ཐེངས་འདིའི་གྲོས་ཚོགས་ཧ་ཅང་ཡག་པོ་འཚོགས་ཐུབ་པ་བྱུང་བས་བསམ་བློ་གཅིག་གྱུར་དང་། ཡིད་ཆེས་བརྟན་པོ། ཁ་ཕྱོགས་གསལ་སྟོན། འཐབ་སེམས་སྐུལ་སློང་བཅས་བྱེད་པའི་དམིགས་ཡུལ་གྲུབ་པ་རེད། ཚང་འཛོམས་གྲོས་ཚོགས་ཐོག་མིག་སྔའི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་སྙན་ཞུར་ཉན་འཇོག་དང་གྲོས་བསྡུར་བྱས་ཤིང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པར་འབུལ་རྒྱུའི་སྙན་ཞུར་གྲོས་བསྡུར་དང་འབྲེལ་གྲོས་འཆམ་བྱུང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པར་འབུལ་རྒྱུའི་ལས་དོན་གྱི་སྙན་ཞུ་ལ་གྲོས་བསྡུར་དང་འབྲེལ་གྲོས་འཆམ་བྱུང་བ་དང་། 《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག་(དག་བཅོས་འཆར་ཟིན་)》ལ་གྲོས་བསྡུར་དང་འབྲེལ་གྲོས་འཆམ་ཡང་བྱུང་བ་རེད། ཡིག་ཆ་3པོ་འདི་དག་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞིབ་བཤེར་དང་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་ཐག་བཅད་པ་ཡིན། ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་རྒྱུའི་ཆེད་དུ་ཆབ་སྲིད་དང་། བསམ་བློ། རྩ་འཛུགས་བཅས་ཀྱི་ཐད་གྲ་སྒྲིག་གང་ལེགས་བྱས་ཡོད། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་ནན་ཏན་ལེན་པ་དང་དོན་འཁྱོལ་ཏན་ཏིག་བྱས་ནས་ཐུན་མོང་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ལེགས་པར་འཚོག་དགོས།
གཤམ་ལ་ངས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚབ་ཞུས་ནས་བསམ་འཆར་འགའ་འདོན་རྒྱུ་ཡིན།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པར་སྐྱོད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་འཇུག་བྱེད་པའི་འགག་རྩའི་དུས་སུ་སྐོང་འཚོགས་བྱས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་རེད། ཐེངས་འདིའི་ཚོགས་ཆེན་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཕུལ་བའི་སྙན་ཞུར་ཞིབ་བཤེར་བྱ་རྒྱུ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཕུལ་བའི་ལས་དོན་སྙན་ཞུ་ལ་ཞིབ་བཤེར་བྱ་རྒྱུ་ཡིན་ལ། 《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག་(དག་བཅོས་འཆར་ཟིན་)》ལ་གྲོས་ཞིབ་བྱས་ནས་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་རེད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ལ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་རེ་བ་ཆེན་པོ་བཅོལ་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ཁྱབ་ཏུ་དོ་ཁུར་བྱེད་བཞིན་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ལེགས་པར་འཚོག་རྒྱུ་ནི་ང་ཚོའི་ཐུན་མོང་གི་ཆབ་སྲིད་འགན་འཁྲི་ཡིན། ང་ཚོས་འཐུས་མི་ཡོངས་ལ་བརྟེན་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་བརྟེན་ནས་བློ་གཅིག་སེམས་གཅིག་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དེ་དར་ཆ་མཐོན་པོར་སྒྲེང་བ་དང་། སྟོབས་ཤུགས་གོང་བུར་འགྲིལ་བ། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས།
