རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་ནས་ཕེབས་ཡོང་བའི་བོད་སྐྱོར་སྨན་བཅོས་རུ་ཁག་ལ་བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མགྲིན་གཅིག་ཏུ་“གུང་ཁྲན་ཏང་གིས་ང་ཚོར་སྨན་པ་བཟང་པོ་སྐྱེལ་འོང་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་”ཞེས་བསྟོད་བསྔགས་བྱེད་ཀྱི་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་དང་རྣམ་པ་ཀུན་ཏུ་བོད་ལྗོངས་ཀྱི་མང་ཚོགས་ཐུགས་སུ་བཟུང་ནས་བོད་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་འཕེལ་རྒྱས་ལ་མཐོང་ཆེན་གནང་། 2015ལོར། སྨན་བཅོས་ཤེས་ལྡན་མི་སྣ་“ཚོགས་སྒྲིག་རྣམ་པའི་”བོད་སྐྱོར་ལས་ཀའི་འགོ་བརྩམས་པ་དང་། དེ་སྔའི་བོད་སྐྱོར་སྨན་བཅོས་ཀྱི་དུས་ཡུན་ཐུང་བ་དང་ཁ་ཐོར་བའི་གནས་བབ་ལ་འགྱུར་ལྡོག་བཏང་སྟེ། གངས་ལྗོངས་ལ་སྨན་པ་འཇོན་ཐང་ཅན་སྔར་ལས་མང་པོ་ཡོད་པར་བྱས་ཤིང་། མང་ཚོགས་ཀྱི་སྒོ་དྲུང་དུ་སྨན་ཁང་སྔར་ལས་མང་པོ་བཙུགས་ཏེ་བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་ལ་སེམས་གཏིང་ནས་སྨན་བཅོས་དམངས་ཕན་གྱི་དྲོད་ཁོལ་ཚོར་དུ་བཅུག་པ་རེད།
ལག་རྩལ་གྱི་རྨོངས་ཆ་སེལ་བ། ནད་བྱུང་དུས་སྨན་བཅོས་བྱེད་ས་ཡོད་པ་ནི་མི་དམངས་མང་ཚོགས་ཀྱི་གཞི་རྩའི་དགོས་མཁོ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁྲལ་བྱེད་སའང་ཡིན། 2018ལོའི་ཟླ་2ཚེས་12ཉིན། གནད་འཕིགས་དབུལ་བྲལ་འགག་སྒྲོལ་གྱི་དམག་འཐབ་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་མཆོག་གིས་ཐུགས་བརྩེ་ཆེན་མོས་བོད་ལྗོངས་ཀྱི་འབྲེལ་ཡོད་ས་ཁུལ་གྱི་འགན་ཁུར་མི་སྣར་“ད་ལྟ་གྲུམ་བུ་ཚིགས་ཆེན་ནད་ཕོག་མཁན་མང་པོ་འདུག་གམ་”ཞེས་བཀའ་འདྲི་གནང་།
