ཐེངས་འདིའི་ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་ཀྱིས་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་སྒྲིག་གཞི་བདམས་ཐོན་བྱེད་པའི་ལས་འགན་ཡོངས་འགྲུབ་བྱས་པ་རེད། ཏང་དང་མི་དམངས་ཀྱིས་ང་ཚོར་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་མོ་སྤྲད་པ་ནི་ང་ཚོར་ཡིད་ཆེས་ཆེན་པོ་བྱས་པ་དང་རེ་ལྟོས་ཆེན་པོ་འཆང་བ་རང་རེད། ང་ཚོས་ཏང་དང་མི་དམངས་ཀྱི་མངག་བཅོལ་ལྕི་མོ་ཡིད་ལ་བརྟན་པོར་འཆང་བ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་སྟེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་ང་རང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ལ་མུ་མཐུད་བདམས་བྱུང་བས། ངས་སེམས་གཏིང་ནས་འགན་འཁྲི་ལྕི་མོ་ཞིག་ཡིན་པ་ཤེས་ཚོར་ཟབ་མོ་བྱུང་ཡོད། བློ་མཐུན་རྣམས་ཀྱིས་ཡིད་ཆེས་གནང་བ་ནི་ང་རང་གིས་འགན་འཁྲི་ནན་སྒྲུབ་དང་མུ་མཐུད་མདུན་སྐྱོད་བྱེད་པའི་སྒུལ་ཤུགས་ཆེན་པོ་ཡིན། ངས་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་དང་མཉམ་དུ་ཏང་ཡོངས་ཀྱི་བློ་མཐུན་རྣམས་ལ་རྒྱབ་རྟེན་དམ་པོ་བྱེད་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་རྒྱབ་རྟེན་དམ་པོ་བྱས་ཏེ། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་རྩེ་གཅིག་ཏུ་གཞོལ་རྒྱུ་དང་བློ་གཅིག་སེམས་གཅིག་གིས་ལེགས་སྐྱེས་འབུལ་ངེས་ཡིན།
ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་ལོ་5ནི་ཆེས་རྒྱུན་ལྡན་མིན་པ་དང་ཆེས་སྤྱིར་བཏང་མིན་པའི་ལོ་5ཡིན། ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་གི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་གཉིས་ལ་གཅིག་འདོམས་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ། ནུས་ཤུགས་ཡོད་དགུས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བའི་དམིགས་འབེན་དུས་བཀག་ལྟར་དུ་མངོན་འགྱུར་ཡོང་ཆེད་འབད་འཐབ། ཧྲག་དམག་ཡོངས་འཐབ་ཀྱིས་དབུལ་བྲལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་གཅིག་འདོམས། འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས། ཕྱོགས་ཡོངས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་སྐུལ་འདེད། ཏང་ཡོངས་དང་དམག་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་བཅལ་བ། འབད་འབུངས་ཆེར་སྐྱེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་པར་སྐུལ་འདེད་བཅས་བྱས་ཡོད།
ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་དུ་ཐོབ་པའི་གྲུབ་འབྲས་ཆེན་པོ་དང་ཉམས་མྱོང་གལ་ཆེན་དག་གི་ནང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་ཆབ་སྲིད་ཅུས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅས་ཀྱི་བློ་གྲོས་དང་སེམས་ཤུགས་འདུས་ཡོད། ཚང་མས་འགན་འཁྲིར་བློ་དཀར་བ་དང་། ལས་ཀ་ལྷུར་ལེན། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་གནང་སྟེ་རང་ཉིད་ཀྱི་ལས་གནས་སྟེང་གྲུབ་འབྲས་མི་དམན་པ་བཞག་ཡོད། ད་ལྟ་བློ་མཐུན་འགའ་ཞིག་ཀྲུང་དབྱང་གི་འགོ་ཁྲིད་ཀྱི་ལས་གནས་དང་ཁ་བྲལ་ཡང་། ཏང་དང་མི་དམངས་ཀྱིས་ཁོང་རྣམ་པས་བཞག་པའི་མཛད་རྗེས་ཆེན་པོ་སེམས་ལ་འཆང་ངེས་ཡིན། འདིར་ངས་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཁོང་རྣམ་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།
གྲོལ་མ་ཐག་པའི་ཏང་གི་ཚོགས་ཆེན་ཉི་ཤུ་པ་ནི། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པར་བསྐྱོད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་འཇུག་བྱེད་པའི་འགག་རྩའི་དུས་སུ་འཚོགས་པའི་ཤིན་ཏུ་གལ་ཆེ་བའི་ཚོགས་ཆེན་ཞིག་ཡིན་པ་དང་། དར་ཆ་མཐོར་སྒྲེང་དང་། སྟོབས་ཤུགས་གཅིག་སྒྲིལ། མཐུན་སྒྲིལ་ཧུར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཡིན། ཚོགས་ཆེན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས། ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་བཅས་བྱས་ཏེ། རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་ལ་དབྱེ་ཞིབ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བརྗོད་བྱ་གཙོ་བོ་བཏོན་པ། འདས་པའི་ལོ་5ཡི་རིང་གི་ལས་ཀ་དང་དུས་རབས་གསར་པའི་ལོ་10རིང་གི་འཕོ་འགྱུར་རླབས་པོ་ཆེ་ལ་ཕྱིར་དྲན་དང་ཕྱོགས་བསྡོམས། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་གོ་འཕང་གསར་པ་བཏོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ་སོགས་གནད་དོན་ཆེན་པོ་ལ་རྒྱས་བཤད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་བར་འཐབ་ཇུས་ཐོག་ནས་ཇུས་འགོད། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བཅས་བྱས་ཏེ། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཏང་དང་རྒྱལ་ཁབ་བྱ་གཞག་གོང་དུ་སྤེལ་བ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་གཏན་འཁེལ་བྱས་ཡོད།
ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་ནི། ཏང་དང་མི་དམངས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཡིན་པ་དང་། ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཡིན་ལ། མར་ཁེ་སིའི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆའང་ཡིན། ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་ནང་དུ། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་ཀར་ཕྱོགས་བསྡོམས་བྱས་ཡོད་པ་དང་། ཏང་གིས་ནམ་ཡང་བྱེད་བཞིན་པའི་ལམ་ན་ཡོད་པའི་རིག་པ་གསལ་པོ་དང་བློ་རྩ་བརྟན་པོའི་ཐོག་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་བསྟན་ཡོད། ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་ནང་དུ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་གྱི་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ཀྱི་གྲུབ་འབྲས་མཚོན་ཡོད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་གཏན་འབེབས་བྱས་པའི་དགོངས་པ་གལ་ཆེན་དང་། ལྟ་བ་གལ་ཆེན། འཐབ་ཇུས་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་རབ་དང་རིམ་པ་མཚོན་ཡོད་ལ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་བློ་རྩ་བརྟན་པོས་སྐུལ་འདེད་གཏོང་བ། ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་བླང་བྱ་གསལ་པོ་བཏོན་ཡོད།
ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པས་གཏན་འབེབས་བྱས་པའི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པ་ནི་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་གི་ཆབ་སྲིད་ཀྱི་འགན་འཁྲི་ཆེན་པོ་ཡིན། མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་རིང་ང་ཚོས་གཤམ་གསལ་གྱི་ལས་དོན་འགའ་གཙོ་གནད་དུ་བཟུང་ནས་ཡག་པོར་བསྒྲུབ་དགོས།
དང་པོ། རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་གནས་བབ་ལ་ངོས་འཛིན་ཟབ་མོ་བྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཐོག་རིག་པ་གསལ་པོ་ཡོད་པ་མཐའ་འཁྱོངས་བྱེད་དགོས། གནས་བབ་ལ་བརྡར་ཤ་ཡང་དག་པ་ཆོད་པ་ནི་མ་འོངས་ཇུས་འགོད་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་ཐག་གཅོད་པའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཡིན། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཐོག །རང་རྒྱལ་གྱི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་གོ་སྐབས་གསར་པ་དང་། འཐབ་ཇུས་ཀྱི་ལས་འགན་གསར་པ། འཐབ་ཇུས་ཀྱི་དུས་རིམ་གསར་པ། འཐབ་ཇུས་ཀྱི་བླང་བྱ་གསར་པ། འཐབ་ཇུས་ཀྱི་ཁོར་ཡུག་གསར་པ་བཅས་འཕྲད་ཡོད། དུས་ཡུན་རིང་པོར་དཀའ་སྤྱད་འབད་བརྩོན་བྱས་པ་དང་ལྷག་པར་དུ་དུས་རབས་གསར་པའི་ལོ་10ཡི་རིང་འབད་འབུངས་ཆེར་སྐྱེད་བྱས་པར་བརྟེན། ང་ཚོའི་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བ་དང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་ཞིང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པར་བསྐྱོད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་འཇུག་བྱེད་ཀྱི་ཡོད། ལོ་བརྒྱའི་འབད་འཐབ་ལོ་རྒྱུས་བརྒྱུད་པའི་ཀྲུང་གོའི་གུང་ཁྲན་ཏང་འདི་ཉིད་གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་ལས་སྔར་བས་ཞུམ་མེད་སྟོབས་ལྡན་དུ་གྱུར་ཡོད་པ་དང་། ཀྲུང་གོའི་མི་དམངས་ལ་མདུན་སྐྱོད་ཀྱི་སྒུལ་ཤུགས་སྔར་བས་ཆེན་པོ་དང་། འབད་བརྩོན་གྱི་སྙིང་སྟོབས་སྔར་བས་ཆེན་པོ། རྒྱལ་ཁ་འཐོབ་ངེས་ཀྱི་དད་སེམས་སྔར་བས་བརྟན་པོ་བཅས་ཡོད་ལ། ཀྲུང་གོའི་འཕེལ་རྒྱས་ལ་སྔར་ལས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི་དང་། སྔར་ལས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན། སྔར་ལས་རང་དབང་ཆེ་བའི་བསམ་པའི་སྟོབས་ཤུགས་བཅས་འཛོམས་ཡོད་པས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུུུར་བྱེད་པ་དེ་ལྡོག་ཏུ་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་སྐྱེ་སྟོབས་ཀྱི་དཔལ་རྒྱས་ཡོད། དེ་དང་སྦྲགས་ནས་གསལ་པོར་རྟོགས་དགོས་པ་ཞིག་ནི། འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་མགྱོགས་པོར་འབྱུང་བཞིན་ཡོད་པ་དང་། དུས་རབས་རིམས་ནད་ཀྱི་ཤུགས་རྐྱེན་གཏིང་ཟབ་པ། གོ་ལ་ཧྲིལ་པོ་ཅན་ལས་ལྡོག་པའི་བསམ་བློའི་རླབས་རྒྱུན་འཐོན་བཞིན་པ། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། འཛམ་གླིང་དཔལ་འབྱོར་སླར་གསོ་ཡོང་ཤུགས་ཞན་པ། ས་ཁུལ་ཁ་ཤས་སུ་གདོང་ཐུག་དང་དུས་ཟིང་བྱུང་དང་འབྱུང་བཞིན་ཡོད་པ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཛ་དྲག་ཏུ་གྱུར་པ། འཛམ་གླིང་འདི་གཡོ་འགུལ་དང་འཕོ་འགྱུར་གྱི་དུས་སྐབས་གསར་པར་སླེབས་པ། ཕྱི་ཕྱོགས་ཀྱི་ཉེན་ཁ་དང་འགྲན་སློང་ཐོག་མཐའ་བར་གསུམ་དུ་གནས་པ་མ་ཟད་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པ་བཅས་རེད། རང་རྒྱལ་གྱི་སྒྱུར་བཅོས་འཕེལ་རྒྱས་བརྟན་བརླིང་གསུམ་གྱི་མདུན་དུ་གཡོལ་ཐབས་དང་འདོར་ཐབས་མེད་པའི་འགལ་བ་ཟབ་མོ་མི་ཉུང་བ་ཞིག་ལྷགས་ཤིང་། ཏང་འཛུགས་སྐྲུན་དང་ལྷག་པར་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་ལ་ངན་རེངས་རང་བཞིན་དང་མང་ཐོན་རང་བཞིན་གྱི་གནད་དོན་མི་ཉུང་བ་ཞིག་ཡོད། རང་རྒྱལ་གྱི་འཕེལ་རྒྱས་དེ་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་འགྲན་སློང་མཉམ་གནས་དང་། ངེས་གཏན་མེད་པ་དང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བའི་དུས་སྐབས་ཤིག་ཏུ་སླེབས་ཡོད་ལ། “ངང་པ་ནག་པོ་”དང་“བསེ་རུ་སྐྱ་བོ་”ཡི་དོན་རྐྱེན་སྣ་ཚོགས་དུས་དང་རྣམ་པ་ཀུན་ཏུ་ཐོན་ཉེན་ཡོད་ཕྱིར། ཁ་གཏད་འཇལ་དགོས་པའི་ཉེན་ཁ་དང་འགྲན་སློང་དང་། འགོག་སེལ་བྱེད་དགོས་པའི་འགལ་བ་དང་གནད་དོན་སྔར་ལས་ཛ་དྲག་དང་རྙོག་འཛིང་ཆེ་བར་གྱུར་ཡོད། ཏང་ཡོངས་ཀྱིས་འཐབ་ཇུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། རྒྱལ་ཁ་འཐོབ་ངེས་ཀྱི་དད་སེམས་རྒྱུན་འཁྱོངས། ཉམས་ཉེས་དྲན་པའི་འདུ་ཤེས་ཆེ་རུ་སྐྱེད་པ་དང་། མཐའ་ཚད་ཀྱི་བསམ་གཞིག་རྒྱུན་འཁྱོངས། རླུང་འཚུབ་དྲག་པོ་དང་ཐ་ན་འཇིགས་རུང་དྲག་རླབས་ཀྱི་ཚོད་བགམ་ཆེན་པོ་ཐེག་པའི་གྲ་སྒྲིག་བཅས་བྱས་ཏེ། མུ་མཐུད་དུ་དཀའ་བ་དཔག་མེད་སྤྱད་ཅིང་དཔའ་ངར་མདུན་སྐྱོད་བྱེད་དགོས་པ་དང་། བྱ་གཞག་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་ཧུག་ཐག་གིས་གཏོད་དགོས།
