མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ། ལྷན་རྒྱས་སྐུ་ཁམས་བཟང་།
འདིར་གསར་འགོད་པ་གྲོགས་པོ་རྣམ་པ་དང་ཐུག་འཕྲད་བྱུང་བར་ཧ་ཅང་དགའ་པོ་བྱུང་།
ཁ་སང་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་བདེ་བླག་ངང་གྲོལ་བ་རེད། འདི་ནི་དར་ཆ་མཐོན་པོར་སྒྲེང་བ་དང་། སྟོབས་ཤུགས་གོང་བུར་འགྲིལ་བ། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་རེད།
རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པར་ཚད་མཐོའི་དོ་ཁུར་བྱེད་ཀྱི་ཡོད། རྒྱལ་ཁབ་མང་པོ་ཞིག་གི་སྲིད་ཏང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བསྐུར་ཡོང་བ་དང་། དེའི་ནང་མང་ཆེ་བ་ནི་རྒྱལ་ཁབ་ཀྱི་གཙོ་བདག་དང་། སྲིད་གཞུང་གི་འགོ་གཙོ། སྲིད་ཏང་དང་རྩ་འཛུགས་སྒྲིག་གཞི་གལ་ཆེན་གྱི་འགོ་ཁྲིད་པས་བསྐུར་ཡོང་བ་རེད། འདིར་ངས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གོང་དུ་ང་ཚོས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་བདམས་ཐོན་བྱུང་བ་དང་། ང་མུ་མཐུད་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་འཁུར་རྒྱུར་འདེམས་བསྐོ་བྱས་པ་རེད། ད་ལྟ། ངས་ཚང་མར་རྒྱུན་ཨུ་ལས་གྲོགས་གཞན་དག་6པོ་ངོ་སྤྲོད་བྱ་རྒྱུ་ཡིན་ཏེ། བློ་མཐུན་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་ཡིན།
བློ་མཐུན་ཀྲའོ་ལེ་ཅི་དང་བློ་མཐུན་ཝང་ཧུའུ་ཉིང་ནི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཡིན་པ་དང་བློ་མཐུན་གཞན་དག་ཚང་མ་ནི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཡིན་པས་ཚང་མར་ཆ་རྒྱུས་ཡོད་རྒྱུ་རེད།
འདིར་ངས་སྐབས་གསར་པའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་ཁོངས་མིའི་ཚབ་ཞུས་ཏེ་ཏང་ཡོངས་ཀྱི་བློ་མཐུན་ཚོས་ཡིད་ཆེས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་ངེས་པར་དུ་ཏང་གི་ངོ་བོ་དང་དགོངས་དོན་ཡིད་ལ་བརྟན་པོར་བཅངས་པ་དང་། རང་ཉིད་ཀྱི་ལས་འགན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། རང་འགན་ནན་སྒྲུབ་དང་ལས་ཀར་འབད་བརྩོན་བྱས་ཏེ། ཏང་དང་མི་དམངས་ཀྱི་མངག་བཅོལ་གལ་ཆེན་སྟོང་ཟད་དུ་གཏན་ནས་གཏོང་མི་རུང་།
ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་འབད་བརྩོན་བྱས་པར་བརྟེན། ང་ཚོས་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཡོད། ད་ལྟ་ང་ཚོས་བློ་སྟོབས་ཆེར་སྐྱེད་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པར་སྐྱོད་བཞིན་ཡོད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་འཇུག་བྱེད་བཞིན་ཡོད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད།
——འཐབ་ལམ་གསར་པའི་ཐོག་ང་ཚོས་ཐོག་མཐའ་བར་གསུམ་དུ་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད་པའི་བསམ་པའི་འཁྱེར་སོ་འཛིན་སྐྱོང་བྱེད་དགོས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་འདུན་དང་རེ་བ་བཅོལ་ཡོད་པ་དང་། ཀྲུང་གོའི་མི་དམངས་ཀྱི་འབད་འཐབ་དང་རྔུལ་ཆུ་འདུས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དུས་ཡུན་རིང་པོའི་ལག་ལེན་གྱིས་འཚོལ་ཞིབ་བྱས་པའི་གྲུབ་འབྲས་ཡིན་པ་དང་། རླབས་ཆེ་ཞིང་དཀའ་ཚེགས་ཆེ་བའི་བྱ་གཞག་ཅིག་རེད། དཀའ་ཚེགས་ཆེ་ན་བློ་སྟོབས་མངོན། ལག་ལེན་བསྟར་ན་རྩ་ཆེན་ཤེས།
བྱ་གཞག་དེའི་ཆེད་དུ་རྒན་རབས་པ་གྲངས་ལས་འདས་པས་དཀའ་སྤྱད་ལས་སྒྲུབ་དང་ངལ་བ་ཁྱད་བསད་བྱས་ཏེ་འབད་འཐབ་ཚད་མེད་གནང་། ཁོང་ཚོས་ལེགས་སྐྱེས་ཕུལ་བ་དང་རང་སྲོག་བློས་གཏོང་གནང་བ་ང་ཚོའི་བློ་ལ་བརྟན་པོར་ངེས་ཡོད། ང་ཚོས་དཀའ་སྤྱད་སྙིང་རུས་དང་། འགན་འཁུར་ཕོད་པ། སྔར་ལས་ཆེ་བའི་ལོ་རྒྱུས་ཀྱི་རང་དབང་སྙིང་སྟོབས་ལ་བརྟེན་ནས་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལེ་ཚན་གསར་པ་ཟམ་མི་འཆད་པར་བརྩམ་རྒྱུ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་སྟོབས་ཤུགས་གང་ཡོད་ཀྱིས་མངོན་འགྱུར་བྱེད་དགོས།
——འཐབ་ལམ་གསར་པའི་ཐོག་ང་ཚོས་ཐམས་ཅད་མི་དམངས་ཀྱི་ཆེད་དུ་དང་ཐམས་ཅད་མི་དམངས་ལ་བརྟེན་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། ང་ཚོས་ནམ་ཡང་མི་དམངས་ལ་དམ་པོར་བརྟེན་ནས་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་པའི་རྒྱུགས་ཤོག་ཡང་ཡང་ཕུལ་ཡོད། མ་འོངས་པར་ཁ་ཕྱོགས་ཚེ། ང་ཚོས་སྔར་བཞིན་མི་དམངས་ལ་བརྟེན་ནས་ལོ་རྒྱུས་ཀྱི་བྱ་གཞག་གསར་པ་གཏོད་དགོས།
ལམ་འགག་དོག་ཅིང་ལམ་ཐག་རིང་ཡིན་ན་ཡང་། འབད་པས་བསྐྱོད་ན་མདུན་དུ་སླེབས་ཀྱི་རེད། མདུན་སྐྱོད་ཀྱི་ལམ་བུའི་ཐོག་རླུང་ཚ་རྦབས་འཕྱོ་ཡིན་ནའང་འདྲ། ཡང་ན་རྦ་རླབས་འཇིགས་སུ་རུང་བ་ཡིན་ནའང་འདྲ། མི་དམངས་ནི་ནམ་ཡང་ང་ཚོའི་ཆེས་སྲ་ཞིང་བརྟན་པའི་རྒྱབ་རྟེན་དང་ཆེས་སྟོབས་དང་ལྡན་པའི་གཏིང་ཤུགས་ཤིག་རེད། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་དང་། མི་དམངས་དང་གཅིག་སེམས་གཅིག་གཏད་བྱས་ཏེ། མི་དམངས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མི་དམངས་ཀྱིས་རེ་བཅོལ་བྱེད་པའི་དོན་དག་དེ་སྒྲུབ་པར་བརྟེན་ནས་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དེ་རྒྱུན་ཆད་མེད་པར་མངོན་འགྱུར་ཡོང་བ་བྱེད་དགོས།