གྲུམ་བུ་ཚིགས་ཆེན་ནད་ནི་ས་ཁུལ་རང་བཞིན་གྱི་རུས་ཚིགས་ནད་ཅིག་སྟེ། ཡང་མོ་རྣམས་རྐང་ལག་གི་ཚིགས་རྣམས་སྐྲངས་པ་དང་དབྱིབས་འགྱུར་བ། ལྕི་མོ་རྣམས་ལས་ཀ་སྒྲུབ་ནུས་ཆ་ཤས་སམ་རྦད་དེ་ཤོར་བ་རེད། བོད་ལྗོངས་ནི་སྔོན་གྲུམ་བུ་ཚིགས་ནད་ཆེས་མང་ས་སྟེ། མི་སེར་མང་པོ་ཞིག་ནད་ཀྱིས་དབུལ་པོ་རུ་བསྒྱུར་བ་དང་ནད་ཀྱིས་དབུལ་པོ་བསྐྱར་ལོག་བྱུང་དུ་བཅུག་པ་རེད། “དེང་སང་། གྲུམ་བུ་ཚིགས་ཆེན་ནད་ཆེས་མང་སའི་ཆབ་མདོ་གྲོང་ཁྱེར་གྱི་ལྷོ་རོང་རྫོང་དུའང་ནད་འདི་ཕོག་མཁན་འབོར་ཆེན་བྱུང་བ་ཧ་ཅང་ཉུང་།” 2021ལོའི་ཟླ་10པ་ནས་བཟུང་། ཧྥུ་ཅན་ཞིང་ཆེན་ཅིན་ཅང་གྲོང་ཁྱེར་ཨན་ཧའེ་སྨན་ཁང་གི་བོད་སྐྱོར་སྨན་པ་ཙེན་ཀུའོ་ཆིང་གིས་ལྷོ་རོང་རྫོང་མི་དམངས་སྨན་ཁང་དུ་ཕྱག་ལས་གནང་རིང་། གྲུམ་བུའི་ཚིགས་ཆེན་ནད་ཕོག་མཁན་200ཉེ་བ་ལ་གཤག་བཅོས་བྱས། ཁོང་གིས་ངོ་སྤྲོད་བྱས་དོན། “ཆུ་བརྗེ་བ་དང་། འབྲུ་རིགས་བརྗེ་བ། སེ་གསོ་བ། གནས་སྤར་བ་སོགས་ཀྱི་ཕྱོགས་བསྡུས་ཐེ་གཏོགས་ཐབས་ཤེས་ལ་བརྟེན་ནས། གྲུམ་བུའི་ཚིགས་ཆེན་ནད་ཕོག་ཚད་ཉུང་དུ་ནུས་ལྡན་བཏང་བ་རེད། ཁྱད་པར་དུ་ལོ་འདི་གའི་རིང་། སྨན་བཅོས་ཤེས་ལྡན་མི་སྣ་སྐོར་ཁ་ཤས་བོད་དུ་སླེབས་ཏེ། ནད་དཀྱུས་མའི་རིགས་ལ་རང་ས་ནས་གཤག་བཅོས་བྱེད་ཐུབ་པ་བྱུང་བས་ཡུན་རིང་བསགས་པའི་ནད་པ་མང་པོ་ཞིག་མྱུར་དུ་དྲག་སྐྱེད་ཐུབ་པ་བྱུང་ཡོད།”
“དབྱང་དབུགས་དཀོན་ཡང་སྙིང་སྟོབས་རྒྱས་”ཞེས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་སྐྱོར་ལས་བྱེད་མི་སྣ་ལ་བཅངས་པའི་རེ་བཅོལ་ཡིན་ལ། ཝུའུ་ཧན་སློབ་ཆེན་མི་དམངས་སྨན་ཁང་གི་སྨན་པ་ཆིའུ་པའོ་ཡི་དམ་ཚིག་ཡིན། གྲུམ་བུའི་ཚིགས་ཆེན་ནད་པ་སྐྱོབ་སླད། ཁོང་དང་ཁོང་གི་ཚོགས་པ་བོད་ལྗོངས་ཆབ་མདོ་དང་ལྷོ་ཁ་རུ་བསྐྱོད་པ་དང་། ས་མཐོའི་རྫ་དུག་ལ་མ་འཛེམ་པར་དབྱང་དབུགས་དྲངས་ནས་གཤག་བཅོས་སྟེགས་བུར་བུད་ཅིང་། གཤག་བཅོས་ཀྱི་རྒྱུ་སྤུས་ཁག་ཐེག་བྱས་པ་མ་ཟད། ཉིན་རེར་མང་ཤོས་སུ་གཤག་བཅོས་ཐེངས་5ཙམ་བྱས།