གཉིས་པ། ཏང་གི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མུ་མཐུད་མཐོར་འདེགས་གཏོང་དགོས། མར་ཁེ་སིའི་རིང་ལུགས་མེད་ན་ཀྲུང་གོའི་གུང་ཁྲན་ཏང་ཡོད་མི་སྲིད། མར་ཁེ་སིའི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་སློབ་སྟོན་ལྡན་པ་ནི་ཏང་གི་མངོན་གསལ་དོད་པའི་གཤིས་རྒྱུད་དང་ཐུན་མོང་མ་ཡིན་པའི་དགེ་མཚན་ཡིན་པ་དང་། ཏང་གིས་དད་མོས་དང་དད་སེམས་བརྟན་པོར་འཆང་བ་དང་། ལོ་རྒྱུས་ཀྱི་རང་དབང་བདག་ཏུ་བཟུང་བའི་རྩ་བ་གནས་ས་ཡིན། བློ་མཐུན་མའོ་ཙེ་ཏུང་གིས་གསུངས་དོན། “མར་ཁེ་སིའི་རིང་ལུགས་དེ་ངེས་པར་དུ་རང་རྒྱལ་གྱི་བྱེ་བྲག་གི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཐོག་མི་རིགས་ཀྱི་རྣམ་པ་ངེས་ཅན་ཞིག་ལ་བརྟེན་ན་གཞི་ནས་དོན་ཐོག་ཏུ་འཁྱོལ་ཐུབ།” “མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དེ་ཀྲུང་གོའི་ཡུལ་དུས་དངོས་དང་སྦྱར་ནས་སྤྱོད་ཤེས་པར་བྱེད་དགོས།” “མར་ཁེ་སིའི་རིང་ལུགས་དེ་ཀྲུང་གོའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱེད་དགོས་པ་དང་། དེའི་མཚོན་ཚུལ་ཚང་མའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པར་བྱེད་དགོས།” ལོ་བརྒྱའི་འབད་འཐབ་ནང་དུ། ཏང་གིས་ལོ་རྒྱུས་ཀྱི་དུས་སྐབས་རེ་རེའི་ནང་དུས་རབས་དང་འཚམ་པའི་ཚན་རིག་གི་རིགས་པའི་གཞུང་ལུགས་གསར་དུ་བཏོད་ཐོག ། ཏང་དང་མི་དམངས་ཀྱི་བྱ་གཞག་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པར་ཁྲིད་སྟོན་བྱས་ཏེ། ཏང་ཉིད་དུས་གཏན་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་ཐུབ་པ་དང་། དུས་གཏན་དུ་མི་ཕམ་པར་འགྱིང་ངེར་ལངས་ཐུབ་པ་འགན་ལེན་བྱས་ཡོད། ལག་ལེན་ལ་རྫོགས་མཐའ་མེད་ལ་རིགས་པའི་གཞུང་ལུགས་གསར་གཏོད་ལའང་རྫོགས་མཐའ་མེད། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ལེ་ཚན་གསར་པ་མུ་མཐུད་རྩོམ་རྒྱུ་ནི་དེང་རབས་གུང་ཁྲན་ཏང་མིའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་འོས་འགན་ཡིན། ཏང་ཡོངས་ཀྱིས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་གཞིགས་པ་དང་། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་གནས་བབ་དང་ལས་འགན་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་བའི་བླང་བྱ་གསར་པ་དང་བསྟུན་པ། མི་དམངས་དུང་ཕྱུར་མང་པོའི་གསར་གཏོད་རང་བཞིན་ལྡན་པའི་ལག་ལེན་དང་དམ་པོར་སྦྲེལ་བ། ལག་ལེན་ནང་འཕྲད་པའི་གནད་དོན་གསར་པ་དང་། སྒྱུར་བཅོས་འཕེལ་རྒྱས་བརྟན་བརླིང་གསུམ་གྱི་ཐད་གནས་པའི་གཏིང་རིམ་གྱི་གནད་དོན། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་བཞིའི་གནད་དོན། རྒྱལ་སྤྱིའི་གནས་བབ་འགྱུར་ལྡོག་ནང་གི་གནད་དོན་ཆེན་པོ། ཏང་འཛུགས་སྐྲུན་ལ་འཕྲད་པའི་གནད་དོན་འབུར་ཐོན་ཅན་བཅས་ལ་དམིགས་པ་བཅས་ཀྱི་ཐོག་ནས། ཀྲུང་གོའི་དྲི་བ་དང་། འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ། དུས་རབས་ཀྱི་དྲི་བ་བཅས་ལ་རྒྱུན་ཆད་མེད་པར་ལན་འདེབས་དགོས། ལོ་རྒྱུས་ཀྱི་གདེང་ཚོད་དང་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། གནའ་བཟང་དེང་སྤྱོད་དང་རྙིང་འབུད་གསར་འདོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། མར་ཁེ་སིའི་རིང་ལུགས་ཀྱི་དགོངས་པའི་སྙིང་པོ་དེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་འབྲེལ་མཐུད་ཡོང་བ་དང་། མི་དམངས་མང་ཚོགས་ཀྱིས་རང་རྒྱུད་དུ་ཆགས་ཀྱང་མ་ཚོར་བའི་ཐུན་མོང་གི་རིན་ཐང་ལྟ་བ་དང་མཉམ་འདྲེས་ཡོང་བར་བྱས་ཐོག །དེའི་ནང་དུ་འདུས་པའི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་བསམ་བློ་དང་བློ་གྲོས་དང་། ཆོས་ཉིད་དང་གནས་ལུགས་བརྟག་པའི་བསམ་བློའི་ཐབས་ཤེས། བློ་སྦྱོང་དང་འཇིག་རྟེན་མི་ཆོས་སྐྱོང་བའི་ཀུན་སྤྱོད་ཀྱི་འདུ་ཤེས་བཅས་སྡུད་ལེན་དཔྱིས་ཕྱིན་པ་བྱེད་དགོས་པ་དང་། ཚན་རིག་གི་རིགས་པའི་གཞུང་ལུགས་ལ་ཀྲུང་གོའི་ཁྱད་ཆོས་རྒྱུན་ཆད་མེད་པར་སྣོན་པ་དང་། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ལོ་རྒྱུས་ཀྱི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་བཏང་སྟེ། མར་ཁེ་སིའི་རིང་ལུགས་ཀྲུང་གོ་རུ་རྩ་བ་ཟབ་མོར་ཚུགས་ཐུབ་པ་བྱེད་དགོས། དེ་ཡང་ཀྲུང་གོའི་དོན་དངོས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་དགོས་ཟེར་བ་ནི། མིའི་རིགས་ཀྱི་ཤེས་དཔལ་གྱིས་གསར་སྐྲུན་བྱས་པའི་གྲུབ་འབྲས་དགེ་མཚན་ཅན་ཟུར་དུ་འབུད་དགོས་ཟེར་བ་མ་ཡིན་ཏེ། ཟུར་དུ་འབུད་མི་ཉན་པར་མ་ཟད་ད་དུང་ཧུར་ཐག་གིས་སློབ་སྦྱོང་དང་དཔེ་ལྟ་བྱས་ནས་མིའི་རིགས་ཀྱིས་གསར་སྐྲུན་བྱས་པའི་ཤེས་དཔལ་མཐའ་དག་གིས་རང་ཉིད་ལ་དྲག་ཆས་སྤྲས་དགོས། ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་བསྐྱེད་དགོས་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བསླབས་ནས་ཤེས་པ་དང་གོ་དོན་རྟོགས་པ་དང་དངོས་དོན་གཉེར་བ་བྱས་ཐོག །དེའི་ནང་དཀྱུས་གཅིག་ཏུ་བསྟར་བའི་ལངས་ཕྱོགས་ལྟ་བ་བྱེད་ཐབས་གསུམ་རྒྱུན་འཁྱོངས་ཡག་པོ་དང་བཀོལ་སྤྱོད་ཡག་པོ་བྱས་ཏེ། དགོངས་པ་འདི་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཡོངས་སུ་ལག་བསྟར་དོན་འཁྱོལ་བྱེད་དགོས།
གསུམ་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ་ཁོང་དུ་ཟབ་མོ་ཆུད་པར་བྱས་ཏེ། རང་རྒྱལ་འཕེལ་རྒྱས་ཀྱི་རང་དབང་བདག་ཏུ་ཟིན་པ་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པས་གཏན་འཁེལ་བྱས་དོན། ད་ལྟ་ནས་བཟུང་ཀྲུང་གོའི་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་ཚར་བར་བྱེད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་དུ་ཡུན་རིང་འཚོལ་ཞིབ་དང་ལག་ལེན་བྱས་པའི་རྨང་གཞིའི་ཐོག །ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་གསར་གཏོད་དང་ཐོད་རྒལ་བྱུང་བ་བརྒྱུད་དེ། ང་ཚོའི་ཏང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བདེ་བླག་ངང་སྐུལ་འདེད་བཏང་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་ཏེ། དེར་རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ཐུན་མོང་གི་ཁྱད་ཆོས་ལྡན་ལ། རྒྱལ་ཁབ་རང་གི་གནས་ཚུལ་གཞི་རྩར་བྱས་པའི་ཀྲུང་གོའི་ཁྱད་ཆོས་དེ་བས་ཀྱང་ལྡན་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ཚན་རིག་དང་མཐུན་པར་སྙིང་བསྡུས་བྱས་ཡོད། དེ་ནི་ཏང་གིས་རང་རྒྱལ་དང་འཛམ་གླིང་གི་རྒྱལ་ཁབ་གཞན་པའི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཕྱོགས་བསྡོམས་ཟབ་མོ་བྱས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ཡིན་པ་དང་། རང་རྒྱལ་འདི་ལྟ་བུའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་གིས་ཇི་ལྟར་བྱས་ནས་དེང་རབས་ཅན་མངོན་འགྱུར་གང་མགྱོགས་བྱེད་རིམ་ནང་ངོས་ཟིན་མུ་མཐུད་ཟབ་མོར་བྱུང་བ་དང་། འཐབ་ཇུས་མུ་མཐུད་འཐུས་ཚང་དུ་འགྲོ་བ། ལག་ལེན་མུ་མཐུད་ཕུན་སུམ་ཚོགས་སུ་འགྲོ་བ་བཅས་བྱས་ནས་ཆགས་པའི་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་ཉིང་བཅུད་ཡིན་པས། ང་ཚོས་གོ་བ་ཟབ་མོ་བླངས་པ་དང་ནང་བྱན་ཆུད་པ་བྱེད་དགོས་པ་དང་། ལྷག་པར་དུ་ངོ་བོའི་བླང་བྱ་དེ་ལས་ཀ་སོ་སོའི་ནང་དོན་འཁྱོལ་བྱེད་དགོས། ཏང་ཡོངས་ཀྱིས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ལུགས། གཞི་རྩའི་ཇུས་གཞི་ཆེན་མོ་བཅས་རྒྱུན་འཁྱོངས་དང་། འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་བ། རང་བཙན་རང་བདག་དང་རང་སྟོབས་རང་སྤེལ་བྱ་རྒྱུ་རྒྱུན་འཁྱོངས། འགྲོ་ལམ་མི་བསྒྱུར་ཅིང་ཕུགས་བསམ་མི་འདོར་བར། བཀག་སྡོམ་རེངས་གྱུར་གྱི་ལམ་རྙིང་དུ་མི་སྐྱོད་པ་དང་། དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུ་མི་སྐྱོད་པ་རྒྱུན་འཁྱོངས། བློ་བརྟན་འགྱུར་མེད་ཀྱིས་རང་ཉིད་ཀྱི་འགྲོ་ལམ་དུ་ཡག་པོར་སྐྱོད་པ། གཡེང་བ་མེད་པར་རང་ཉིད་ཀྱི་དོན་དག་ཡག་པོར་སྒྲུབ་པ། རྒྱལ་ཁབ་དང་མི་རིགས་ཀྱི་འཕེལ་རྒྱས་དེ་རང་ཉིད་ཀྱི་སྟོབས་ཤུགས་གནས་གཞིའི་སྟེང་འཇོག་རྒྱུ་རྒྱུན་འཁྱོངས། ཀྲུང་གོ་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་ཟིན་རྒྱུ་རྒྱུན་འཁྱོངས་བཅས་བྱེད་དགོས། འཛམ་གླིང་གི་མིག་རྒྱང་ཆེ་རུ་བསྐྱེད་པ་དང་། སྒྱུར་བཅོས་སྒོ་འབྱེད་རྒྱུན་འཁྱོངས། འཛམ་གླིང་རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ལེགས་གྲུབ་ཉམས་མྱོང་མཐའ་དག་སློབ་སྦྱོང་དང་དཔེ་ལྟ་བྱས་ཏེ། སྤེལ་རེས་དང་སྦྱོང་རེས་བྱེད་པའི་ཐོག་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཀྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་མུ་མཐུད་ཆེ་རུ་གཏོང་དགོས།
བཞི་པ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བཀོད་སྒྲིག་ཁག་ལག་བསྟར་ཏན་ཏིག་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་ཤུགས་རྒྱག་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུ་ནི་“ལྔ་ཚན་བཅུ་བཞི་པ་”དང་ཐ་ན་དེ་ལས་རིང་བའི་དུས་སྐབས་ནང་རང་རྒྱལ་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་བརྗོད་བྱ་གཙོ་བོ་ཡིན་པ་དང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། མ་འོངས་པའི་ལོ་5ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བཀོད་སྒྲིག་ལྟར་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་འགོ་རྩོམ་པའི་གནད་འགག་གི་དུས་སྐབས་ཤིག་ཡིན། ཏང་ཡོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུའི་བརྗོད་བྱ་གཙོ་བོར་འདིར་རྩེ་གཅིག་ཏུ་དམིགས་ཏེ། སྔར་ལས་ལྷག་པའི་སྒོ་ནས་“ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། ཆ་ཚང་བ་དང་ཡང་དག་པ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་བརྒྱུད་རིམ་ཡོངས་དང་ཁྱབ་ཁོངས་ཁག་ཏུ་དོན་འཁྱོལ། དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བའི་འཕེལ་རྒྱས་ཀྱི་གནད་དོན་འཕྲལ་མར་ཐག་གཅོད། གསར་གཏོད་འཕེལ་རྒྱས་དང་། མཐུན་སྦྱོར་འཕེལ་རྒྱས། ལྗང་མདོག་འཕེལ་རྒྱས། སྒོ་འབྱེད་འཕེལ་རྒྱས། མཉམ་སྤྱོད་འཕེལ་རྒྱས་བཅས་མཐུན་སྦྱོར་ངང་སྐུལ་འདེད། ཤུགས་བཏོན་ནས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་བཅས་བྱེད་དགོས། སྒྱུར་བཅོས་ཞེས་པའི་གནད་འགག་གི་ཐབས་ཤེས་འདི་བཀོལ་སྤྱོད་ཡག་པོ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་སྒྱུར་བཅོས་ཁ་ཕྱོགས་རྒྱུན་འཁྱོངས། སྒྱུར་བཅོས་ཀྱི་མ་ལག་འདུས་གྲུབ་དང་མཐུན་སྦྱོར་ཕྱོད་ཆེ་ལ་ཤུགས་སྣོན། སྒྲིག་སྲོལ་རང་བཞིན་གྱི་བཀག་ཆ་དང་། ལམ་སྲོལ་རང་བཞིན་གྱི་གེགས་ཆ། གསར་གཏོད་རང་བཞིན་གྱི་སྲིད་ཇུས་ཐག་གཅོད་བྱས་པའི་སྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དང་ཟབ་སྤེལ་བཅས་བྱས་ནས། ཁྱབ་ཁོངས་གཙོ་བོ་དང་གནད་འགག་ལྷུ་ཚིགས་སུ་ཐོད་རྒལ་གསར་པ་ཡོང་བར་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པས་རྒྱལ་ཁབ་ཕྱི་ནང་གི་འཕེལ་ཕྱོགས་སྟངས་འཛིན་བྱས་ཏེ། སློབ་གསོ་དང་ཚན་རྩལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་དང་། ཁྲིམས་སྐྱོང་འགན་སྲུང་། རྒྱལ་ཁབ་བདེ་འཇགས་བཅས་ཀྱི་ལས་ཀ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བཀོད་པའི་ནང་གི་གལ་ཆེ་སར་བཞག་ཡོད། ང་ཚོས་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་དུ་འཛིན་པ་དང་། ཚན་རྩལ་ནི་ཐོན་སྐྱེན་ནུས་ཤུགས་ཨང་དང་པོ་ཡིན་པ་དང་། ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ་ཡིན་པ། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་ཡིན་པ་བཅས་རྒྱུན་འཁྱོངས། ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་མུ་མཐུད་དུ་སྐྲུན་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་དུ་སྐྱོད་རྒྱུ་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན། ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་ཕྱོགས་སོ་སོའི་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད། ཁྲིམས་སྐྱོང་གི་རྨང་གཞི་སྲ་བརྟན་གཏོང་བ་དང་། སྔོན་དཔག་བརྟན་པོ་བཟོ་བ། ཕུགས་ལ་ཕན་པ་བཅས་ཀྱི་འགན་སྲུང་གི་ནུས་པ་སྔར་ལས་ལེགས་པར་འདོན་སྤེལ་བཅས་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བསྟར་བ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཕྱོགས་ཀུན་དང་བརྒྱུད་རིམ་ཡོངས་སུ་ཁྱབ་པར་བྱས་ཏེ། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ཡོང་བ་འགན་ལེན་བྱེད་དགོས།
