པ”བཅས་ཀྱི་འཕེལ་རྒྱས་རྣམ་པ་མངོན་འགྱུར་བྱུང་སྟེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ཡོད། ཕྱོགས་གཞན་ཞིག་ནས་མཉམ་ལས་ཁང་གིས་དྲིལ་བསྒྲགས་སྐུལ་སློང་གི་ནུས་པ་རྒྱ་ཁྱབ་ངང་འདོན་སྤེལ་བྱས་ཏེ་གྲོང་མིའི་ཁ་ཐོར་གྱི་ས་ཆའི་ཐོན་ཁུངས་དང་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་ཏུ་བསྡུས་ནས་ལེགས་ཆ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ཐོན་ལས་ནང་འདྲེན་བྱ་རྒྱུར་ལྕག་སྐུལ་བྱས་ཡོད་པ་དང་། མིག་སྔར་ཙིན་དབྱི་སྐྱེ་ཁམས་གླིང་དང་། ཚ་ལུ་མ་འདེབས་འཛུགས་རྟེན་གཞི། རྒྱ་སེ་གླིང་གི་རྟེན་གཞི་སོགས་ཁྱད་ལྡན་ཐོན་ལས་ནང་འདྲེན་བྱས་པར་མ་ཟད་གསར་གཏོད་བྱས་ཡོད།
གཉིས། མཉམ་ལས་ལམ་སྲོལ་གསར་གཏོད་བྱེད་དགོས།
འོད་ཟེར་གྲོང་ཚོས་སི་ཁྲོན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་གི་དཔལ་འབྱོར་ལོ་ཏོག་ཞིབ་འཇུག་ཁང་དང་། ཁྲེང་ཏུའུ་གྲོང་ཁྱེར་གྱི་ཞིང་ལས་ཁྱབ་སྤེལ་ལག་རྩལ་སྤྱི་ཁྱབ་ས་ཚིགས་སོགས་ཚན་རིག་ཞིབ་འཇུག་ལས་དོན་སྡེ་ཚན་དང་མཉམ་ལས་ཧུར་ཐག་བྱས་ནས། ཆེ་ཏོག་རིགས་(茄果类)ཀྱི་ལོ་ཏོག་ས་མེད་འདེབས་གསོ་ལག་རྩལ་གྱི་རྣམ་པ་དང་ཚལ་ཚལ་ཤུབས་(菜菜套)འབུ་འགོག་སོགས་སྔོན་ཐོན་ལག་རྩལ་ནང་འདྲེན་བྱས་ནས། “སོན་བཟང་འདྲེན་འཛུགས་དང་མྱུ་གུ་གསོ་སྐྱོང་། འདེབས་གསོ་དང་དཔེ་སྟོན་ཁྱབ་སྤེལ། འདེབས་འཛུགས་དང་ཕྱིར་འཚོང་”སོགས་རིགས་གཅིག་ཅན་གྱི་ཞབས་ཞུའི་རྣམ་པ་སྤྱད་དེ། ས་གནས་དེ་གའི་ཞིང་པའི་ཡོང་འབབ་འཕར་སྣོན་དང་ཞིང་རའི་ཐོན་ལས་འཕེལ་རྒྱས་ལ་ནུས་པ་ཆེན་པོ་འདོན་སྤེལ་བྱས་ཡོད།
གསུམ། འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱེད་དགོས།
ཁྱད་ལྡན་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས། ཚ་ལུ་མ་འདེབས་འཛུགས་རྟེན་གཞི། ཆིང་བ་ལིའི་འདེབས་འཛུགས། རྒྱ་སེ་གླིང་ཡུལ་སྐོར་སྤྲོ་གསེང་སོགས་ཐོན་ལས་འཛུགས་སྐྲུན་བྱས་ཏེ། དབྱི་མིང་ཁྱིམ་ཚང་ཞིང་རས་གྲོང་ཚོའི་ཁོངས་གཏོགས་ཀྱི་སྤྲོ་གསེང་ཡུལ་སྐོར་ལྟ་སྐོར་ཞིང་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ལ། ཤིང་འབྲས་དང་སྔོ་ཚལ་འཐུ་བའི་ཉམས་ལེན་གཙོ་བོར་བྱས་པའི་ཞིང་ལས་ཉམས་ལེན་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེར་བཏང་། དཔེར་ན་རྒུ་འབྲུམ་གཞིས་ཀ་མཐོ་འབྲིང་རིགས་དང་། ཉིང་མེང་ཕ་ཡུལ་གྱི་ཉིང་མེང་། ཙིན་དབྱི་སྐྱེ་ཁམས་གླིང་། ཐན་ཀུའུ་ཞིང་པའི་ཁྱིམ་ཚང་ཞིང་ར“田归农家庭农场”སོགས་ཤིང་འབྲས་དང་སྔོ་ཚལ་ཚོད་ལྟའི་རྟེན་གཞི་གསར་པ་དེས་ལོ་རེར་ཉེ་འཁོར་གྱི་མི་ཐེངས་1000ལྷག་ཙམ་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད།
ཡའོ་ཏུའུ་གྲོང་རྡལ་འོད་ཟེར་གྲོང་ཚོ་ནི་ལུང་ཆོན་རི་རྒྱུད་ཀྱི་རི་མ་ཐང་དང་བདེ་ཐང་བར་གྱི་ས་ཁུལ་དུ་གནས་ཤིང་། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་4.6775ཡོད་པ་དང་། ཁོངས་གཏོགས་ས་ཁུལ་དུ་གྲོང་མིའི་ཚོ་ཆུང་26ཡོད་ལ་སྤྱིའི་མི་གྲངས་6575ཡོད། (ཐེམ་ཐོའི་མི་འབོར་4916དང་།
རྒྱུན་སྡོད་མི་གྲངས་1659ཡོད།) ཁོངས་གཏོགས་ས་ཁུལ་འདི་དཔེར་མཚོན་ཞིང་སྡེའི་ར་བ་ཐར་ཐོར་དུ་གནས་བཅའ་བ་གཙོ་བོ་ཡིན་ལ། སྔོན་ཆད“ཁྲོན་ནུབ་མགྲོན་པོའི་གཞིས་ཀ་དང་པོ”ཞེས་སྙན་གྲགས་ཡོད་པའི“ཙིན་ཚང་གི་གཞིས་ཀ”གནས་འདི་ན་ཡོད། ཉེ་བའི་ལོ་ཤས་རིང་། འོད་ཟེར་གྲོང་ཚོས་ཐོན་ཁུངས་ལེགས་པོའི་སྤུས་ཀར་གཞི་ཚུགས་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེར་བཏང་བས། གྲོང་གསེབ་དར་རྒྱས་གཏོང་བའི་ལྗང་མདོག་འཕེལ་རྒྱས་ཀྱི་འགོ་ཚུགས་ཡོད། སྔ་རྗེས་སུ་སི་ཁྲོན་ཞིང་ཆེན་གྱི་ཁོར་ཡུག་མཛེས་སྡུག་དཔེ་སྟོན་གྲོང་ཚོ་དང་། སི་ཁྲོན་ཞིང་ཆེན་གྱི་འཕྲོད་བསྟེན་གྲོང་ཚོ། སི་ཁྲོན་ཞིང་ཆེན་གྱི་ཡག་པོ་བཞིའི་གྲོང་ཚོ། ཞིང་ཆེན་རིམ་པའི་དཔེ་སྟོན་མཉམ་ལས་ཁང་། ཞིང་ཆེན་རིམ་པའི་ཞིང་ལས་ཚན་རྩལ་དཔེ་སྟོན་རྟེན་གཞི། ཁྲེང་ཏུའུ་གྲོང་ཁྱེར་ཤེས་དཔལ་གྲོང་ཚོ། ཁྲེང་ཏུའུ་གྲོང་ཁྱེར་སྲོལ་རྒྱུན་གྲོང་ཚོ་སོགས་ཀྱི་མཚན་སྙན་གནང་ཡོད། །