ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་ནི་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ཡིན། དེ་རིང་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་བརྗོད་དོན་གཙོ་བོར་བྱས་ནས་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་དང་པོ་སྤེལ་བའི་དམིགས་ཡུལ་ནི་ཏང་ཡོངས་ལ་དཔེ་སྟོན་བྱ་རྒྱུའི་ཆེད་དུ་ཡིན།
ཏང་གི་ཚོགས་ཆེན་ཉི་ཤུ་པར་ཆབ་སྲིད་དང་། རིགས་པའི་གཞུང་ལུགས། ལག་ལེན་བཅས་ཀྱི་ཐད་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ཡོད། བློ་མཐུན་མའོ་ཙེ་ཏུང་གིས་“ཏང་གི་སྲིད་ཇུས་དེ་མང་ཚོགས་ཀྱི་བྱ་སྤྱོད་དུ་འགྱུར་བར་བྱེད་མཁས་པོ་དང་། ང་ཚོའི་ལས་འགུལ་ཚང་མ་དང་འཐབ་རྩོད་ཚང་མ་འགོ་ཁྲིད་ལས་བྱེད་པས་ཤེས་པར་མ་ཟད། རྒྱ་ཆེའི་མང་ཚོགས་ཀྱིས་ཀྱང་ཤེས་པ་དང་། ཚང་མས་ཁོང་དུ་ཆུད་ཐུབ་པར་བྱེད་མཁས་པོ་ཞིག་ཀྱང་བྱ་རྒྱུ་དེ་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་འགོ་ཁྲིད་ཀྱི་སྒྱུ་རྩལ་ཞིག་ཡིན་”ཞེས་གསུངས་མྱོང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྣེ་ཁྲིད་དེ་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་དམ་འཛིན་ཡག་པོ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་རྒྱ་ཁྱབ་གཏིང་ཟབ་སྤེལ་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཤེས་རྟོགས་དང་ཁོང་དུ་ཆུད་པར་སྐུལ་འདེད་གཏོང་དགོས།
ཏང་ཀྲུང་དབྱང་གིས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བྱེད་ཐེངས་རེ་རེར། ང་ཚོས་ཏང་ཡོངས་ཀྱི་བློ་མཐུན་ཚོར་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་ཡོངས་ཀྱི་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བར་བྱས་ཏེ་འགག་སྒྲོལ་དཀའ་སེལ་དང་མཐུན་སྒྲིལ་ཡར་བརྩོན་གྱི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས་པའི་འབོད་སྐུལ་གཏོང་གི་ཡོད། དེ་ནི་ཏང་གི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཞིག་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དང་ལག་བསྟར་བཅས་བྱ་རྒྱུའི་སྐོར་ལ་ངས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐེངས་དང་པོ་བཅས་ཀྱི་ཐོག་བླང་བྱ་བཏོན་ཡོད་པས་ཚང་མས་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས། དེ་རིང་ངས་ཕྱོགས་གསུམ་གྱི་ཐད་ནས་བསམ་འཆར་འགའ་འདོན་རྒྱུ་ཡིན།
དང་པོ། ཕྱོགས་ཡོངས་ནས་སློབ་སྦྱོང་བྱ་རྒྱུའི་ཐད་འབད་བརྩོན་བྱེད་དགོས། ཕྱོགས་ཡོངས་དང་། རྒྱུད་རིམ་ལྡན་པ། གཏིང་ཟབ་མོ་བཅས་ཀྱི་སྒོ་ནས་སློབ་སྦྱོང་བྱས་ཚེ་གཞི་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་ནས་གོ་བ་ལེན་ཐུབ་པ་དང་། གང་ཞིག་ཡིན་པ་དང་། གང་ཞིག་བསྒྲུབ་དགོས་པ། ཇི་ལྟར་བསྒྲུབ་དགོས་པ་བཅས་ཁོང་དུ་ཟབ་མོར་ཆུད་དེ་ལག་བསྟར་དོན་འཁྱོལ་བྱེད་པར་རྨང་གཞི་བརྟན་པོ་འདིང་ཐུབ། ཐོག་མར་མ་ཡིག་ཀློག་པ་དང་རྩ་བའི་རིགས་པ་རྟོགས་དགོས། འགོ་ཁྲིད་ལས་བྱེད་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་ཇི་མ་ཇི་བཞིན་དུ་སློབ་སྦྱོང་བྱེད་དགོས་པ་དང་། དུས་མཚུངས་སུ་སྙན་ཞུ་སློབ་སྦྱོང་བྱ་རྒྱུ་དེ་ཚོགས་ཆེན་གྱི་གསུང་བཤད་རབ་དང་རིམ་པ་དང་འབྲེལ་ཡོད་ཡིག་ཆ་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུ་དང་། ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་བྱེད་ཅིང་མཉམ་འབྲེལ་གྱི་སྒོ་ནས་སློབ་སྦྱོང་བྱེད་དགོས།
སློབ་སྦྱོང་ནི་གོ་དོན་དང་བཤད་སྟངས་ཁ་ཤས་བློ་ལ་ངེས་པ་ཙམ་གྱིས་མཚམས་འཇོག་མི་རུང་། དུས་རབས་གསར་པའི་ཚུན་དུ། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་བྱ་རྒྱུ་ནི་ཧ་ཅང་གསོན་ཉམས་ལྡན་པ་ཞིག་ཡིན་ལ། ང་ཚོའི་སློབ་སྦྱོང་ཡང་གསོན་ཉམས་ལྡན་པ་ཞིག་ཡིན་དགོས། ཚགས་དམ་པོའི་སྒོ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་ཟུང་འབྲེལ་དང་། ལོ་འདི་དག་གི་རིང་ང་ཚོས་བསྐྱོད་མྱོང་བའི་ཆེས་རྒྱུན་ལྡན་མིན་པ་དང་ཆེས་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུ་དང་ཟུང་འབྲེལ། ང་ཚོའི་སྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཉེན་ཁ་དང་འགྲན་སློང་ཆེན་པོ་ལ་ཁ་གཏད་ནུས་ལྡན་འཇལ་བ་བཅས་ཀྱི་ལག་ལེན་དངོས་དང་ཟུང་འབྲེལ། རྒྱལ་སྤྱིའི་ཁོར་ཡུག་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་ཟུང་འབྲེལ་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུའི་སྲིད་ཇུས་དང་བྱེད་ཕྱོགས་གལ་ཆེན་དང་འཐབ་ཇུས་བཀོད་སྒྲིག་སྐོར་གྱི་ལོ་རྒྱུས་ཀྱི་གཏན་ཚིགས་དང་། རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་དང་། ལག་ལེན་གྱི་གཏན་ཚིགས་བཅས་ལ་གོ་བ་གཏིང་ཟབ་ལེན་དགོས།
གཉིས་པ། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱ་རྒྱུའི་ཐད་འབད་བརྩོན་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་ཤིང་། ཆབ་སྲིད་ཐད་ཀྱི་གཟིགས་རྒྱང་རིང་པོ་དང་རིགས་པའི་གཞུང་ལུགས་ཐད་ཀྱི་བསམ་གཞིག་ཟབ་མོ་ཡོད་ལ། དམིགས་འབེན་ཐད་ཀྱི་ཚན་རིག་དང་མཐུན་པའི་གཏན་འབེབས་དང་ལས་ཀའི་ཐད་ཀྱི་འཐབ་ཇུས་བཀོད་སྒྲིག་ཀྱང་ཡོད། དེ་དག་ནི་ཕན་ཚུན་འབྲེལ་བ་ཡོད་ཅིང་གཅིག་གྱུར་དམ་ཚགས་ཡིན། ལོ་རྒྱུས་དང་དངོས་ཡོད། རིགས་པའི་གཞུང་ལུགས་དང་ལག་ལེན། རྒྱལ་སྤྱི་དང་རྒྱལ་ནང་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པའི་ཐབས་ཤེས་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཡོངས་ནས་ཆ་ཤས་དང་། ཆ་ཤས་ནས་སྤྱི་ཡོངས་ལ་བསམ་བློ་ཡང་ཡང་བཏང་ན། ད་གཟོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་ཐུབ་པ་དང་། ཕྱོགས་གཅིག་ཤེས་ཀྱང་ཕྱོགས་གཞན་དེ་མི་ཤེས་པ་དང་དེ་འདྲ་ཡིན་པ་ཤེས་རུང་དེ་འདྲ་ཡིན་ལུགས་མི་ཤེས་པ་སྔོན་འགོག་བྱེད་ཐུབ།