ལྔ་པ། ཕྱོགས་ཡོངས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱས་ཏེ། ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། མི་དམངས་ཡོངས་རྫོགས་ཐུན་མོང་ཕྱུག་འགྱུར་ཡོང་བར་བྱེད་པ་དེས་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་དང་། ངོ་བོ་དང་དགོངས་དོན་བཅས་རྩ་བའི་ཆ་ནས་མཚོན་ཡོད་པ་དང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མཚོན་ཡོད་ལ། མི་དམངས་ཡོངས་རྫོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྐུལ་སློང་བྱེད་པར་ཕན་ཐོགས་ཡོད་པ་དང་། ཏང་གི་གོང་བུར་འགྲིལ་ཤུགས་དང་། བློ་ཁ་ཕྱོགས་ཤུགས། འབོད་སྐུལ་བྱེད་ཤུགས་བཅས་ཆེ་རུ་བསྐྱེད་པར་ཕན་ཐོགས་ཡོད། ངོས་ཟིན་ཟབ་མོ་རྙེད་དགོས་པ་ཞིག་ནི། མི་དམངས་ཡོངས་རྫོགས་ཐུན་མོང་ཕྱུག་འགྱུར་ཡོང་བར་བྱེད་པ་ནི་ཡུན་རིང་གི་ལོ་རྒྱུས་བརྒྱུད་རིམ་ཞིག་ཡིན་པས། བྱེད་ཐེངས་གཅིག་གིས་འགྲུབ་ཐུབ་པ་ཞིག་མ་ཡིན་པར། ངེས་པར་དུ་ལོ་རྒྱུས་ཀྱི་ངང་རྒྱུད་རིང་པོ་མཐའ་འཁྱོངས་དང་འབད་བརྩོན་ལྷོད་མེད་བྱེད་དགོས་པ་དེ་ཡིན། ཏང་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བཀོད་སྒྲིག་ལྟར་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་སྔར་བས་ལག་ལེན་མཐར་ཕྱིན་བསྟར་བ་དང་། མི་དམངས་ཡོངས་རྫོགས་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་སྔར་བས་འབུར་དུ་ཐོན་པའི་གོ་གནས་སུ་འཇོག་པ། གང་ནུས་དེ་སྒྲུབ་དང་འཁོག་དཔལ་ལས་སྒྲུབ་རྒྱུན་འཁྱོངས། གོམ་པ་རིམ་བགྲོད་དང་བརྩོན་པ་རྒྱུན་ཆགས་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་ཐུན་མོང་ཕྱུག་འགྱུར་ཡོང་བའི་ཐད་ལ་སྔར་བས་མངོན་གསལ་དོད་པའི་འཕེལ་སྐྱེད་དོན་ལྡན་འཐོབ་པར་སྐུལ་འདེད་གཏོང་དགོས། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་། ས་ཁོངས་ཀྱི་གནད་ཆེའི་འཐབ་ཇུས། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་བར་དང་ས་ཁོངས་ཁག་བར་གྱི་འཕེལ་རྒྱས་དང་ཡོང་འབབ་ཀྱི་ཧེ་བག་རྒྱུན་ཆད་མེད་པར་ཇེ་ཆུང་དུ་བཏང་ནས། འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་། མཐུན་སྦྱོར་རང་བཞིན། ཁོང་ཡངས་རང་བཞིན་བཅས་ཆེ་རུ་གཏོང་དགོས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ལ་ཤུགས་སྣོན་རྒྱག་པ་དང་། མི་དམངས་ཀྱི་སེམས་ཁུར་ཆེ་ཤོས་དང་བདེ་རྩར་ཐུག་ཤོས་དང་ཉེ་བར་མཁོ་ཤོས་བཅས་ཡིན་པའི་ཁེ་ཕན་གྱི་གནད་དོན་དམ་པོར་འཛིན་པ། ཐོག་མའི་བགོ་བཤའ་དང་། ཡང་བསྐྱར་བགོ་བཤའ། བགོ་བཤའ་ཐེངས་གསུམ་པ་བཅས་ཀྱི་མཐུན་སྦྱོར་ཆ་འགྲིག་གི་ལམ་ལུགས་མ་ལག་འཛུགས་པ་དང་། དམངས་ཡོངས་ལ་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད། དྲང་སྙོམས་གཅིག་གྱུར། བདེ་འཇགས་ཚད་ལྡན། རྒྱུན་མཐུད་ཐུབ་པ་བཅས་ཀྱི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུ་འདྲ་མཉམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་སྔར་བས་མང་བ་དང་སྔར་བས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་རྫོགས་ལ་ཕན་པའི་གསོས་སུ་བསྒྲུབ་དགོས། མང་ལས་མང་ཐོབ་རྒྱུན་འཁྱོངས་དང་། ལས་བརྩོན་ཕྱུག་འགྱུར་ལ་བསྔགས་སྐུལ། མང་ཚོགས་ཀྱི་ལས་ཞུགས་ནུས་པ་དང་ཕྱུག་སྒྱུར་དང་ཕྱུག་སྒྱུར་སྣེ་ཁྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། བདེ་སྐྱིད་འཚོ་བ་ནི་འབད་བརྩོན་ལ་བརྟེན་ནས་འབྱུང་བ་དང་། ཐུན་མོང་ཕྱུག་འགྱུར་ནི་དཀའ་སྤྱད་ངལ་རྩོལ་དང་བློ་གྲོས་ལ་བརྟེན་ནས་སྐྲུན་དགོས་པའི་སྤྱི་ཚོགས་དར་སྲོལ་ཆགས་པར་སྐུལ་འདེད། “ཡོང་འབབ་འབྲིང་རིམ་གྱི་རྙི་དོང་”དང་“ཕན་བདེ་རིང་ལུགས་ཀྱི་རྙི་དོང་”དུ་ལྷུང་བ་བཀག་འགོག་ཤུགས་ཆེན་བཅས་བྱེད་དགོས། གོ་སྐབས་དྲང་སྙོམས་ཡོང་བར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཀྱི་དྲང་སྙོམས་དང་དྲང་བདེན་སྲུང་སྐྱོང་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཡར་བརྩོན་གྱི་འཁོར་རྒྱུག་འགྲོ་ལམ་བདེ་བགྲོད་ཡོང་བ་བྱེད་པ། ཁེ་ཕན་སྲ་འགྱུར་གྱི་སྒོ་ར་གཏོར་བ། དྲང་སྙོམས་འགྲན་རྩོད་ཀྱི་ཁོར་ཡུག་ཡག་པོ་སྐྲུན་པ། མི་དམངས་འདྲ་མཉམ་ངང་ཐེ་ཞུགས་དང་འདྲ་མཉམ་ངང་འཕེལ་རྒྱས་ཡོང་བའི་ཁེ་དབང་འགན་ལེན་བཅས་བྱས་ཏེ། མི་ཚང་མར་རང་ཉིད་འཕེལ་རྒྱས་ཡོང་བ་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བའི་གོ་སྐབས་ལྡན་པ་དང་། མི་ཚེའི་གཟི་དཔལ་སྤྲོ་བའི་གོ་སྐབས་ཐུན་མོང་དུ་ལྡན་པ་དང་། ཕུགས་འདུན་མངོན་དུ་འགྱུར་བའི་གོ་སྐབས་ཐུན་མོང་དུ་ལྡན་པ་བཅས་བྱེད་དགོས།
དྲུག་པ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཐད་ལ་ཕན་འབྲས་གསར་པ་འཐོབ་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ང་ཚོའི་ཏང་ནི་འཛམ་གླིང་གི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཆེ་ཤོས་ཡིན་པ་དང་། ཆེ་ན་ཆེ་བའི་ཉམས་འགྱུར་ལྡན་དགོས་པ་དང་། ཆེ་ན་ཆེ་བའི་དཀའ་ངལ་ཡང་ཡོད་པ་རེད། ནན་སྐྱོང་དང་ནན་བཅོས་བྱས་ན། ད་གཟོད་ཏང་ཆེན་པོར་ལྡན་དགོས་པའི་རྟུལ་ཞུགས་རྒྱུན་འཁྱོངས་བྱེད་ཐུབ་པ་དང་། ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་ཐུབ། ལོ་10ཡི་རིང་ཞུམ་མེད་འབད་འཐབ་བྱས་པ་བརྒྱུད་དེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཐད་ལ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཐོབ་ཡོད་པ་དང་། མི་དམངས་མང་ཚོགས་ཀྱིས་སྒོ་ཀུན་ནས་ཁས་ལེན་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག །གསལ་པོར་རྟོགས་དགོས་པ་ནི། ཏང་ནང་གི་གཏིང་རིམ་གནད་དོན་ཁ་ཤས་ད་དུང་རྩ་བ་ནས་ཐག་གཅོད་བྱེད་ཐུབ་མེད་པ་དང་། གནད་དོན་རྙིང་པ་ཁ་ཤས་ཐོག་མཐའ་བར་གསུམ་དུ་བསྐྱར་ལོག་དང་ལྟག་ལོག་འབྱུང་སྲིད་པ། ལྷོད་ཡངས་ཅུང་ཟད་བྱས་ན་རོ་ལངས་བརྒྱབ་ཡོང་བ། གནད་དོན་གསར་པ་ད་དུང་མུ་མཐུད་དུ་ཐོན་བཞིན་པ། ཏང་གི་མདུན་དུ་ལྷགས་པའི་སྲིད་སྐྱོང་གི་ཉམས་སད་དང་། སྒྱུར་བཅོས་སྒོ་འབྱེད་ཀྱི་ཉམས་སད། ཚོང་རའི་དཔལ་འབྱོར་གྱི་ཉམས་སད། ཕྱི་རོལ་ཁོར་ཡུག་གི་ཉམས་སད་བཅས་ཡུན་རིང་གནས་རྒྱུ་ཡིན་པ། བསམ་པ་བག་མེད་དུ་གཡེང་བའི་ཉེན་ཁ་དང་། འཇོན་ཐང་གིས་མི་འདང་བའི་ཉེན་ཁ། མང་ཚོགས་དང་ཁ་བྲལ་བའི་ཉེན་ཁ། ངན་གོམས་རུལ་སུངས་ཀྱི་ཉེན་ཁ་བཅས་ཡུན་རིང་གནས་རྒྱུ་ཡིན་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་ནི་ནམ་ཡང་བྱེད་བཞིན་པའི་ལམ་ན་ཡོད་པ། ཏང་གི་རང་ངོས་གསར་བརྗེ་ནི་ནམ་ཡང་བྱེད་བཞིན་པའི་ལམ་ན་ཡོད་པ། ཏང་དོ་དམ་དང་ཏང་བཅོས་སྐྱོང་ལ་ལྷོད་གཡེང་སྐད་ཅིག་ཙམ་ཡང་བྱེད་མི་རུང་བ་བཅས་རེད། ངེས་པར་དུ་ནན་པོའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། རྒྱུན་སྲིད་ལྷོད་མེད་ངང་དམ་པོར་འཛིན་དགོས་པ་ལས། ལྷོད་དལ་ངལ་དུབ་བསམ་ཚུལ་གཏན་ནས་ཡོད་མི་རུང་ལ། གཞི་གདངས་ཆག་འགྲོ་བ་དང་འགྱུར་འགྲོ་བའི་ནོར་འཁྲུལ་གྱི་རེ་སྒུག་དེ་བས་བྱེད་མི་རུང་། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བ་དང་འགན་འཁྲི་འཁུར་བར་བསྔགས་སྐུལ་བྱེད་པ་གཉིས་ནི་ནང་གནས་ཀྱི་གཅིག་གྱུར་ཡིན་པ་ལས། ཕན་ཚུན་ཁ་གཏད་དུ་ལངས་པ་མ་ཡིན། ནན་པོ་བྱེད་པ་ནི་ཚང་མ་བཅུན་ཏེ་ཚམ་མེ་ཚོམ་མེད་དང་བག་འཁུམས་པར་འགྱུར་དུ་འཇུག་པ་དང་། ཉབ་བེ་ཉོབ་བེ་དང་བརྩོན་མེད་འབྲས་མེད་ཀྱི་འཁྱིལ་ཆུ་རུལ་བ་ལྟ་བུ་ཞིག་ཏུ་འགྱུར་དུ་འཇུག་པ་མ་ཡིན་པར། ཁ་ཕྱོགས་གསལ་སྟོན་དང་། སྒྲིག་ལམ་འཛུགས་པ། སྤྱོད་ཚུལ་ཡོ་བསྲང་། རིམས་ཐར་ནུས་པ་མཐོར་འདེགས་བཅས་བྱས་པ་བརྒྱུད། སྤྱོད་བཟང་གཞུང་དྲང་གི་ཏང་ནང་གི་ཆབ་སྲིད་སྐྱེ་ཁམས་ཆགས་པ་དང་། ལས་སྒྲུབ་ལས་གཏོད་བྱེད་པར་ཕན་པའི་ཁོར་ཡུག་བཟང་པོ་སྐྲུན་པ། ཏང་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྔར་ལས་ལྷག་པར་སྐུལ་སློང་བཅས་བྱེད་དགོས། ཏང་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བའི་མ་ལག་འཐུས་ཚང་གཏོང་བ། ཕྱོགས་ཡོངས་ནས་ཏང་གི་རང་ངོས་གཙང་སྒྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་མཐོར་འདེགས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ང་ཚོའི་ཏང་གིས་དུས་ནམ་ཡང་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོར་སྲུང་བ་དང་། ང་ཚོའི་ཏང་ཉིད་ནམ་ཡང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་སྟོབས་ལྡན་དུ་འགྱུར་བར་བྱེད་དགོས།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་དགོས་ན། ཏང་གི་སྒྲིག་ཡིག་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱེད་དགོས། ཏང་ཡོངས་ཀྱིས་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་འཛིན་པ་དང་། ཏང་གི་ལོ་རྒྱུས་སྐོར་གྱི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་བྱེད་པའི་ཐབས་ཚུལ་གལ་ཆེན་ཞིག་ཏུ་འཛིན་པའི་ཐོག་ནས། ཏང་གི་སྒྲིག་ཡིག་གི་བླང་བྱ་དེ་ཏང་གི་ལས་ཀ་དང་ཏང་འཛུགས་སྐྲུན་གྱི་ཕྱོགས་ཀུན་དང་བརྒྱུད་རིམ་ཡོངས་སུ་ལག་བསྟར་བྱེད་དགོས།
བློ་མཐུན་རྣམ་པ། ལོ་རྒྱུས་ཀྱི་མཐུད་རྒྱུག་ནི་གཅིག་རྗེས་གཅིག་གིས་མཐུད་ནས་མདུན་དུ་རྒྱུག་དགོས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཀྱང་གཅིག་རྒྱུན་གཅིག་གིས་བཟུང་ནས་མདུན་དུ་སྤེལ་དགོས། འདིར་བཞུགས་ཚང་མ་ནི་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་བདམས་བྱུང་བས། ཏང་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཡིད་ཆེས་དང་མངག་བཅོལ་ལྕི་མོ་ཐེག་ཡོད་པ་དང་། འདི་ནི་བླ་ན་མེད་པའི་གཟི་བརྗིད་ཅིག་ཡིན་ལ། ལས་འགན་ལྕི་མོ་ཞིག་ཀྱང་ཡིན། འདིར་ངས་བླང་བྱ་འགའ་བཏོན་ནས་ལྷན་དུ་འབད་བརྩོན་བྱ་རྒྱུ་ཡིན།
གཅིག་ནི་“རྒྱལ་ཁབ་ཀྱི་དོན་ཆེན་”ཡིད་ལ་བརྟན་པོར་འཆང་དགོས། ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་ཆབ་སྲིད་ཅུས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅས་ནི་སྤྱིའི་ཆ་ནས་མར་ཁེ་སིའི་རིང་ལུགས་ཀྱི་ཆབ་སྲིད་པས་གྲུབ་པ་ཞིག་ཡིན་དགོས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བློ་མཐུན་ཡིན་ཕྱིན་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་ཆེན་པོ་ལྡན་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ལ་འབྲེལ་བ་ཡོད་པ་དང་། མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དོན་ཆེན་ཡིད་ལ་བཅངས་ཏེ། ཏང་ལ་དཀའ་ངལ་སེལ་རོགས་དང་། ཏང་ལ་འགན་འཁྲི་གཙང་སྒྲུབ། ཏང་ལ་ལེགས་སྐྱེས་འབུལ་བ་བཅས་བྱེད་ཐུབ་དགོས། ལྟ་བ་གསལ་སྟོན་གྱིས་ཆབ་སྲིད་ལ་དང་དོད་བྱས་ཏེ། ཆབ་སྲིད་སྟེང་གི་མི་གོ་ཤེས་ཅན་ཞིག་བྱེད་དགོས་པ་དང་། མིག་དཔེ་བསྟན་ནས་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱ་རྒྱུ་དེ་ཆེས་རྩ་བའི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་དུ་བརྩི་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། རྟག་པར་ཏང་ཀྲུང་དབྱང་ལ་ཚད་བསྡུར་བྱེད་པ། བསམ་བློ་དང་ཆབ་སྲིད་དང་བྱ་སྤྱོད་ཀྱི་ཐད་དུ་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པ། ཕྱོགས་འཛོལ་དུས་ཐོག་ཏུ་དག་བཅོས་བྱེད་པ། གཅོག་འཐེན་དང་བབ་བསྟུན་དང་ངོ་བོ་འགྱུར་བ་བཅས་མི་བྱེད་པ། གང་འདོད