གྲུམ་བུའི་ཚིགས་ཆེན་ནད་མ་ཟད། ལོ་འདི་གའི་རིང་། ཐུམ་འབུའི་ནད་དང་། ལྷན་སྐྱེས་སྙིང་ནད། ལིང་ཏོག་གི་ནད་སོགས་སྔོན་བོད་ལྗོངས་སུ་མནར་གཅོད་ཚད་མེད་གཏོང་བའི་ནད་རིགས་ཀྱང་འགོག་ཐུབ་པ་བྱུང་ཡོད། 2021ལོའི་ལོ་མཇུག་བར། བོད་ལྗོངས་སུ་ནད་རིགས་419བྱུང་ཡང་བོད་རང་སྐྱོང་ལྗོངས་ནས་ཕྱི་ལ་འགྲོ་མི་དགོས་པ་དང་། ནད་རིགས་2413བྱུང་ཡང་ས་ཁུལ་ནས་ཕྱི་ལ་འགྲོ་མི་དགོས་པ། ནད་ཆུང་ངུའི་རིགས་བྱུང་ཚེ་རྫོང་ནས་ཕྱི་ལ་འགྲོ་མི་དགོས་པ་བཅས་བྱུང་ཡོད།
ཤེས་ལྡན་མི་སྣ་དཀོན་པོར་དམིགས་པ། བདེ་ཐང་རོགས་སྐྱོར་ལ་“ཁྲག་འདྲེན་”དགོས་ལ། དེ་བས་ཀྱང་“ཁྲག་བཟོ་”དགོས། “སྤེལ་རོགས་ཁྲིད་གསུམ་”བྱས་ནས་ས་ཆ་དེ་གར་“འཁྱེར་མི་འགྲོ་བའི་”སྨན་བཅོས་རུ་ཁག་ཅིག་འཛུགས་པ་ནི་སྨན་བཅོས་ཤེས་ལྡན་མི་སྣ་“ཚོགས་སྒྲིག་རྣམ་པའི་”བོད་སྐྱོར་ལས་ཀའི་གལ་འགངས་ཆེ་ས་ཞིག་ཡིན།
“ང་ཚོ་བོད་སྐྱོར་བྱེད་པའི་རེ་འདུན་ཆེ་ཤོས་ཤིག་ནི། མི་ག་ཚད་ནད་བཅོས་བྱས་པ་ཙམ་མ་ཡིན་པར། སྨན་བཅོས་ལག་རྩལ་ཡང་མངའ་རིས་མི་དམངས་ལ་སྤྲད་པ་དེ་རེད།” 2015ལོ་ནས་བཟུང་། ཧྲའན་ཞི་ཞིང་ཆེན་གྱིས་སྔ་རྗེས་སུ་“ཚོགས་སྒྲིག་རྣམ་པའི་”བོད་སྐྱོར་སྨན་བཅོས་ཐེངས་8མངའ་རིས་སུ་མངགས། བོད་སྐྱོར་ཆེད་མཁས་པ་170དང་ས་ཆ་དེ་གའི་སྨན་པ་300ལྷག་གིས་རོགས་སྐྱོར་གན་རྒྱ་བཞག་སྟེ། “ཚོགས་པས་ཚོགས་པའི་སྣེ་ཁྲིད།” “ཆེད་མཁས་པས་རྐང་འཛིན་པའི་སྣེ་ཁྲིད།” “དགེ་རྒན་གྱིས་སློབ་མའི་སྣེ་ཁྲིད་པ་”བཅས་ཀྱི་རྣམ་པའི་ཐོག་ནས་“ཡིད་ཆེས་ཆོག་པ་དང་བཀོལ་སྤྱོད་ཆོག་པ། སྡོད་ཐུབ་པ་”བཅས་ཀྱི་ས་ཆ་དེ་གའི་ཤེས་ལྡན་མི་སྣ་རུ་ཁག་ཅིག་སྐྱེད་སྲིང་བྱས་པ་རེད།
རང་གི་སློབ་མ་ཧུའུ་མེ་ལིན་གྱི་ཡར་ཐོན་གླེང་སྐབས། ཧྥུ་ཀྲུའུ་གྲོང་ཁྱེར་སྨན་ཁང་གཉིས་པའི་བོད་སྐྱོར་སྨན་པ་ཉན་ཆི་ཆན་གྱི་གདོང་ལ་སྤྲོ་འཛུམ་གྱིས་ཁེངས་ཡོད། དེ་སྔར། ཁོས་རོགས་སྐྱོར་བྱེད་པའི་ཆབ་མདོའི་མ་བུ་བདེ་སྲུང་ཁང་གི་ནད་ལུགས་ཚན་ཁག་གི་འཁོར་སྐྱོད་ཞན་པས། མངལ་སྐྲན་ལ་བརྟག་ཚེ་མཉམ་ལས་སྨན་ཁང་ལ་མི་འགྲོ་ཐབས་མེད་ཡིན། དཔེ་དབྱིབས་ལེན་པ་དང་ཞིབ་དཔྱད་དུ་སྐྱེལ་བ། དེ་ནས་དཔྱད་འབྲས་སྙན་ཞུ་ཐོན་པ་ལ་མ་མཐའ་ཡང་གཟའ་འཁོར་གཉིས་དང་གཟའ་འཁོར་གསུམ་ཙམ་འགོར་འགྲོ། ད་ལྟ། ཉན་ཆི་ཆན་གྱིས་སྣེ་ཁྲིད་འོག། མ་བུ་བདེ་སྲུང་ཁང་ནད་ལུགས་ཚན་ཁག་གི་ཆ་རྐྱེན་རིམ་བཞིན་འཐུས་ཚང་དུ་སོང་སྟེ། སློབ་མ་ཧུའུ་མེ་ལིན་གཅིག་པུས་མིའི་ནུ་ཏོག་སྐྲན་ནད་དུག་(HPV)ལ་ཞིབ་དཔྱད་ཚད་ལེན་དང་སྙན་ཞུ་འདོན་ཐུབ། ཞིབ་དཔྱད་ཀྱི་དུས་ཡུན་ཉིན་གཉིས་ནས་གསུམ་ལས་མི་འགོར་བར་གྱུར་པས། ཡུལ་དེའི་བུད་མེད་མངལ་སྐྲན་གྱིས་ཟིན་པ་རྣམས་སྔ་ཙམ་ནས་མགྱོགས་པོར་བརྟག་བཅོས་ཐུབ་པ་བྱུང་ཡོད།
རེ་རེ་བཞིན་བསྩལ་བ་དང་གདོང་དང་གདོང་གཏུགས་ནས་བསླབ་པ་ལས་བརྒྱུད་སྤྲོད་བྱས་པ་ནི་གསོ་རིག་གི་ལག་རྩལ་ཡིན་པ་མ་ཟད། དེ་ལས་ཀྱང་“ས་བོན་”དང་རེ་བ་ཡིན། 2022ལོའི་ཟླ་6པའི་བར། རྒྱལ་ཡོངས་ས་ཆ་སོ་སོ་ནས་ཡོང་བའི་“ཚོགས་སྒྲིག་རྣམ་པའི་”བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣ་ཐེངས་7དང་མི་སྣ་1300ལྷག་གིས་བོད་ལྗོངས་ཀྱི་སྨན་པ་རབ་འབྲིང་ཐ་གསུམ་2600ལྷག་སྐྱེད་སྲིང་བྱས་པ་དང་། བོད་ལྗོངས་རིམ་པ་སོ་སོའི་སྨན་ཁང་གིས་ཀྱང་ས་ཆ་དེ་གའི་སྨན་པ་1800ལྷག་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱི་ལས་ཁུངས་ལ་སློབ་སྦྱོང་དུ་བདམས་མངག་བྱས།
ཞབས་ཞུའི་འཚང་ཁ་གཤོང་བ། སྨན་ཁང་གི་ཕྱོགས་བསྡུས་ཆུ་ཚད་ནི་ས་གནས་ཤིག་གི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་འདེགས་སྐྱོར་དང་རྟགས་མཚན་ཡིན། སྨན་བཅོས་ཤེས་ལྡན་མི་སྣ་“ཚོགས་སྒྲིག་རྣམ་པའི་”བོད་སྐྱོར་ནི་ལག་རྩལ་རྐང་འཛིན་པ་མངགས་པ་མ་ཟད། ཕུལ་དུ་བྱུང་བའི་དོ་དམ་མི་སྣའང་མངགས་པས། རོགས་སྐྱོར་ཐོབ་སའི་སྨན་ཁང་ལ་སྔོན་ཐོན་གྱི་དོ་དམ་འདུ་ཤེས་ནང་དུ་འདྲེན་ནས་ཞབས་ཞུའི་གོ་རིམ་ཇེ་ལེགས་སུ་ཕྱིན་ཡོད།