དང་པོ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་ཞིབ་བཤེར་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་འཆར་ཟིན་འགོད་པའི་ལས་ཀའི་ཁྲོད་དུ། ང་ཚོས་ཏང་ནང་གི་དམངས་གཙོ་དར་སྤེལ་གང་ལེགས་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་དུ་བསྟར་བ། གོང་ནས་འོག་བར་དང་འོག་ནས་གོང་བར་ཟུང་འབྲེལ་བྱས་ནས་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་ཏེ། ཏང་ཡོངས་ཀྱི་བློ་གྲོས་གཅིག་བསྡུས་དང་མི་དམངས་ཀྱི་འདོད་བློ་མཚོན་པར་བྱས་ཡོད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་སྙན་ཞུའི་མ་ཟིན་ལ་ཡང་བསྐྱར་གྲོས་བསྡུར་གཏིང་ཟབ་བྱས་པ་རེད། ཚང་མས་དེ་ནི་ཅུང་འཐུས་སྒོ་ཚང་བའི་ཡིག་ཆ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། སྙན་ཞུའི་མ་ཟིན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་མཐར་ཕྱིན་བསྟར་བ་དང་། རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་ལ་དབྱེ་ཞིབ་བྱས་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བརྗོད་དོན་གཙོ་བོ་བཏོན་པ། འདས་ཟིན་པའི་ལོ་5ཡི་ལས་དོན་དང་དུས་རབས་གསར་པའི་ལོ་10ཡི་འཕོ་འགྱུར་རླབས་པོ་ཆེ་ཕྱིར་དྲན་དང་ཕྱོགས་བསྡོམས་བྱས་པ། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ཡུལ་ཁམས་གསར་པ་བཏོད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ་སོགས་ཀྱི་གནད་དོན་གལ་ཆེན་རྒྱས་བཤད་གནང་བ་བཅས་བྱས་ཡོད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་སྤེལ་གཏོང་བར་འཐབ་ཇུས་ཀྱི་ཇུས་འགོད་བྱས་པ་དང་། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པར་སྤྱི་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞིའི་”འཐབ་ཇུས་ཀྱི་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་གཏན་འཁེལ་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག ། ང་ཚོས་འཐུས་མི་ཡོངས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེན་པོར་བརྟེན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་ལ་དམིགས་ནས། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་པ་དང་། གྲོས་བསྡུར་ནང་ནན་ཏན་ཞུགས་པ། ཕྱོགས་ཡོངས་ནས་སྙན་ཞུའི་མ་ཟིན་ནང་བཏོན་པའི་དགོངས་པ་གལ་ཆེན་དང་། ལྟ་བ་གལ་ཆེན། འཐབ་ཇུས་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་ཁོང་དུ་ཆུད་པར་བྱེད་པར་སྣེ་ཁྲིད་བྱེད་དགོས། བསམ་གཞིག་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག་བསམ་འཆར་དང་གྲོས་འགོ་བཏོན་ནས་ཐུན་མོང་ཐོག་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་དེ་ཏང་ཡོངས་ཀྱི་བློ་གྲོས་གོང་བུར་འགྲིལ་བ་དང་། མི་དམངས་ཀྱི་འདོད་བློ་མཚོན་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་དུ་སྤེལ་བར་ཁྲིད་སྟོན་གྱི་ནུས་པ་གལ་ཆེན་ལྡན་པ། རྒྱལ་སྤྱིའི་སྤྱི་ཚོགས་སུ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་དགོས།
གཉིས་པ། ཀྲུང་དབྱང་སྒྲིག་ཨུའི་ལས་དོན་སྙན་ཞུ་ལ་ཞིབ་བཤེར་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་མ་ཟིན་སྐོར་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་མ་འཚོག་གོང་རྒྱ་ཁྱབ་ཏུ་བསམ་འཆར་བསྡུ་ལེན་བྱས་པ་དང་། ཚང་འཛོམས་གྲོས་ཚོགས་འཚོག་རིང་གྲོས་བསྡུར་གང་ལེགས་བྱས་པའི་རྨང་གཞིའི་ཐོག་བཟོ་བཅོས་བརྒྱབ་ཡོད། ལས་དོན་སྙན་ཞུའི་མ་ཟིན་ནང་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག། རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བའི་ལག་ལེན་འཚོལ་ཞིབ་དང་གྲུབ་འབྲས་གལ་ཆེན་ཐོག་ནས་ཏང་གིས་ནམ་ཡང་ལམ་དུ་ཡོད་པའི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་མཚོན་པ་དང་། ཏང་གི་རང་ངོས་གསར་བརྗེས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱེད་པའི་དོན་སྙིང་གལ་ཆེན་གསལ་སྟོན་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག། ང་ཚོས་འཐུས་མི་ཡོངས་ལ་ལས་དོན་སྙན་ཞུར་ཞིབ་བཤེར་ཡག་པོ་བྱ་རྒྱུའི་ཁྲིད་སྟོན་བྱས་ཏེ་དུས་བབ་གསར་པའི་འོག་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དཀའ་ཚེགས་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་རྒྱུན་སྲིང་དམག་འཐབ་ཀྱི་ཡིད་ཆེས་ཆེ་རུ་བཏང་སྟེ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་བཏང་ནས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་ཁྲིད་སྟོན་བྱེད་དགོས།
གསུམ་པ། ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་དགོས། ཏང་ནང་ཁུལ་གྱི་ཁྱབ་ཁོངས་ངེས་ཅན་ནང་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ་མ་ཟད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་བསྡུར་དང་བཟོ་བཅོས་ནན་ཏན་བྱས་པ་བརྒྱུད་ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱི་མ་ཟིན་གྱིས་ཏང་ཡོངས་ཀྱི་འདོད་བློ་མཚོན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ཀྱི་གྲུབ་འབྲས་མཚོན་ཡོད། ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་གྲོས་ཞིབ་གནང་རྒྱུར་འབུལ་སྐབས། ང་ཚོས་འཐུས་མི་ཡོངས་ལ་ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་རྒྱག་པའི་ལས་ཀའི་རྩ་དོན་ལ་གོ་བ་གཏིང་ཟབ་ལེན་པར་སྣེ་ཁྲིད་བྱེད་པ་དང་། ཏང་གི་སྒྲིག་ཡིག་སྤྱིའི་ཆ་ནས་བརྟན་བརླིང་ཡོང་བ་མཐའ་འཁྱོངས་བྱེད་པ། ངེས་པར་དུ་ཡོ་བསྲང་བྱེད་དགོས་པ་དང་ཏང་ནང་ཁུལ་དུ་ཡོངས་ཁྱབ་ཏུ་ངོས་འཛིན་གཅིག་མཐུན་བྱུང་བའི་ནང་དོན་ཁོ་ནར་བཟོ་བཅོས་རྒྱག་པ། བཟོ་བཅོས་རྒྱག་ནའང་ཆོག་པ་དང་མ་རྒྱག་ནའང་ཆོག་པ་རྣམས་བཟོ་བཅོས་མ་རྒྱག་པ་དང་། ལེགས་འགྲུབ་མ་བྱུང་བའི་བསམ་འཆར་རྣམས་བཟོ་བཅོས་མ་རྒྱག་པ་མ་ཟད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་བཏོན་པའི་དགོངས་པ་གལ་ཆེན་དང་། ལྟ་བ་གལ་ཆེན། འཐབ་ཇུས་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་ནང་འོས་འཚམ་གྱིས་མཚོན་པར་བྱས་ཏེ། བཟོ་བཅོས་བརྒྱབ་རྗེས་ཀྱི་ཏང་གི་སྒྲིག་ཡིག་དེ་གནས་བབ་གསར་པ་དང་ལས་འགན་གསར་པས་ཏང་གི་ལས་དོན་དང་ཏང་གི་འཛུགས་སྐྲུན་ཐད་བཏོན་པའི་བླང་བྱ་གསར་པ་དང་འཚམ་པར་བྱས་ཡོད།
བཞི་པ།“ཨུ་ལྷན་གཉིས་”ཀྱི་འདེམས་བསྐོའི་ལས་དོན་ཡག་པོ་བསྒྲུབ་དགོས། སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ལས་འགན་གལ་ཆེན་ཞིག་རེད། ཀྲུང་དབྱང་གི་འགོ་ཁྲིད་ཚན་པ་ཡག་པོ་ཞིག་འདེམས་བསྐོ་བྱ་རྒྱུ་དེ་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་། འཛམ་གླིང་གི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་ལ་གཅིག་འདོམས་དང་། ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་སྒོ་ནས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་། གོ་སྐབས་གསར་པ་སྐྲུན་པ། རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་པར་མཚོན་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཏང་གི་སྐབས་ཉི་ཤུ་པའི་“ཨུ་ལྷན་གཉིས་”ཀྱི་འདེམས་སྒུག་པའི་གྲ་སྒྲིག་འོས་མིའི་གྲོས་འགོའི་མཚན་ཐོ་ཐོན་པའི་བརྒྱུད་རིམ་སྐོར་ངས་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ངས་བློ་མཐུན་རྣམས་ལ་གསལ་བཤད་བྱས་ཡོད། མིང་ཐོ་འདི་ནི་ཏང་ནང་གི་དམངས་གཙོ་དར་སྤེལ་གང་ལེགས་དང་། ཕྱོགས་ཡོངས་ནས་རྟོག་ཞིབ་གཏིང་ཟབ། ཕྱོགས་གང་ཅིའི་བསམ་འཆར་ཉན་འཇོག་ནན་ཏན་བཅས་བྱེད་པའི་རྨང་གཞིའི་ཐོག་ཆགས་པ་ཞིག་རེད། འོས་མིའི་ནང་ས་ཁུལ་ཁག་དང་སྡེ་ཚན་ཁག་དང་། འཐབ་ཕྱོགས་ཁག། ལས་རིགས་ཁག་བཅས་ཀྱི་ཏང་གི་སྲིད་འཛིན་རྐང་འཛིན་པ་དང་ཕུལ་བྱུང་འཐུས་མི་གཅིག་སྡུད་བྱས་པ་དང་། བྱང་ཚད་མཐོ་བ་དང་། ཁྱབ་ཚུལ་དོ་མཉམ། གྲུབ་ཚུལ་ལུགས་མཐུན་བཅས་ཡོད་པས་ཏང་ཀྲུང་དབྱང་གི་བླང་བྱ་དང་ལས་བྱེད་པ་དང་མང་ཚོགས་ཀྱི་རེ་སྒུག་དང་མཐུན་པ་དང་། འགོ་ཁྲིད་ཚན་པ་དང་ལས་བྱེད་པའི་དཔུང་ཁག་གི་དོན་དངོས་དང་མཐུན་ཡོད་པ་རེད། ཏང་གི་སྐབས་ཉི་ཤུ་པའི་“ཨུ་ལྷན་གཉིས་”ཀྱི་འདེམས་སྒུག་པའི་གྲ་སྒྲིག་འོས་མིའི་མཚན་ཐོ་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀྲུའུ་ཞི་ཚོགས་པར་གྲོས་ཞིབ་དང་། འཐུས་མི་ཡོངས་ཀྱིས་ནང་མོལ་གྲོས་བསྡུར་དང་འདེམས་བསྐོ་བྱ་རྒྱུར་འབུལ་རྒྱུ་ཡིན། ཚང་མས་“ཨུ་ལྷན་གཉིས་”ཀྱི་འོས་མིའི་ཇུས་གཞིའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཁྱོན་ཡོངས་ཀྱི་བསམ་གཞིག་ལ་ཕྱོགས་ཡོངས་ནས་བསམ་ཤེས་བྱས་ཏེ། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་དམངས་གཙོའི་དབང་ཆ་སྤྱོད་རྒྱུ་དང་། རྩ་འཛུགས་ཀྱི་བཀོད་སྒྲིག་ལ་ལྟ་སྟངས་ཡང་དག་འཛིན་རྒྱུ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། ཆབ་སྲིད་ཀྱི་སྒྲིག་སྲོལ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་བཅས་ནན་སྲུང་བྱེད་རྒྱུ། “ཨུ་ལྷན་གཉིས་”ཀྱི་འོས་མིའི་ནང་མོལ་གྲོས་བསྡུར་དང་འདེམས་བསྐོའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་བཅས་ཀྱི་རེ་བ་ཡོད།
ཐེངས་འདིའི་གྲོས་ཚོགས་ནི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་ཆེས་མཐའ་མ་དེ་ཡིན། ལོ་5ཡི་རིང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བློ་མཐུན་ཚོས་རང་འགན་ནན་སྒྲུབ་དང་། འབད་བརྩོན་ཆེན་པོས་ལས་དོན་སྒྲུབ་ཅིང་། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་ཛ་དྲག་ཅན་དང་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་བཅལ་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་བྱས་རྗེས་གལ་ཆེན་ཕུལ་ཡོད། བློ་མཐུན་ཚོས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་ཀར་རྒྱབ་སྐྱོར་ཤུགས་ཆེན་དང་ལྷག་བསམ་ཟོལ་མེད་ཀྱིས་རོགས་རམ་གནང་བ་དང་། ང་ཚོ་ཐུན་མོང་ཐོག་རྒྱུན་ལྡན་གཏན་ནས་མིན་པ་དང་སྤྱིར་བཏང་གཏན་ནས་མིན་པའི་ལོ་རྒྱུས་ཀྱི་ལམ་བུར་བསྐྱོད་ཅིང་། དཀའ་སྡུག་ཧ་ཅང་ཆེ་བ་དང་དཀའ་ཚེགས་ཤིན་ཏུ་ཆེ་བའི་འབད་བརྩོན་ལ་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་གལ་ཆེན་གསར་པ་ཐོབ་ཡོད། འདིར་ངས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚབ་ཞུས་ནས་ལྷན་རྒྱས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འཚོག་གྲབས་ཡོད་པའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་གསར་པ་བདམས་ཐོན་བྱ་དགོས་ཤིང་། ལོ་ན་གཞོན་ཞིང་འཇོན་ཐང་ལྡན་པའི་ན་གཞོན་ལས་བྱེད་པ་ཕུལ་བྱུང་ཁག་ཅིག་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དུ་ཞུགས་རྒྱུ་དང་། འདིར་བཞུགས་པའི་བློ་མཐུན་ཁ་ཤས་ཕྱིར་འཐེན་བྱ་རྒྱུ་རེད། འདི་ནི་ཏང་གི་བྱ་གཞག་སྔ་འཛིན་ཕྱི་གཏོད་བྱེད་པའི་བླང་བྱ་ཡིན་ལ། རང་བྱུང་ཆོས་ཉིད་ཀྱི་མཚོན་ཚུལ་ཞིག་ཀྱང་རེད། ཕྱིར་བཤོལ་རྒྱག་གྲབས་ཡོད་པའི་བློ་མཐུན་གྱིས་དུས་ཡུན་རིང་པོའི་ནང་ཏང་དང་མི་དམངས་ཀྱི་ཆེད་དུ་དཀའ་སྤྱད་ཀྱིས་ལས་ཀ་བསྒྲུབས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་ཆེད་བྱས་རྗེས་གལ་ཆེན་ཕུལ་ཡོད། ང་ཚོས་བློ་མཐུན་དེ་དག་ལ་བླ་ན་མེད་པའི་གུས་བཀུར་ཞུ་རྒྱུ་ཡིན།