དཔེར་ན། གཅིག་ནི་ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་དང་། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ་དང་བྱེད་ཐབས་བཅས་ཁོང་དུ་ཆུད་པར་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་འཆར་ཟིན་བཀོད་པ་ཞིག་རེད། ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ནི་ང་ཚོས་གནད་དོན་ལ་ཞིབ་འཇུག་དང་གནད་དོན་ཐག་གཅོད་བྱེད་པའི་“སྤྱིའི་ལྡེ་མིག་”ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་བྱེ་བྲག་གི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་པའི་གཞི་རྩའི་ནང་དོན་དང་ལག་ལེན་གྱི་དོན་སྙིང་ལ་རྒྱས་བཤད་གཏིང་ཟབ་བྱས་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་དང་། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ་དང་བྱེད་ཐབས་བཅས་རྒྱུད་རིམ་ལྡན་པའི་སྒོ་ནས་གསལ་འགྲེལ་བྱས་ཏེ། ངེས་པར་དུ་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་དང་། རང་རྟོན་རང་ཚུགས་རྒྱུན་འཁྱོངས། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་རྒྱུན་འཁྱོངས། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས། གནམ་འོག་ཡིད་ལ་འཆང་བ་རྒྱུན་འཁྱོངས་བཅས་བྱས་ཏེ་ལག་ལེན་གྱི་རྨང་གཞིའི་ཐོག་རིགས་པའི་གཞུང་ལུགས་གསར་གཏོད་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས། “ཟུང་འབྲེལ་གཉིས་”དང་“ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་དྲུག་”ལ་གོ་བ་གཏིང་ཟབ་བླངས་ན། གཞི་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ། འགལ་བའི་གནད་དོན་དང་ཉེན་ཁ་དང་འགྲན་སློང་ཆེན་པོ་སྣ་ཚོགས་མདུན་དུ་ལྷགས་ཚེ། ཐོག་མཐའ་བར་གསུམ་དུ་ཁ་ཕྱོགས་གསལ་པོ་དང་ཀླད་པ་དྭངས་མོ། ཁ་གཏད་ནུས་ལྡན། བྱ་སྤྱོད་ནུས་ལྡན་བཅས་ཡོང་ཐུབ།
དཔེར་ན། ཕྱོགས་ཡོངས་ནས་དུས་རབས་གསར་པའི་ལོ་10ཡི་འཕོ་འགྱུར་རླབས་པོ་ཆེའི་གོ་དོན་ཟབ་མོ་དང་དོན་སྙིང་གལ་ཆེན་ཁོང་དུ་ཆུད་པར་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་ཡིས་ཕྱོགས་16ནས་དུས་རབས་གསར་པའི་ལོ་10ཡི་འཕོ་འགྱུར་རླབས་པོ་ཆེ་རྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་བསྡོམས་བྱས་ཡོད། ལག་ལེན་ལས་ར་འཕྲོད་བྱུང་དོན། ང་ཚོས་བསྐྱོད་པའི་ལམ་བུ་ནི་ཡང་དག་པ་ཡིན་པ་དང་། ང་ཚོས་གསར་གཏོད་བྱས་པའི་དགོངས་པ་དང་ཐབས་ཇུས་ནི་ཚན་རིག་དང་མཐུན་པ་ཡིན་ལ། ང་ཚོའི་ལས་དོན་ནི་ཕན་འབྲས་ལྡན་པ་ཞིག་ཡིན། སྔོན་ཆད་ཕྱོགས་བསྡོམས་བྱེད་པ་ནི་མ་འོངས་པ་གསར་དུ་གཏོད་པའི་ཆེད་དུ་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་པར། དུས་རབས་གསར་པའི་ལོ་10ཡི་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཕོ་འགྱུར་རླབས་པོ་ཆེ་བྱུང་བར་གོ་བ་གཏིང་ཟབ་ལེན་དགོས་པ་དང་། འཕོ་འགྱུར་རླབས་པོ་ཆེ་དེ་དག་གིས་ཏང་དང་། ཀྲུང་གོའི་མི་དམངས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན། ཚན་རིག་སྤྱི་ཚོགས་རིང་ལུགས་དུས་རབས་21པའི་ཀྲུང་གོར་གོང་དུ་སྤེལ་བ་སོགས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པ་ཤེས་རྟོགས་ཟབ་མོ་བྱུང་བ་དང་། དུས་རབས་གསར་པའི་འཐབ་ལམ་གསར་པའི་ཐོག་ངེས་པར་དུ་དུས་རབས་གསར་པའི་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་དང་འཐབ་ཇུས་ཀྱི་བཀོད་སྒྲིག་དང་འཐབ་ཇུས་ཀྱི་བྱེད་ཐབས་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བྱེད་དགོས་པའི་གོ་བ་ཟབ་མོ་བླངས་ཏེ་འཐབ་ཇུས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་གྱི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དབྱར་མཚོ་རྒྱས་པ་ལྟ་བུའི་སྐྱེ་སྟོབས་དང་འོད་ཟེར་ལྡན་པའི་མདུན་ལམ་ལ་ངོས་འཛིན་གང་ལེགས་བྱེད་ཅིང་། འགྲོ་ལམ་མི་བསྒྱུར་བ་དང་ཕུགས་བསམ་མི་འདོར་བ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་མུ་མཐུད་དུ་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།
དཔེར་ན། ཕྱོགས་ཡོངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་། ངོ་བོའི་བླང་བྱ། ངེས་པར་དུ་ཁོང་དུ་བརྟན་པོ་ཆུད་དགོས་པའི་རྩ་དོན་གལ་ཆེན་བཅས་ཁོང་དུ་བརྟན་པོར་ཆུད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འགྲེལ་བཤད་གཏིང་ཟབ་བྱས་པ་དང་། དེའི་ནང་ཀྲུང་གོའི་ཁྱད་ཆོས་དང་། ངོ་བོའི་བླང་བྱ། ངེས་པར་དུ་ཁོང་དུ་བརྟན་པོ་ཆུད་དགོས་པའི་རྩ་དོན་གལ་ཆེན་བཅས་ཚུད་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་རྒྱས་བཤད་བྱེད་པར་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱ་དགོས་པ་ལས་ཕྱོགས་གཅིག་དམ་འཛིན་དང་ཕྱོགས་གཞན་པ་ལྷོད་ལྷོད་བྱེད་མི་རུང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་དབར་གྱི་འབྲེལ་བར་གོ་བ་གཏིང་ཟབ་ལེན་པ་དང་། སྔ་མ་ནི་ཕྱི་མའི་རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་ཡིན་པའི་ངོས་འཛིན་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་གི་ཚན་རིག་རང་བཞིན་དང་ལྡོག་མེད་རང་བཞིན་ལ་གོ་བ་གཏིང་ཟབ་ལེན་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཀྲུང་གོའི་དངོས་ཡོད་ལ་བརྟེན་པའི་རིགས་པའི་གཞུང་ལུགས་གསར་གཏོད་གལ་ཆེན་ཞིག་ཡིན་ཞིང་། དེས་རང་རྒྱལ་གྱི་དེང་རབས་ཅན་གྱི་འཕེལ་རྒྱས་ཁ་ཕྱོགས་མཚོན་ཡོད་ལ། གོ་ལ་ཧྲིལ་པོའི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་གལ་ཆེན་ཞིག་ཀྱང་ཡིན། འདི་ལྟར་བྱས་ན་ང་ཚོས་ད་གཟོད་ཕྱོགས་ཡོངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཆུད་ཐུབ་པ་མ་ཟད། ད་དུང་ནུབ་ཕྱོགས་དེང་རབས་ཅན་གྱི་མ་དཔེ་ཇི་མ་ཇི་བཞིན་འདྲ་སྤོས་བྱེད་པའི་བསམ་གཞིག་བྱེད་སྟངས་ཡང་མཐའ་གཅིག་ཏུ་སྔོན་འགོག་བྱེད་ཐུབ།