ནག་ཆུ་གྲོང་ཁྱེར་གྱི་རྒྱ་མཚོའི་ངོས་ཀྱི་མཐོ་ཚད་སྨི་4500ཡན་ཟིན། ས་མཐོ་ཞིང་དབྱང་རླུང་དཀོན་པས། ཕྲུ་གུ་དམར་འབྱར་ལ་དབུགས་འཚང་བ་དང་། ཁྲག་དང་དབྱང་དཀོན་པའི་ཀླད་ནད་མཚམས་མཚམས་སུ་འབྱུང་གི་ཡོད། ཏ་ལེན་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་གཉིས་པའི་བྱིས་ནད་ཚན་ཁག་གི་སྨན་པ་ཀྲེན་ཝན་ཆི་ཡིས་རོགས་སྐྱོར་བྱེད་སའི་ནག་ཆུའི་མི་དམངས་སྨན་ཁང་དུ་བྱིས་ནད་ལྕི་མོ་ཁ་ཤས་སྨན་བཅོས་མི་ནུས་པར་སྨན་ཁང་གཞན་དུ་སྤར་དགོས་མོད། ཡིན་ནའང་སྨན་ཁང་ལ་སྨན་ཁང་གཞན་དུ་སྤར་བའི་ཆ་རྐྱེན་མི་འདང་བར་མཐོང་། “བོད་བྱང་ཐང་ས་ཁུལ་གྱི་བྱིས་ནད་ལྕི་མོ་སྐྱོབ་སའི་ལྟེ་གནས་ཡིན་པའི་ཆ་ནས་སྨན་ཁང་གཞན་དུ་སྤར་བའི་ཆ་རྐྱེན་ནི་ངེས་པར་དུ་འཛོམས་དགོས་པ་ཞིག་རེད།” ཀྲེན་ཝན་ཆི་དང་ས་གནས་དེ་གའི་ལས་བྱེད་པ་དག་གིས་ཕྲུ་གུ་དམར་འབྱར་གྱི་མྱུར་སྐྱོབ་རླངས་འཁོར་ལ་སྙོམས་སྒྲིག་ཡང་ཡང་བྱས་ནས་དབུགས་གནོན་དམའ་དྲག་པ་དང་གློག་རྫས་མི་འདང་བ་སོགས་ཀྱི་གནད་དོན་ལ་ཁ་གཏད་འཇལ་ཐབས་ནུས་ལྡན་བཟོས་པས། བྱིས་པ་ནད་ལྕི་མོ་ཅན་མང་པོ་བདེ་བླག་ངང་གནས་སྤར་ཐུབ་པ་བྱུང་ནས་སྲོག་ཉེན་ལས་ཐར།
2019ལོའི་ཟླ་7པར། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གསོ་རིག་སློབ་གླིངགི་ཁོངས་གཏོགས་རུའེ་ཅིན་སྨན་ཁང་གི་སྨན་པ་ལེ་ཧྥེ་གཞིས་ཀ་རྩེ་གྲོང་ཁྱེར་གྱི་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པར་བསྐོས། ས་གནས་དེ་གའི་ནད་པས་ད་དུང་སྔར་བཞིན་ལག་དངུལ་གྱིས་སྨན་ཡོན་སྤྲོད་པ་མཐོང་བས། ལེ་ཧྥེ་ཡིས་“སྨན་བསྟེན་སྟབས་བདེའི་ཞབས་ཞུ་མ་ལག་”བཙུགས་ཏེ། ཆ་འཕྲིན་མྱུར་དུ་ཤེས་ཐུབ་པ་དང་། ནད་པའི་དཀའ་ལས་ཉུང་དུ་བཏང་བ་རེད། ལོ་ཤས་རིང་གི་འབད་བརྩོན་ལ་བརྟེན་ནས། དེང་སང་གཞིས་ཀ་རྩེ་གྲོང་ཁྱེར་གྱི་མི་དམངས་སྨན་ཁང་གི་སྨན་ཡོན་སྤྲོད་སའི་སྒེའུ་ཁང་དང་ཚན་ཁག་ཆ་ཚང་ལ་དྲ་ཐོག་ནས་དངུལ་སྤྲོད་ཐུབ་པ་བཟོས། ཞབས་ཞུའི་ཚོམས་ཆེན་དུ་ཞབས་ཞུའི་འཕྲུལ་ཆས་ལས་བྱང་བུ་བཟོ་བ་དང་། ཐོ་འགོད། དངུལ་སྤྲོད་པ། སྙན་ཞུ་དཔར་བ་སོགས་ཆ་ཚང་སྒྲུབ་ཐུབ། “ལག་མཐིལ་ཐོག་གི་སྨན་ཁང་”ཞེས་པའི་དྲ་ལམ་ཞབས་ཞུའི་མ་ལག་གིས་ནད་དཔྱད་སྔོན་ལ་ཁ་ཆད་བསྒོ་བ་དང་། ནད་དཔྱད་ཁྲོད་དུ་ཁ་པར་ཐོག་ནས་དངུལ་སྤྲོད་པ། ནད་དཔྱད་རྗེས་ལ་སྙན་ཞུ་ལྟ་ཐུབ་པ་བཅས་“གཅིག་འཐུས་རྣམ་པའི་”ཞབས་ཞུ་ཡིས་སྨན་བསྟེན་ས་སྔར་ལས་མགྱོགས་པོ་དང་སྔར་ལས་སྟབས་བདེར་བཟོས་ཡོད།
