བློ་བཟང་ཆོས་འཕེལ་གྱིས་རྒྱ་ཡིག་གི་ལམ་ནས་བཅར་འདྲི་བྱས།
ཙག་པ་ཀུན་བཟང་རྡོ་རྗེ་དང་ཚེ་བྱམས་མཚོ་ཡིས་བསྒྱུར།
[གནད་བསྡུས] དགེ་རྒན་ཆེན་མོ་དཔལ་ལྡན་ཉི་མ་ལགས་ནི་ཀྲུང་གོ་གསར་བར་གསོ་སྐྱོང་བྱས་པའི་བོད་རིགས་ཀྱི་སློབ་གསོ་རིག་པའི་འབུམ་རམས་པ་དང་པོ་དེ་ཡིན་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ལོངས་སུ་སྤྱོད་མཁན་དང་། སི་ཁྲོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་སློབ་དཔོན། དེ་སྔའི་སི་ཁྲོན་དགེ་འོས་སློབ་ཆེན་སློབ་གསོ་ཚན་རྩལ་སློབ་གླིང་གི་ཡོན་ཀྲང་། སློབ་གསོ་པུའི་མཐོ་སློབ་སློབ་ཁྲིད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་ཀྱི་འགན་ཁུར་མྱོང་། ད་ལྟ་སི་ཁྲོན་དགེ་འོས་སློབ་ཆེན་གྱི་སྣ་མང་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་དང་། སློབ་གསོ་རིག་པའི་འབུམ་རམས་པ་གསོ་སྐྱོང་བྱེད་ཡུལ་གྱི་རིམ་པ་དང་པོའི་རིག་ཚན་སྣེ་ཁྲིད་པ། སི་ཁྲོན་དགེ་འོས་སློབ་ཆེན་ཨོ་སི་ཁྲུ་ལི་ཡའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་ཞིབ་འཇུག་ཁང་གི་ཆེས་ཐོག་མའི་བློ་འདྲིའི་ཆེད་ཞུས་སོགས་ཀྱི་འགན་འཁུར་བཞིན་ཡོད། སྔ་ཕྱིར་རྒྱལ་ཁབ་རིམ་པའི་དགེ་རྒན་གྲགས་ཅན་དང་། རྒྱལ་ཁབ་མཐོ་རིམ་ཤེས་ལྡན་མི་སྣའི་དམིགས་བསལ་རྒྱབ་སྐྱོར་འཆར་གཞིའི(མི་ཁྲིའི་འཆར་གཞི)སྣེ་ཁྲིད་ཤེས་ལྡན་པ། རྒྱལ་ཡོངས་ཕུལ་བྱུང་དགེ་རྒན། མཚོ་སྔོན་ཞིང་ཆེན་གྱི“མི་སྟོང་འཆར་གཞིའི”རྩེར་སོན་ཤེས་ལྡན་པ། སི་ཁྲོན་ཞིང་ཆེན་གྱི“མི་ཁྲིའི་འཆར་གཞིའི”འཇོན་མི་རིག་གནས་སྣེ་ཁྲིད་ཤེས་ལྡན་པ། སི་ཁྲོན་དགེ་འོས་སློབ་ཆེན་གྱི“ཕུལ་བྱུང་དགེ་རྒན་ཆེན་མོ་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་ལྡན། ཁོང་གིས་དུས་ཡུན་རིང་བོར་སློབ་གསོ་དང་། སློབ་ཁྲིད། རིག་གཞུང་ཞིབ་འཇུག་བཅས་ཀྱི་ཕྱག་ལས་གནང་ཞིང་རིག་གཞུང་སྐོར་གྱི་གསུང་རྩོམ་པོད་བརྒྱད་དཔེ་སྐྲུན་གནང་བ་དང་། རྒྱལ་ཁབ་ཕྱི་ནང་གི་དུས་དེབ་སྣ་ཚོགས་སུ་རིག་གཞུང་སྐོར་གྱི་དཔྱད་རྩོམ50ལྷག་ཙམ་སྤེལ། རྒྱལ་ཁབ་ཕྱི་ནང་གི་གདན་ཞུས་ལྟར་ནོར་ཝེ་དང་། དབྱིན་ཇི། ཨ་རི། ཨོ་སི་ཁྲུ་ལི་ཡ། ཁ་ན་ཏ་བཅས་མཐོ་རིམ་སློབ་གྲྭར་ཐེངས་མང་པོར་འཚམས་འདྲིར་ཕེབས་པ་དང་འཆད་ཁྲིད་ཀྱང་མང་པོ་གནང་། ཆེད་རྩོམ་འདི་ནི་དགེ་རྒན་ཆེན་མོ་དཔལ་ལྡན་ཉི་མའི་རིག་གཞུང་ལོ་རྒྱུས་དང་། རིག་གཞུང་གྲུབ་འབྲས། རིག་གཞུང་བསམ་བློ་སོགས་ལ་དམིགས་ནས་ཆེད་དོན་བཅར་འདྲི་བྱས་པ་ཞིག་རེད།
[གནད་ཚིག] དཔལ་ལྡན་ཉི་མ། སློབ་གསོ། ཤེས་རིག སློབ་གསོའི་གཞུང་ལུགས།
བཅར་འདྲི་པ། དགེ་རྒན་དཔལ་ལྡན་ཉི་མ་བདེ་མོ། ཁྱེད་ཀྱིས་བཅར་འདྲི་དང་ལེན་བྱས་པར་ཐུགས་རྗེ་ཆེ་ཞུ། ཐོག་མར་རྒན་ལགས་ཀྱི་རིག་གཞུང་བྱ་བའི་བརྒྱུད་རིམ་སྐོར་ངོ་སྤྲོད་རགས་བསྡུས་ཤིག་གནང་རོགས།དཔལ་ལྡན་ཉི་མ། ང་རང1958ལོར་དཀར་མཛེས་ཁུལ་རོང་བྲག་རྫོང་དུ་སྐྱེས། ས་གནས་དེ་རུ་སློབ་ཆུང་དང་དམའ་འབྲིང་། མཐོ་འབྲིང་བཅས་མཐར་ཕྱིན་པ་ཡིན། 1977ལོར་མཐོ་འབྲིང་མཐར་ཕྱིན་པ་དང་ལོ་དེ་ནི་རང་རྒྱལ་གྱིས་མཐོ་རྒྱུགས་སླར་གསོ་བྱས་པའི་དུས་ཚོད་དང་ཁེལ་ཡོད་སྟབས། ངས་ཀྱང་མཛེས་རྩལ་སློབ་གླིང་དུ་རྒྱུགས་སྤྲོད་པར་གྲ་སྒྲིག་བྱས་ཀྱང་ཨ་ལ་སྲན་རི་ཉིལ་བའི་རྐྱེན་གྱིས་མཐོ་རྒྱུགས་ལ་བར་ཆད་བཟོས་སོང་། རྐྱེན་དེའི་དབང་གིས1977ལོ་ནས1978ལོའི་བར་ངས་རོང་བྲག་རྫོང་གི་དགེ་བཤེས་རྩ་ནས་ལས་ཀ་བྱས་པ་དང་དམངས་སྒྲུབ་དགེ་རྒན་ཡང་བྱས་མྱོང། དུས་ཚོད་འདི་ཧ་ཅང་ཐུང་ན་ཡང་ངའི་མི་ཚེ་འདིར་ཆེས་སྐྱིད་པའི་དུས་ཚོད་ཅིག་ཡིན་པས་དེར་དོན་སྙིང་ཆེན་པོ་ལྡན། 1978ལོར་ང་རང་དམག་གྲལ་ལ་ཞུགས་པར་གྲ་སྒྲིག་བྱས་ན་ཡང་ཡུལ་མི་དག་གི་བཀག་འགོག་ཤུགས་ཆེར་བྱས་ཏེ་ང་རང་དགེ་འོས་སློབ་གྲྭར་འགྲོ་དགོས་པར་བཤད། དེར་རྒྱུགས་སྤྲད་པས་འབར་ཁམས་དགེ་འོས་སློབ་གྲྭར་འགྲོ་ཐུབ་སོང།(ད་ལྟ་འབར་ཁམས་སློབ་འབྲིང་དང་གཅིག་བསྡུས་བྱས་འདུག1980ལོརམཐར་ཕྱིན་རྗེས་ཕྱིར་རོང་བྲག་རྫོང་དུ་ཡོང་ནས་སློབ་འབྲིང་གཉིས་པའི་དགེ་རྒན་བྱས་ཤིང་། སྔ་ཕྱིར་སློབ་སྟོན་ཀྲུའུ་རིན་དང་སློབ་གཙོའི་འགན་ཁུར། 