ང་ཚོའི་ཏང་ནི་ཏང་ཡོན་ཁྲི་9600ལྷག་དང་གཞི་རིམ་ཏང་རྩ་འཛུགས་ཁྲི་460ལྷག་ཡོད་པའི་ཏང་ཆེན་པོ་ཞིག་ཡིན་པས། ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་ལས་འགན་ལྗིད་པོ་ཕྲག་ཏུ་འཁུར་ཡོད། ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་པོ་ནི་ང་ཚོས་དོན་ཆེན་སྒྲུབ་པ་དང་བྱ་གཞག་རླབས་པོ་ཆེ་སྐྲུན་པའི་དགེ་མཚན་ཞིག་ཡིན་ལ། ང་ཚོར་ཏང་དང་རྒྱལ་ཁབ་སྐྱོང་བའི་ཐད་དམིགས་བསལ་གྱི་དཀའ་གནད་མང་པོ་ཞིག་ཀྱང་འཕྲད་དུ་བཅུག་ཡོད། འཛམ་གླིང་ཐོག་མི་འབོར་མང་ཤོས་ཡིན་པའི་ང་ཚོའི་རྒྱལ་ཁབ་འདིར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་པར་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ནས་ཏང་གིས་ཐོག་མཐའ་བར་གསུམ་དུ་ཁྱོན་ཡོངས་གཅིག་འདོམས་དང་ཕྱོགས་ཀུན་མཐུན་སྦྱོར་ཡོང་བ་བྱེད་དགོས།
ང་ཚོའི་ཏང་ཡོན་དང་ལས་བྱེད་པ་ལས་གནས་ཐོག་ཡོད་པའམ་ཡང་ན་ལས་གནས་ཐོག་ནས་ཕྱིར་འཐེན་བྱས་ནའང་འདྲ། དུས་ཚོད་གང་འདྲ་ཞིག་དང་། གནས་ཡུལ་གང་འདྲ་ཞིག་ཏུའང་ཚང་མས་ཐོག་མཐའ་བར་གསུམ་དུ་རང་ཉིད་གུང་ཁྲན་ཏང་ཡོན་ཞིག་ཡིན་པ་བློ་ལ་བརྟན་པོར་ངེས་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་དགོས་ལ། ཚང་མས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་སྲུང་སྐྱོང་བྱེད་དགོས་པ་དང་ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་བྱེད་དགོས། གུང་ཁྲན་ཏང་ཡོན་ཚང་མས་“རྒྱལ་ཁབ་ཀྱི་དོན་ཆེན་”ཡིད་ལ་བརྟན་པོར་བཅངས་ཏེ། དུས་ནམ་ཡང་ཏང་ལ་བློ་དཀར་སེམས་དཀར་དང་། ཏང་ལ་དཀའ་སྡུག་མཉམ་འཁུར། ཏང་ལ་འགན་འཁྲི་གཙང་སྒྲུབ། ཏང་ལ་ལེགས་སྐྱེས་འབུལ་བ་བཅས་བྱེད་པ་དང་། ལྟ་བ་གསལ་སྟོན་གྱིས་ཆབ་སྲིད་ལ་དང་དོད་བྱེད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་བཏང་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། གུང་ཁྲན་ཏང་ཡོན་ཚང་མས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་བ་དང་། འགྲོ་ལམ་མི་བསྒྱུར་བ་དང་། ཕུགས་བསམ་མི་འདོར་བ་རྒྱུན་འཁྱོངས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། གུང་ཁྲན་ཏང་ཡོན་ཚང་མས་ཏང་ཡོན་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། ཏང་ཡོན་གྱི་ཁེ་དབང་ཡང་དག་པར་སྤྱོད་པ། རང་རྟོགས་ཀྱིས་ཏང་ཡོན་གྱི་འོས་འགན་ལག་བསྟར། ཏང་གི་སྒྲིག་ཁྲིམས་ནན་སྲུང་། ཏང་གི་སྣང་བརྙན་མཐའ་གཅིག་ཏུ་སྲུང་སྐྱོང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དགོངས་དོན་ལག་བསྟར། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས། སྤྱོད་གཙང་རང་གཅུན་གྱི་ཀུན་སྤྱོད་བཟང་པོ་རྒྱུན་འཁྱོངས། ཐོག་མཐའ་བར་གསུམ་དུ་སེམས་ལ་སྐྲག་ས་ཡོད་པ་དང་། གཏམ་གླེང་ལ་འཛེམ་ཆ་ལྡན་པ། སྤྱོད་ཚུལ་ལ་ཚད་བཀག་ཡོད་པ། རྒྱུན་ཆད་མེད་པར་བློ་ཁ་བརྟན་པོ་དང་། སྡུག་བསྲན་ནུས་པ། རང་གཅུན་ནུས་པ་བཅས་སྦྱོང་བརྡར་བྱས་ནས་དུས་ནམ་ཡང་བློ་གཅིག་སེམས་གཅིག་གིས་སྤྱི་དོན་བསམ་པ་དང་། སྤྱོད་པ་ཚུལ་མཐུན། དྲི་མས་མ་འགོས་