2021ལོའི་ལོ་མཇུག་བར། ལྷ་ས། གཞིས་ཀ་རྩེ། ལྷོ་ཁ། ཉིང་ཁྲི། ཆབ་མདོ། ནག་ཆུ་བཅས་གྲོང་ཁྱེར་6གི་མི་དམངས་སྨན་ཁང་རྣམས་སྔ་རྗེས་སུ་སྨན་ཁང་རིམ་པ་གསུམ་པ་རབ་ཀྱི་ཁོངས་སུ་ཚུད་པ་དང་། མངའ་རིས་ས་ཁུལ་གྱི་མི་དམངས་སྨན་ཁང་བདེ་བླག་ངང་སྨན་ཁང་རིམ་པ་གསུམ་པ་འབྲིང་གི་ཁོངས་སུ་ཚུད་པས། བོད་ལྗོངས་ཀྱི་སྨན་ཁང་གི་སྨན་བཅོས་དང་དོ་དམ་ཞབས་ཞུའི་ནུས་པ་ཆེས་ཆེར་མཐོར་འདེགས་བྱུང་ཡོད།
གསར་འགོད་པའི་ཟིན་ཐོ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། “ཀྲུང་དབྱང་གིས་བོད་ལྗོངས་ལ་རྒྱབ་སྐྱོར་དང་། རྒྱལ་ཡོངས་ཀྱིས་བོད་ལྗོངས་ལ་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གི་ཐོག་མཐའ་བར་གསུམ་དུ་སྤེལ་བའི་སྲིད་ཇུས་ཡིན་པས། ངེས་པར་དུ་དུས་ཡུན་རིང་པོར་རྒྱུན་འཁྱོངས་དང་ཉམས་མྱོང་ཕྱོགས་བསྡོམས་ནན་ཏན་བྱས་ནས། བོད་སྐྱོར་ལས་ཀའི་གནས་བབ་གསར་པ་ཆགས་པར་བྱེད་དགོས།” སྨན་བཅོས་ཤེས་ལྡན་མི་སྣ་“ཚོགས་སྒྲིག་རྣམ་པའི་”བོད་སྐྱོར་ལས་ཀ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་བ་དང་། བོད་སྐྱོར་བྱེད་ཚད་ཤུགས་ཆེར་གཏོང་ཞིང་། བོད་ལྗོངས་ཀྱི་བྱ་གཞག་ཀུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་གསོན་ཉམས་ལྡན་པའི་མཚོན་བྱེད་རི་མོ་ཞིག་ཡིན། དུས་རབས་གསར་པའི་འཐབ་ལམ་གསར་པའི་ཐོག། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལྡན་པ་དང་། བོད་ལྗོངས་མི་རིགས་ཁག་གི་བུ་དང་བུ་མོ་རྣམས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་། བོད་སྐྱོར་ལས་བྱེད་པ་མང་པོས་འགན་འཁྲི་དང་དུ་ལེན་ཞིང་ལེགས་སྐྱེས་འབུལ་བ་བཅས་བྱས་ན། གངས་ལྗོངས་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་བརྩམ་ཐུབ་ངེས་རེད།
སྒྲོལ་མ་འཚོས་བསྒྱུར།