1985ལོར་ལས་སྐྱུར་བྱས་ཏེ་ཁྲུང་ཆིན་སློབ་གསོ་སློབ་གླིང་དུ་ཆེད་སྦྱོང་སློབ་གཉེར་བྱས། ལས་ཁུངས་ཀྱིས་སློབ་ཡོན་སྤྲད་མ་ནུས་པའི་རྐྱེན་གྱིས་ངའི་ལས་ཀ་འབར་ཁམས་རླངས་འཁོར་སྐྱེལ་འདྲེན་ཀུང་ཟིའི་ལས་བཟོ་པའི་སློབ་གྲྭར་སྤར། 1987ལོར་ང་རང་སློབ་གསོ་སློབ་གླིང་ནས་མཐར་ཕྱིན་ཏེ་ཕྱིར་སྐྱེལ་འདྲེན་ཀུང་ཟིར་ཐོན་དུས། ཁེ་ལས་བཅོས་སྒྱུར་བྱས་པའི་རྐྱན་གྱིས་ལས་བཟོ་པའི་སློབ་གྲྭ་མེད་པར་བཟོས་པ་དང་། ང་རང་ཀུང་ཟིའི་ངལ་རྩོལ་གླ་ཕོགས་སྡེ་ཚན་དུ་བཀོད་སྒྲིག་བྱས། ངའི་ལས་ཀ་ནི་ཀུང་ཟིའི་ལས་བཟོ་པ་ཡོངས་ཀྱི་ཟབ་སྦྱོང་ལ་དོ་དམ་བྱེད་རྒྱུ་དང་། ཀུང་ཟིའི་འགྲིམ་འགྲུལ་ལས་འཛོལ་མྱུར་སྐྱོབ་རུ་ཁག་གི་ལས་དོན་ནང་ཞུགས་རྒྱུ་དེ་རེད། ངས་ཁྲུང་ཆིན་དུ་སློབ་སྦྱོང་བྱེད་སྐབས་སློབ་ཆེན་གྱི་རྗེས་ནས་མུ་མཐུད་དུ་ཞིབ་འཇུག་སློབ་མར་རྒྱུགས་སྤྲད་ཆོག་པ་གོ་མྱོང་བས་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་པར་བསམ་བློ་གཏོང་མགོ་བརྩམས། ངས་ཉེ་འཁོར་གྱི་མི་ལ་དོན་དག་འདི་གླེང་སྐབས། མང་པོ་ཞིག་གིས་ཐོས་མ་མྱོང་ལ་དོན་དག་འདི་ཉིན་དཀར་གྱི་རྨི་ལམ་ལྟ་བུ་རེད་འདོད་ཀྱིན་འདུག 1988ལོར་རྒྱུགས་སྤྲད་ཀྱང་མ་འཕྲོད། 1989ལོར་ལྷོ་ནུབ་དགེ་འོས་སློབ་ཆེན་སློབ་གསོའི་ཆེད་ལས་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་སོང་། 1992ལོར་ལྷོ་ནུབ་དགེ་འོས་སློབ་ཆེན་རབ་འབྱམས་པའི་བསླབ་གནས་རེག་རྗེས་བོད་ལྗོངས་སློབ་ཆེན་ནམ་དར་མདོའི་དགེ་འོས་ཆེད་སྦྱོང་སློབ་གྲྭར་དགེ་རྒན་བྱེད་དུ་འགྲོ་འདོད་ཡོད་མོད། འོན་ཀྱང་སྐབས་དེར་སློབ་གྲྭ་དེ་དག་ལ་སློབ་གསོའི་ཆེད་ས་ཀྱི་སྡེ་ཚན་མི་འདུག