——འཐབ་ལམ་གསར་པའི་ཐོག་ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་དགོས། འགྱུར་ལྡོག་མང་པོ་བརྒྱུད་ཀྱང་ཐོག་མའི་བསམ་འདུན་མི་བསྒྱུར་བའི་ཏང་ཞིག་ཡིན་ཕྱིན། ད་གཟོད་བྱ་གཞག་གི་རྨང་གཞི་བརྟན་པོ་ཡོང་ཐུབ། འོད་སྟོང་འཕྲོ་བའི་བྱས་རྗེས་བཞག་ཀྱང་སྔར་བཞིན་རང་ཉིད་གསར་བརྗེ་བྱེད་ཕོད་པའི་ཏང་ཞིག་ཡིན་ཕྱིན། ད་གཟོད་གཞོམ་ཞིག་མེད་པ་ཞིག་ཡོང་ཐུབ། ལོ་བརྒྱ་ཕྲག་རིང་གི་ཆར་རླུང་ཁྲོད་དུ་ཞུན་ཐིགས་ལྕགས་སུ་སྦྱངས་པ་ལྟར། ལྷག་པར་དུ་དུས་རབས་གསར་པའི་ལོ་10ཡི་གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་བྱས་པར་བརྟེན་ཀྲུང་གོའི་གུང་ཁྲན་ཏང་སྔར་བས་འགྱུར་མེད་སྟོབས་ལྡན་དང་དེ་བས་གསོན་ཤུགས་ཀྱིས་ཁེངས་ཡོད།
འཐབ་ལམ་གསར་པའི་ཐོག་གི་འགྲན་སློང་གསར་པ་དང་ཚོད་བགམ་གསར་པའི་མདུན་དུ་ང་ཚོས་ངེས་པར་དུ་ཚད་མཐོའི་དྲན་སྐུལ་དང་། ནམ་ཡང་རྒྱུགས་སྤྲོད་པར་སྐྱོད་པའི་རིག་པ་དྭངས་གསལ་དང་གཟབ་ནན་འཛིན་སྐྱོང་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་ཟམ་མི་འཆད་པར་སྐུལ་མ་བཏང་ནས། ལོ་བརྒྱའི་ཏང་ཆེན་པོ་དེ་ཉིད་རང་ངོས་གསར་བརྗེའི་ཁྲོད་སྐྱེ་སྟོབས་ཀྱི་དཔལ་འབར་བ་བྱས་ནས། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ཀྱི་བློས་འཁེལ་ཆོག་ས་དང་འགྱུར་མེད་སྟོབས་ལྡན་གྱི་སྲོག་ཤིང་ཞིག་ཏུ་འགྱུར་བ་བྱེད་དགོས།
——འཐབ་ལམ་གསར་པའི་ཐོག་ང་ཚོས་མིའི་རིགས་ཀྱི་ཐུན་མོང་གི་རིན་ཐང་ཐོག་མཐའ་བར་གསུམ་དུ་དར་སྤེལ་གཏོང་དགོས། དེང་གི་འཛམ་གླིང་ལ་སྔར་བྱུང་མྱོང་མེད་པའི་འགྲན་སློང་འཕྲད་ཡོད། ང་ཚོས་སྔར་ནས་བཟུང་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་སྟངས་འཛིན་དང་ཐག་གཅོད་བྱེད་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད། མཉམ་དུ་གནམ་འོག་གི་ལམ་ཆེན་ཐོག་བསྐྱོད་ཚེ་རྒྱལ་ཁབ་ཁག་ཞི་མཐུན་མཉམ་གནས་དང་མཉམ་ལས་གཉིས་ཁེ་ཡོང་ཐུབ་པ་མ་ཟད། ལག་གདང་སྦྲེལ་ནས་འཛམ་གླིང་གི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ།