པ་བཅས་ཀྱི་མི་ཞིག་བྱེད་དགོས། གུང་ཁྲན་ཏང་ཡོན་ཚང་མས་འཐབ་ཇུས་ཀྱི་རིག་པ་དྭངས་གསལ་སྲུང་འཛིན་དང་། འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ། འཐབ་རྩོད་ཀྱི་བློ་སྟོབས་བརྟན་དུ་གཏོང་བ་བཅས་བྱས་ཏེ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། རླུང་འཚུབ་ཆར་དྲག་གང་འདྲ་ཞིག་དང་རྦ་རླབས་འཇིགས་སུ་རུང་བ་གང་འདྲ་ཞིག་ཡིན་རུང་ཀུན་ལས་རྣམ་པར་རྒྱལ་བ་བྱས་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་གི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་དགོས།
འདིར་ངས་ནན་བཤད་བྱ་རྒྱུ་ནི། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ལམ་ལྷོང་ངང་སྐོང་འཚོག་ཐུབ་པར་འགན་ལེན་བྱེད་ཆེད། ས་ཁུལ་ཁག་དང་སྡེ་ཚན་ཁག་དང་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་དོན་འཁྱོལ་ཏན་ཏིག་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་འཕེལ་རྒྱས་བརྟན་བརླིང་བཅས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པ། ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་གཅིག་གྱུར་འཆར་འགོད་བྱེད་པའི་ལས་དོན་ལེགས་སྒྲུབ་ནུས་ལྡན་བཅས་བྱས་ཏེ་བརྟན་བརླིང་དང་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་ཁབ་བདེ་ཞིང་འབངས་རྣམས་སྐྱིད་པའི་སྤྱི་ཚོགས་ཁོར་ཡུག། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཅས་འབད་བརྩོན་ཆེན་པོས་འཛིན་སྐྱོང་བྱེད་དགོས། མིག་སྔའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་དཀའ་ངལ་རྣམས་ཁྱད་བསད་གང་ཐུབ་བྱས་ཏེ། བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་དངོས་དོན་སྒྲུབ་པ་དང་དོན་བཟང་སྒྲུབ་པ་དང་། ཉེན་ཁ་སྣ་ཚོགས་སྔོན་འགོག་དང་ཚོད་འཛིན་བྱེད་པ། བདེ་འཇགས་ཐོན་སྐྱེད་དམ་འཛིན་བྱེད་པ། སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བྱེད་པའི་ལས་དོན་ཁག་དམ་འཛིན་བྱེད་པ། མི་སེམས་བརྟན་བརླིང་ཡོང་བ་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་ཡོང་བ་བཅས་བྱེད་དགོས། རྒྱུན་འཁྱོངས་ནི་རྒྱལ་ཁ་ཡིན་པས། གཡོ་འགུལ་སྤུ་ཙམ་མེད་པར་སྐབས་བསྟུན་གཙང་བཟོ་བྱེད་པའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། ལྷོད་གཡེང་གི་བསམ་བློ་ཁྱད་བསད། རིམས་ནད་བྱུང་ཚུལ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་གཙོ་གནད་ལས་དོན་དམ་འཛིན་བཅས་བྱས་ཏེ། ཐོབ་དཀའ་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།
བློ་མཐུན་རྣམ་པ་ཚོ། ང་ཚོས་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་དང་། ལས་སྒྲུབ་ཏན་ཏིག། གསར་གཏོད་ཡར་བརྩོན་བཅས་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལེ་ཚན་གསར་པ་གཏོད་པར་འབད་བརྩོན་བྱེད་དགོས།
གནམ་ལྷ་རྒྱལ་གྱིས་བསྒྱུར།