་དེ་སྒྲུབ་དང་རང་ཐག་རང་གཅོད་གཏན་ནས་མི་བྱེད་པ་བཅས་བྱེད་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཆེ་རུ་སྐྱེད་པ་དང་། རྒྱལ་ཡོངས་བཀོད་པ་གཅིག་ཡིན་པའི་བསམ་བློ་བརྟན་པོར་འཆང་བ། རྩིས་ཆེན་དང་ཕུགས་རིང་གི་རྩིས་རྒྱག་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་ལས། རྩིས་ཆུང་རྒྱག་མི་རུང་བ་དང་མགོ་བདེ་བྱེད་མི་རུང་བར། ས་ཁུལ་དང་སྡེ་ཁག་གི་ལས་ཀ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྤྱི་ཡོངས་ནང་འདྲེས་པར་བྱེད་དགོས་པ་དང་། མི་སྒེར་རིང་ལུགས་དང་། ཁ་ཐོར་རིང་ལུགས། རང་དབང་རིང་ལུགས། རང་གནས་རིང་ལུགས་བཅས་ལ་རང་རྟོགས་ཀྱིས་བཀག་འགོག་དང་ངོ་རྒོལ་བྱེད་དགོས། ཡུལ་དུས་དང་བསྟུན་པ་དང་། དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། བསམ་བློ་གཏོང་བ་དང་། རང་འགུལ་དང་བློ་སྟོབས་ཆེན་པོས་ལྷུར་ལེན། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་སྤེལ་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ནས་འབྲས་བུ་འཐོབ་པར་བྱེད་དགོས་པ་དང་། འབོད་ཚིག་སྟོང་པ་སྒྲོག་པ་དང་། འགྱུར་མེད་ངང་ལག་ལེན་བསྟར་བ། ཁྲལ་མངོན་སླ་བཅོས་བྱེད་པ་སོགས་ཀྱི་འཁྱེར་སོ་ངན་པ་མཐའ་གཅིག་ཏུ་སེལ་དགོས།
གཉིས་ནི་ཕྱོགས་ཡོངས་ནས་འཇོན་ཐང་ཆེ་རུ་གཏོང་དགོས། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པ་དེས་ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པའི་ནུས་པའི་ཐད་དེ་བས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད་པ་དང་། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པའི་བསམ་པའི་འཁྱེར་སོ་དང་། ནུས་པ་དང་བྱང་ཚད། སྤྱོད་ཚུལ་དང་སྣང་བརྙན་བཅས་ཀྱི་ཐད་དེ་བས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བློ་མཐུན་ཚོས་འཇོན་ཐང་གི་འཇིགས་སྣང་སེལ་དགོས་པ་དང་། བསམ་བློའི་སྦྱོང་བརྡར་དང་། རིགས་པའི་གཞུང་ལུགས་ཀྱི་བློ་སྦྱོང་། ཆབ་སྲིད་ཀྱི་ཉམས་མྱོང་། ལག་ལེན་གྱི་སྦྱོང་བརྡར་བཅས་ལ་ཤུགས་སྣོན་བརྒྱབ་ནས། རང་འགན་ལྷུར་ལེན་བྱེད་པར་ཉེ་བར་མཁོ་བའི་ཕྱོགས་གང་ཅིའི་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། ལྷག་པར་དུ་ངན་གོམས་བསམ་གཞིག་སེལ་དགོས་པ་དང་། བསམ་བློ་ལྟ་བ་སྒྱུར་བ་དང་། ཤེས་ཡོན་གྱི་ཞན་ཆ་དང་། ནུས་པའི་ཆད་སྐྱོན། ཉམས་མྱོང་གི་ཞན་ཆ་བཅས་ཁ་གསབ་བྱེད་དགོས་ལ། མགྱོགས་ཚད་དང་སྤུས་ཚད་བར་དང་། འཕེལ་རྒྱས་དང་བདེ་འཇགས་བར། འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོབ་བར། འཕེལ་རྒྱས་དང་རིམས་འགོག་བར་སོགས་ཀྱི་འབྲེལ་བ་ཆེན་པོ་ཐག་གཅོད་མཁས་པོ་བྱེད་དགོས་པ་དང་། ཕུན་སུམ་ཚོགས་པའི་ཤེས་ཡོན་དང་། ཚན་རིག་དང་མཐུན་པའི་ཇུས་བཀོད། མཐའ་ཆོད་པའི་འཇོན་ཐང་། གསར་གཏོད་དང་ལྡན་པའི་བློ་སྟོབས་བཅས་ལ་བརྟེན་ནས་ལས་དོན་ཁག་དམ་འཛིན་ཡག་པོ་བྱེད་དགོས། ཏང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་དང་། ཏང་གི་ཕུལ་བྱུང་བའི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་གཏོང་དགོས། ཉམས་ཉེས་དྲན་པའི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་དྲག་པོ་རྒྱུན་འཁྱོངས་དང་། ཉེན་ཁ་དང་ཉམས་ཉེས་སྣ་ཚོགས་ལ་ཞིབ་འཇུག་བརྡར་གཅོད་བྱེད་ཤུགས་ཆེ་རུ་བཏང་སྟེ། སྔོན་ཇུས་ཡག་པོར་འདིང་བ་དང་། སྔོན་ཚུད་ནས་གྲ་སྒྲིག་བྱེད་པ། རང་འགུལ་དམག་འཁྲུག་ཡག་པོར་རྒྱག་པ། འབར་མདེལ་དུས་ཐོག་ཏུ་གནད་ལ་ཁེལ་བར་གཏོར་བ་བཅས་བྱས་ཏེ། ཉེན་ཁ་འགོག་སེལ་བྱེད་པའི་འདུ་ཤེས་དང་འཇོན་ཐང་ཆེ་རུ་གཏོང་དགོས།
གསུམ་ནི་འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་བསྐྱེད་དགོས། ལོ་རྒྱུས་ཀྱིས་ར་སྤྲོད་ཡང་ཡང་བྱས་དོན། འཐབ་རྩོད་ལ་བརྟེན་ནས་བསྐྲུན་པའི་བདེ་འཇགས་དེ་ནི་ཡུན་དུ་གནས་པ་དང་། འོས་མེད་འགྲིག་ཐབས་ལ་བརྟེན་ནས་བསྐྲུན་པའི་བདེ་འཇགས་དེ་ནི་འཇིག་པར་འགྱུར་བ་ཡིན། འཐབ་རྩོད་ལ་བརྟེན་ནས་བསྐྲུན་པའི་འཕེལ་རྒྱས་དེ་ནི་གོང་དུ་འཕེལ་བ་དང་། འོས་མེད་འགྲིག་ཐབས་ལ་བརྟེན་ནས་བསྐྲུན་པའི་འཕེལ་རྒྱས་དེ་ནི་ཉམས་རྒུད་དུ་འགྲོ་བ་ཡིན། ང་ཚོས་འཐབ་རྩོད་ཀྱི་ལ་རྒྱ་དང་གདེང་ཚོད་ཆེ་རུ་བསྐྱེད་པ་དང་། ལོག་བཤད་ལ་ཡིད་མི་ཆེས་པ་དང་ངན་རེངས་ལ་དཔའ་མི་ཞུམ་པ། དཀའ་གནད་སྒྲོལ་བ་དང་། ཉེན་ཁ་སྔོན་འགོག །འགྲན་སློང་བསུ་བ། གནོན་ཤུགས་ཐེག་པ་བཅས་ཀྱི་བསྒྲིལ་ཤུགས་ཆེན་པོ་ཆགས་པ་བཅས་བྱས་ཏེ། མཐའ་གཅིག་ཏུ་འཐབ་རྩོད་བྱེད་པའི་ནང་འཐབ་ཇུས་ཀྱི་རང་དབང་འཐོབ་པ་བྱེད་དགོས། དེ་དང་ཆབས་ཅིག །སྒྱུར་བཅོས་འཕེལ་རྒྱས་བརྟན་བརླིང་གསུམ་དང་། འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས། ཏང་སྲོལ་སྲིད་གཙང་སོགས་ཀྱི་ཐད་གནས་པའི་འགལ་བ་དང་གནད་དོན་འབུར་ཐོན་ཅན་ལ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱེད་དགོས་པ་ལས། དཀའ་ངལ་ལ་འཚེར་སྣང་སྐྱེ་མི་རུང་བ་དང་། འགལ་བ་ཐུག་དུས་གཟུར་ནས་འགྲོ་མི་རུང་ལ། ཚོན་ལྒང་ལག་བརྒྱུད་ལྟ་བུ་ཡང་བྱེད་མི་རུང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བློ་མཐུན་ཚང་མས་སྣེ་ཁྲིད་དེ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་སེམས་ཁུར་བྱེད་པའི་འགན་འཁྲིའི་འདུ་ཤེས་དང་མདའ་མོ་ལྟོང་སྤྲད་ཀྱི་དམག་འཐབ་གྲ་སྒྲིག་གི་རྣམ་འགྱུར་བཟུང་ནས། བཀོད་འདོམས་པ་ཡག་པོ་ཞིག་བྱེད་དགོས་ལ། འཐབ་མོ་བ་ཡག་པོ་ཞིག་ཀྱང་བྱེད་དགོས་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཞུམ་པ་མེད་པའི་འཐབ་རྩོད་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་གནམ་ས་གསར་པ་འབྱེད་དགོས།