ང་ཚོས་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་ཞི་བདེ་དང་། འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་འཛམ་གླིང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན།
ཀྲུང་གོའི་འཕེལ་རྒྱས་འཛམ་གླིང་དང་བྲལ་ཐབས་མེད་ལ། འཛམ་གླིང་གི་འཕེལ་རྒྱས་ལའང་ཀྲུང་གོ་དགོས། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40ལྷག་ཙམ་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ང་ཚོས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་གི་ངོ་མཚར་ཆེན་པོ་གཉིས་བཏོད་ཡོད། ད་ལྟ། ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་ཆེ་བ་དང་། གཏིང་ཤུགས་འདང་བ། བསམ་བློ་གཏོང་ས་རྒྱ་ཆེ་བས། ཡུན་རིང་ལེགས་པའི་ཕྱོགས་སུ་ཁ་ཕྱོགས་པའི་གཞི་རྩའི་གནས་ཚུལ་ལ་འགྱུར་བ་ཡོང་མི་སྲིད། ཀྲུང་གོས་སྒོ་འབྱེད་ཀྱི་སྒོ་མོ་ཇེ་ཆེ་ནས་ཇེ་ཆེར་ཕྱེ་སྲིད། ང་ཚོས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རང་ངོས་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་ལ་གོ་སྐབས་དེ་བས་མང་བ་གཏོད་རྒྱུ་ཡིན།
མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།
འཐབ་ལམ་གསར་པ་ནི་གཟི་བརྗིད་དང་ཕུགས་འདུན་གྱིས་ཁེངས་པའི་རྒྱང་སྐྱོད་ཅིག་རེད། འཆར་འགོད་བྲིས་ཟིན་པ་དང་། དུང་བརྡ་བཏང་ཟིན་ཡོད། ང་ཚོས་སྙིང་སྟོབས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་བྱས་ནས་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་པར་འབད་བརྩོན་བྱེད་དགོས།
ཉིན་ཤས་རིང་གསར་འགོད་པ་གྲོགས་པོ་ཚོས་ཚོགས་ཆེན་གྱི་གནས་ཚུལ་གང་ལེགས་སྤེལ་གཏོང་བྱས་ནས་འཛམ་གླིང་ཡོངས་ལ་ཀྲུང་གོའི་སྐད་སྒྲ་བརྒྱུད་བསྒྲགས་དང་ཀྲུང་གོའི་གུང་ཁྲན་ཏང་གི་འདོད་ཚུལ་བརྒྱུད་བསྒྲགས་བྱས་པར་བརྟེན་འཛམ་གླིང་གིས་ཀྲུང་གོར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཁྱེད་རྣམ་པས་དཀའ་སྤྱད་ཀྱིས་ལས་ཀ་སྒྲུབ་པར་ཐུགས་རྗེ་ཆེ་ཞུ། ལྷན་རྒྱས་སྐུ་ལས་ཁག་སོང་།
ལྷན་རྒྱས་ཀྲུང་གོའི་ས་གནས་ཁག་ཏུ་གཟིགས་པར་ཕེབས་པ་དང་། ཕྱི་རོལ་ཡུལ་དང་མཐུན་ཞིང་དོན་དངོས་དང་མཐུན་པའི་སྒོ་ནས་འཛམ་གླིང་ལ་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ། ཀྲུང་གོའི་གུང་ཁྲན་ཏང་གི་གཏམ་རྒྱུད་ཡག་པོ་ཤོད་པ། ང་ཚོས་བརྒྱུད་བཞིན་པའི་དུས་རབས་གསར་པའི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་གནང་བར་དགའ་བསུ་ཞུ་རྒྱུ་ཡིན།
ལྷན་རྒྱས་ཐུགས་རྗེ་ཆེ།
ལྷག་པ་ཚེ་རིང་གིས་བསྒྱུར།