དཔེར་ན། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ཁག་ཁོང་དུ་ཆུད་པར་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་ཕྱོགས་12ནས་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོའི་ལས་དོན་ལ་བཀོད་སྒྲིག་བྱས་ཡོད། འདི་ནི་“ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་དང་། “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པ་གཞིར་བཟུང་ནས་གཏན་འཁེལ་བྱས་པ་ཞིག་དང་དཀྱུས་གཅིག་ཏུ་འབྲེལ་བའི་སྤྱི་ཡོངས་ཤིག་ཡིན་པས། ངེས་པར་དུ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཁོང་དུ་ཆུད་པ་དང་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་དགོས་ན། ངེས་པར་དུ་རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་འཐབ་ཇུས་ཀྱི་གོ་སྐབས་གསར་པ་དང་། འཐབ་ཇུས་ཀྱི་ལས་འགན་གསར་པ། འཐབ་ཇུས་ཀྱི་དུས་རིམ་གསར་པ། འཐབ་ཇུས་ཀྱི་བླང་བྱ་གསར་པ། འཐབ་ཇུས་ཀྱི་ཁོར་ཡུག་གསར་པ་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལས་འགན་ཁག་མངོན་འགྱུར་བྱེད་པའི་དཀའ་ཚེགས་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་ལག་བསྟར་དོན་འཁྱོལ་གྱི་རང་རྟོགས་རང་བཞིན་དང་བློ་བརྟན་རང་བཞིན་ཆེ་རུ་གཏོང་དགོས།
གསུམ་པ། ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུའི་ཐད་འབད་བརྩོན་བྱེད་དགོས། སྟོང་བཤད་རྒྱལ་ཕུང་། དངོས་སྒྲུབ་རྒྱལ་དར། བཀོད་སྒྲིག་གཅིག་ལ་དོན་འཁྱོལ་དགུ་དགོས། དོན་འཁྱོལ་དམ་འཛིན་བྱ་རྒྱུར་དོ་སྣང་མི་བྱེད་པ་དང་། དོན་འཁྱོལ་དམ་འཛིན་ནན་ཏན་མ་བྱས་ན། འཆར་འགོད་དང་བཀོད་སྒྲིག་ཅི་འདྲ་བཟང་ཡང་ཚང་མ་བར་སྣང་གི་ཁང་ཆེན་ནང་བཞིན་དུ་འགྱུར་ངེས་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་འཆར་གཞི་དང་བཀོད་སྒྲིག་ཡོད་དགོས། སྤྱིའི་དམིགས་འབེན་དང་། སྤྱིའི་ཁ་ཕྱོགས། སྤྱིའི་བླང་བྱ་བཅས་ཁོང་དུ་ཆུད་པའི་སྔོན་འགྲོའི་ཆ་རྐྱེན་འོག་དམིགས་འབེན་དང་ལས་འགན་ཁག་ཞིབ་ཚགས་སུ་བཏང་སྟེ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་དོན་འཁྱོལ་བྱེད་པའི་བྱེ་བྲག་གི་ཇུས་གཞི་བཏོན་ཏེ་དུས་ཚོད་རེའུ་མིག་དང་ལག་བསྟར་དཔེ་རིས་གསལ་པོ་བཟོས་ནས་ཏན་ཏན་ཏིག་ཏིག་ངང་མདུན་དུ་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་སྣེ་ཁྲིད་དེ་དངོས་འཛིན་དངོས་སྒྲུབ་དང་། ཁག་བགོས་དོ་དམ་བྱེད་ཁོངས་སམ་གཙོ་སྐྱོང་བྱ་ཡུལ་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ལས་ཀར་བཀོད་སྒྲིག་བྱས་ནས་བྱ་སྤྱོད་གང་མགྱོགས་སྤེལ་དགོས།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་ཐབས་ཇུས་དང་བཀོད་སྒྲིག་ནི་སྒྱུར་བཅོས་འཕེལ་རྒྱས་བརྟན་བརླིང་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་བཅས་ཕྱོགས་སོ་སོར་ཁྱབ་ཅིང་། ཏང་ཀྲུང་དབྱང་གིས་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཐད་གཅིག་གྱུར་གྱི་བཀོད་སྒྲིག་བྱས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་སོགས་འབྲེལ་ཡོད་ཕྱོགས་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་ལག་བསྟར་