བཞི་ནི་སྲོལ་བཟང་སྤྱོད་གཙང་རྒྱུན་འཁྱོངས་བྱེད་དགོས། འདི་ནི་བརྗོད་གཞི་རྙིང་པ་ཞིག་ཡིན་ལ། རྟག་ཏུ་བཤད་དགོས་པ་དང་རྟག་ཏུ་གསར་བརྗེ་བྱེད་དགོས་པའི་བརྗོད་གཞི་ཞིག་ཀྱང་ཡིན། འགོ་ཁྲིད་ལས་བྱེད་པའི་གོ་གནས་ཇི་ཙམ་མཐོ་བ་དང་། དབང་ཆ་ཇི་ཙམ་ཆེ་ན། རུལ་སླད་བཟློག་པ་དང་རུལ་སླད་སྤང་བའི་འགན་འཁྲི་དེ་ཙམ་དུ་ཆེ་བ་ཡིན། ངས་རྟག་པར་ལྕགས་རྡུང་བར་རང་ལུས་ངེས་པར་བཀན་མོ་ཡིན་དགོས་ཞེས་བཤད་ཀྱི་ཡོད། འགོ་ཁྲིད་ལས་བྱེད་པའི་ངོས་ནས་བཤད་ན། རང་ལུས་བཀན་མོ་ཡིན་དགོས་ན་ཐོག་མར་རང་ཉིད་སྤྱོད་གཙང་ཡིན་དགོས། སྤྱོད་གཙང་བྱེད་ན་གནད་ཆེ་ས་རང་རྟོགས་ཡིན་པ་དང་། གལ་ཆེ་བ་རྒྱུན་འཁྱོངས་ཡིན་ལ། དཀའ་ལས་ཁག་ས་མཐའ་འཁྱོལ་རྒྱུ་ཡིན། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བློ་མཐུན་ཚོ་ནི་སྲོལ་བཟང་སྤྱོད་གཙང་གི་“ཕྱོགས་སྟོན་”ཡིན་པས། ངེས་པར་དུ་རང་ལུས་རང་གཅེས་དང་། ལུགས་མཐུན་གཞུང་དྲང་། མཐའ་ཚད་བརྟན་སྲུང་བཅས་བྱེད་ཐུབ་དགོས་པ་དང་། ཏང་ཡོངས་ལ་མིག་དཔེ་སྟོན་དགོས། ཡང་དག་པའི་དབང་ཆའི་ལྟ་བ་འཛིན་པ་དང་། དམངས་ཀྱི་དོན་དུ་དབང་ཆ་སྤྱོད་པ་དང་། གཞུང་དྲང་གི་སྒོ་ནས་དབང་ཆ་སྤྱོད་པ། ཁྲིམས་ལྟར་དབང་ཆ་སྤྱོད་པ། སྤྱོད་གཙང་གི་སྒོ་ནས་དབང་ཆ་སྤྱོད་པ་བཅས་རྒྱུན་འཁྱོངས། དུས་དང་རྣམ་པ་ཀུན་ཏུ་ཕྱོགས་གང་ཅིའི་“རུབ་རྔོན་”ལ་དོགས་ཟོན་བྱེད་དགོས་པ་དང་། མི་གཞན་པས་བཙུགས་པའི་“རྙི་དོང་”ནང་ལྷུང་བ་སྔོན་འགོག་བཅས་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་རང་རྟོགས་ངང་བརྩི་སྲུང་བྱེད་དགོས་པ་དང་། རང་འགུལ་གྱིས་ལྟ་སྐུལ་དང་ལེན་དང་། ལྟ་སྐུལ་དང་དུ་ལེན་སྤྲོ་བ། ལྟ་སྐུལ་གྱི་འོག་ཏུ་ལས་དོན་སྒྲུབ་མཁས་པོ་བྱེད་དགོས་ལ། ཁྱད་དབང་གི་བསམ་བློ་མཐའ་གཅིག་ཏུ་འདོར་བ་དང་ཁྱད་དབང་གི་སྣང་ཚུལ་ལ་ངོ་རྒོལ་བྱེད་དགོས། འགོ་ཁྲིད་ཚན་པ་དམ་འཛིན་དང་། དཔུང་སྡེ་སྣེ་ཁྲིད། སྤྱོད་ཚུལ་ཡོ་བསྲང་བཅས་བྱེད་པའི་འགོ་ཁྲིད་ཀྱི་འགན་འཁྲི་ཡག་པོར་བསྒྲུབ་དགོས་པ་དང་། དཔོན་སྐྱོན་མེད་ལྷད་མེད་ཅིག་དང་། བྱ་བ་གཙང་མ་གཙང་རྐྱང་ཞིག །མི་དྲང་པོ་དྲང་གཞག་ཅིག་བཅས་བྱེད་དགོས་ལ། རང་ཉིད་ཀྱི་མིག་དཔེའི་བྱ་སྤྱོད་ལ་བརྟེན་ནས་དྭངས་ཤིང་གཙང་བའི་བློ་མཐུན་གྱི་འབྲེལ་བ་དང་། ཚུལ་དང་ལྡན་པའི་གོང་འོག་གི་འབྲེལ་བ། ཉེ་ཞིང་གཙང་ལ་གཅིག་གྱུར་ཡིན་པའི་སྲིད་ཚོང་གི་འབྲེལ་བ་གསར་པ་བཅས་ཆགས་པར་སྐུལ་འདེད་གཏོང་དགོས། ཁྱིམ་མི་དང་ཉེ་དུ་དང་། ཉེ་འཁོར་གྱི་མི་དང་དོན་དག་ལ་བདག་པོ་ཡག་པོ་རྒྱག་པ་དང་། ཁྱིམ་སྲོལ་ཡག་པོ་འཛུགས་པ། གཉེན་ཉེའི་འགག་སྒོ་བདེ་བར་བརྒལ་བ། ཁྱིམ་མིར་ཏང་ཁྲིམས་དང་རྒྱལ་ཁྲིམས་ནན་པོར་སྲུང་བའི་སློབ་གསོ་བྱེད་པ། “ཉེ་འབྲེལ་རུལ་སུངས་”དང་“ནང་འཁོར་རུལ་སུངས་”སྔོན་འགོག་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ། ཉེ་ས་ནས་ཁྱད་དབང་སྔོན་འགོག་དང་དེར་ངོ་རྒོལ་བྱེད་པའི་འགོག་སྲུང་དྲ་རྒྱ་བསྐྲུན་དགོས།
རྩ་ཁྲིམས་དང་སྲིད་གྲོས་ཀྱི་སྒྲིག་ཡིག་གི་གཏན་འབེབས་ལྟར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་རྒྱལ་ཡོངས་སྲིད་གྲོས་ཀྱིས་སང་ལོའི་ཟླ་3པར་སྐབས་བརྗེ་བྱ་རྒྱུ་རེད། སང་ལོའི་ལོ་སྟོད་དུ། ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཁག་གི་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱང་སྐབས་བརྗེ་བྱ་རྒྱུ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བརྗེ་ལས་དོན་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཁག་གི་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་སྐབས་བརྗེ་ལས་དོན་ཡག་པོར་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་པ་རེད། ལས་དོན་འདིར་ཆབ་སྲིད་རང་བཞིན་དང་སྲིད་ཇུས་རང་བཞིན་ཧ་ཅང་ཆེན་པོ་ལྡན་པས། ཏང་ཀྲུང་དབྱང་གིས་དེའི་ཐད་བླང་བྱ་གསལ་པོ་བཏོན་ཡོད། ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཁག་གི་ཏང་ཨུ་དང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཙུའུ་(ཏང་ཨུ་)ཡིས་ཚད་མཐོའི་འགན་འཁྲི་འཁུར་སེམས་བཅངས་ཐོག །སྒོ་ཀུན་ནས་དམངས་གཙོ་དར་སྤེལ་དང་། གཟབ་ནན་གྱིས་བཅའ་ཁྲིམས་དང་སྒྲིག་ཡིག་བཞིན་དུ་ལས་ཀ་བསྒྲུབ་དགོས། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་རྒྱུན་འཁྱོངས་དང་། མི་བཀོལ་སྤྱོད་ཐད་ཆབ་སྲིད་ཀྱི་འགག་སྒོ་དང་སྤྱོད་གཙང་གི་འགག་སྒོ་ནན་པོར་བསྲུངས་ནས། མི་འདེམས་སྤྱོད་ཀྱི་སྤྱི་པའི་ཡིད་རྟོན་ཆེ་རུ་གཏོང་དགོས་པ་དང་། “སྐྱོན་ཅན་བསྐོ་འཐེན་”སྔོན་འགོག་བྱེད་དགོས། སྐབས་བརྗེའི་སྒྲིག་ཁྲིམས་དམ་ནན་བཟོ་བ་དང་། འདེམས་ཤོག་འཕེན་སྐུལ་དང་། རྔན་བསླུས་འདེམས་བསྐོ། འདེམས་བསྐོ་ལ་གཏོར་བརླག་གཏོང་བ་སོགས་ཀྱི་བྱ་སྤྱོད་ལ་འགོག་ཟོན་ནན་པོ་དང་ཞིབ་གཅོད་ནན་པོ་བྱས་ཏེ། སྐབས་བརྗེ་སྲོལ་བཟང་སྤྱོད་གཙང་ཡོང་བ་འགན་ལེན་བྱེད་དགོས། སྐབས་བརྗེའི་ལས་དོན་ནང་བྱུང་བའི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་འོས་འཚམ་གྱིས་ཐག་གཅོད་དང་། བསམ་བློ་ཆབ་སྲིད་ལས་དོན་གཏིང་ཟབ་ཅིང་ཞིབ་ཕྲའི་སྒོ་ནས་ཡག་པོར་སྒྲུབ་པ། རྒྱ་ཆེའི་ལས་བྱེད་པས་ཆབ་སྲིད་ལ་དང་དོད་དང་། སྤྱི་ཡོངས་ལ་དང་དོད། སྒྲིག་ཁྲིམས་ལ་བརྩི་སྲུང་བཅས་བྱེད་པར་ཁྲིད་སྟོན། མི་སྒེར་གྱི་བསྐོ་འཐེན་བཞག་སྤོ་ལ་ཡང་དག་པའི་ལྟ་སྟངས་འཛིན་པ་བཅས་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དེ་སྐབས་བརྗེའི་ལས་དོན་ཡག་པོར་སྒྲུབ་པ་དང་ཟུང་འབྲེལ་བྱས་ཐོག །མིག་སྔར་གྱི་ལས་དོན་ཁག་གཅིག་འདོམས་ཀྱིས་ཡག་པོར་བསྒྲུབས་ཏེ། མི་སེམས་བརྟན་པོ་ཡོང་བ་དང་། ལས་ཀ་རིམ་ལྡན་ཡོང་བ་འགན་ལེན་བྱེད་དགོས།
བློ་མཐུན་རྣམ་པ། ང་ཚོ་སྔར་བས་མཐུན་སྒྲིག་དམ་ཟབ་བྱས་ཐོག །ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ། ཡིད་ཆེས་ཆེར་སྐྱེད་དང་བློ་སེམས་གཅིག་མཐུན། དཀའ་སྤྱད་སྡུག་རུས་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
བསོད་ནམས་དབང་རྒྱལ་གྱིས་བསྒྱུར།
※འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2022ལོའི་ཟླ་12ཚེས་23ཉིན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་གི་གསུང་བཤད་ཡིན།