དོན་འཁྱོལ་བྱེད་པའི་འཆར་འགོད་བཟོས་ཏེ། འཕེལ་རིམ་ལ་དམ་འཛིན་བྱེད་དགོས་ལ་སྤུས་ཚད་ལའང་དེ་བས་སྣང་ཆེན་བྱེད་དགོས་པའི་བླང་བྱ་གསལ་པོ་བཏོན་ཡོད།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་འབེན་དང་ལས་འགན་ལ་དུས་ཐུང་གི་བླང་བྱ་ཡོད་པ་དང་། དུས་འབྲིང་གི་བླང་བྱ་ཡོད་ལ། ཡུན་རིང་གི་བླང་བྱའང་ཡོད་པས། གལ་ཆེ་ཆུང་དང་དགོས་གཏུགས་ཆེ་ཆུང་གསལ་པོར་འབྱེད་དགོས་པ་དང་། ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ལ་གཙོ་གནད་འབུར་དུ་ཐོན་པའང་བྱེད་དགོས། མིག་སྔར་དམ་འཛིན་ནན་མོ་བྱེད་དགོས་ལ་རྒྱང་རིང་ལ་ཡང་དམིགས་དགོས། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་བསྒྲུབས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤེལ་བར་སྔོན་འགོག་བྱེད་དགོས། ལས་ཀའི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་། སྔོན་ཆད་གཏན་འཁེལ་བྱས་ཟིན་པའི་འཆར་འགོད་དང་། འཆར་གཞི། ལས་ཀ་བཀོད་སྒྲིག་བཅས་ལ་ཞིབ་འཇུག་ནན་ཏན་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་མཐུན་ན་མུ་མཐུད་ལག་བསྟར་བྱེད་དགོས་པ་དང་། ཆད་ལུས་ཡོད་རིགས་མགྱོགས་མྱུར་དུ་ཞིབ་འཇུག་གིས་གཏན་འབེབས་བྱེད་དགོས། ས་གནས་ཁག་དང་སྡེ་ཁག་ཁག་གིས་རང་ངོས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་དེ་ས་ཁུལ་རང་དང་སྡེ་ཁག་རང་གི་ལས་འགན་དུ་འགྱུར་བར་བྱེད་དགོས། རྒྱལ་ཡོངས་བཀོད་པ་གཅིག་གྱུར་གྱི་བསམ་བློ་བརྟན་པོ་བཙུགས་པ་དང་། ས་ཁུལ་རང་དང་སྡེ་ཁག་རང་གི་ལས་ཀར་ཇུས་འགོད་དང་སྐུལ་འདེད་གཏོང་སྐབས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱ་རྒྱུ་དེ་སྔོན་འགྲོར་བྱས་ཏེ། གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་ལས་ཀ་བསྒྲུབས་པར་བརྟེན། ཕྱོགས་གཅིག་ལ་གཟི་བརྗིད་འོད་སྟོང་འབར་བ་མ་ཟད། ཕྱོགས་ཡོངས་ལའང་གཟི་བརྗིད་འོད་སྟོང་འབར་བ་བྱེད་དགོས།
ལྷག་པར་དུ་ནན་བཤད་བྱེད་དགོས་པ་ཞིག་ནི། ང་ཚོའི་ཏང་ཆེན་པོ་འདི་འདྲ་ཞིག་དང་རྒྱལ་ཁབ་ཆེན་པོ་འདི་འདྲ་ཞིག་བཅོས་སྐྱོང་བྱེད་པར་གལ་ཏེ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མེད་པ་དང་། གལ་ཏེ་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་བསམ་བློ་གཅིག་གྱུར་དང་གོམ་སྟབས་གཅིག་གྱུར་མེད་ན་བྱ་བ་གང་ཡང་བསྒྲུབ་ཐབས་མེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་གནང་དོན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་སྒོས་སུ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པར་སྣེ་ཁྲིད་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པར་སྣེ་ཁྲིད། ཁྱོན་ཡོངས་ལ་བསམ་གཞིག་བྱེད་པར་སྣེ་ཁྲིད་བཅས་བྱས་པར་བརྟེན། རང་ངོས་ཀྱི་འགན་འཁྲི་གཙང་སྒྲུབ་དང་ཁག་བགོས་དོ་དམ་གྱི་ལས་ཀ་དམ་འཛིན་ཡག་པོ་བྱས་པ་དང་དུས་མཚུངས་སུ། གོང་འོག་གཡས་གཡོན་ཚང་མར་ལྟ་རྟོག་བྱེད་པར་དོ་སྣང་བྱེད་པ་དང་། མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་དགོས།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་མ་ཟིན་འགོད་པའི་དུས་འགོར་ངས་ནན་བཤད་བྱས་པ་སྟེ། སྙན་ཞུའི་ནང་འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པའི་སྙིང་སྟོབས་གང་ལེགས་མཚོན་པར་བྱས་ཏེ། ཏང་ཡོངས་ལ་སྣེ་ཁྲིད་དེ་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བར་སྐུལ་སློང་བྱེད་པ། ནུས་ཤུགས་ཆེན་པོས་ཉེན་ཁ་སྔོན་འགོག་དང་། འགྲན་སློང་བསུ་བ། གནོན་ཤུགས་འགོག་པ་བཅས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་ཕོད་པ་དང་། དཀའ་ངལ་སྣ་ཚོགས་ཁྱད་བསད་བྱེད་ཕོད་པར་བྱས་ནས། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།
ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དང་ལག་བསྟར་བཅས་ནན་ཏན་བྱ་རྒྱུའི་སྐོར་གྱི་ཆོད་དོན་འཇོག་རྒྱུ་ཡིན་པ་དང་། འབྲེལ་ཡོད་སྡེ་ཁག་གིས་ལས་ཀའི་ཇུས་གཞི་ཞིབ་ཚགས་སུ་བཏང་སྟེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དེ་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་སྡེ་ཚན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ། སློབ་གྲྭ། དམག་སྒར། དཔལ་འབྱོར་གྱི་རྩ་འཛུགས་གསར་པ་དང་སྤྱི་ཚོགས་ཀྱི་རྩ་འཛུགས་གསར་པ་སྣ་ཚོགས། དྲ་བ་བཅས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ་དང་། རིམ་པ་སོ་སོའི་ཏང་གི་སློབ་གྲྭ་(སྲིད་འཛིན་སློབ་གླིང་)ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱ་རྒྱུ་དེ་ལས་བྱེད་པ་གསོ་སྐྱོང་བྱེད་པའི་ནང་དོན་གཙོ་བོར་འཇོག་དགོས། རྒྱུན་སྲོལ་ལྟར། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་གསར་བཞུགས་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བསྟར་བའི་ཆེད་དོན་ཞིབ་མོལ་འཛིན་གྲྭ་གཉེར་དགོས། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་ལས་བྱེད་པ་གཅིག་སྡུད་དུ་རེས་སྐོར་གསོ་སྦྱོང་བྱ་རྒྱུ་སྒྲིག་འཛུགས་དམ་འཛིན་བྱེད་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་སྐུ་ངོ་མས་ལས་དོན་ནང་བཞུགས་ཏེ་དངོས་སྒྲུབ་མཁན་ཞིག་བྱེད་དགོས་ལ། དྲིལ་བསྒྲགས་མཁན་ཡང་བྱས་ནས་སྣེ་ཁྲིད་དེ་སྒྲོག་འགྲེལ་བྱེད་དགོས། དྲིལ་བསྒྲགས་དང་བསམ་བློའི་ལས་དོན་སྒྲུབ་མཁན་སྡེ་ཁག་གིས་སྒྲིག་འཛུགས་ཞིབ་ཚགས་དང་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ། དྲིལ་བསྒྲགས་དང་བསམ་བློའི་སློབ་གསོའི་ལས་ཀ་དམ་འཛིན་བྱེད་པ་དང་། ཕྱི་ཕྱོགས་ལ་དྲིལ་བསྒྲགས་དང་ངོ་སྤྲོད་བྱེད་པའི་ལས་ཀར་ཤུགས་སྣོན་རྒྱག་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་ཡོངས་ནས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་བྱེད་ཕྱོགས་གལ་ཆེན་དང་འཕེལ་རྒྱས་ཀྱི་འཐབ་ཇུས་ཤེས་རྟོགས་བྱེད་པར་ཁྲིད་སྟོན་བཅས་བྱེད་དགོས།
གནམ་ལྷ་རྒྱལ་གྱིས་བསྒྱུར།