དེའི་རྐྱེན་གྱིས1992ལོར་རང་ཁྱིམ་དང་ཐག་ཉེ་ཤོས་ཀྱི་ནུབ་བྱང་དགེ་འོས་སློབ་ཆེན་དུ་རྒྱུགས་སྤྲད་པས་སྐུ་ཞབས་ལི་པིང་ཏེ(李秉德)ཡི་འབུམ་རམས་པའི་སློབ་མར་གྱུར། དགེ་རྒན་ཆེན་མོ་ལི་ལགས་ནི་ཁེངས་སྐྱུང་ཆེ་ཞིང་ཀྲུང་གོ་དང་ནུབ་ཕྱོགས་འབྲེལ་བར་མཐོང་རྒྱ་ཆེ་བས་ཁོང་གིས་ང་ཚོའི་མི་རིགས་ཀྱི་ཐོབ་ཐང་དང་རིག་གནས་ཀྱི་རྒྱབ་ལྗོངས་ལ་ཧ་ཅང་དགའ་མོས་བྱེད་ཀྱིན་འདུག གཞན་ནུབ་བྱང་དགེ་འོས་སློབ་ཆེན་དུ་སློབ་སྦྱོང་བྱེད་སྐབས་སྐུ་ཞབས་ཧུའུ་ཏེ་ཧའེ(胡德海ཡི་སློབ་གསོའི་ཐབས་ལམ་དབྱེ་ཞིབ་ཀྱིས་ང་ལ་བློ་སྒོ་ཆེན་པོ་ཕྱེ་བྱུང་། ང་རང་ནུབ་བྱང་དགེ་འོས་སློབ་ཆེན་དུ་ཡོད་དུས་རིག་གནས་ནི་སློབ་གསོའི་གནད་དོན་ལ་དབྱེ་ཞིབ་བྱེད་པའི་ཐབས་ལམ་ཞིག་ཏུ་བརྩིས་མོད། འོན་ཀྱང་ཇི་ལྟར་དབྱེ་ཞིབ་བྱེད་པའི་གཏན་ཚིགས་ཀྱི་རིགས་ལམ་རྙེད་མི་འདུག་པར་མ་ཟད། ད་དུང་ཇི་ལྟར་དབྱེ་ཞིབ་བྱེད་དགོས་པའང་ཤེས་མི་འདུག རིག་གནས་ཀྱི་ཁྱད་ཆོས་དང་རིག་གནས་སེམས་ཁམས་རྟེན་སའི་གཞི་རྩའི་ཁྱབ་ཁོངས་ནས་འབད་བརྩོན་བྱེད་དགོས་པ་མ་གཏོགས་གཞན་ཤེས་མི་འདུག 1995ལོར་འབུམ་རམས་པ་སློབ་མཐར་ཕྱིན། ངའི་འབུམ་རམས་པའི་དཔྱད་རྩོམ་ནི《རིག་གནས་ཀྱི་མཐོང་སྣེའི་འོག་གི་བོད་ཀྱི་འོས་འགན་སློབ་གསོའི་བསླབ་ཚན》ཞེས་པ་དེ་ཡིན། སྐབས་དེ་དུས་དགེ་རྒན་ཆེན་མོ་ལི་ལགས་ཀྱིས་ངའི་འབུམ་རམས་པའི་དཔྱད་རྩོམ་དེ་ལ་གདེང་འཇོག་མཐོན་པོ་གནང་ཞིང་། ཁོང་གིས“དཔལ་ལྡན་གྱི་འབུམ་རམས་པའི་དཔྱད་རྩོམ་དེ་རང་རྒྱལ་གྱི་མི་རིགས་སློབ་གསོ་རིག་པའི་གཞུང་ལུགས་ཞིབ་འཇུག་གི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད”ཅེས་གསུངས། རྒན་ལགས་ཀྱི་གསུང་འདིས་ང་ལ་སྐུལ་མ་ཆེན་པོ་ཐེབས་ཤིང། བོད་ཀྱི་སློབ་གསོ་དང་ཐ་ན་མིའི་རིགས་ཀྱི་སློབ་གསོའི་ཐད་ཀྱི་དཀའ་ཚེགས་ཆེ་བའི་ལས་དོན་ལ་ཞིབ་འཇུག་བྱེད་པའི་ཆོད་སེམས་ཀྱང་སྔར་བས་ཇེ་བརྟན་དུ་སོང་། འབུམ་རམས་པ་མཐར་ཕྱིན་རྗེས་ལས་ཀ་མ་རེག་པས་སི་ཁྲོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དུ་ལོ་གཉིས་ལ་ལས་ཞུགས་བྱས། 1997ལོར་སི་ཁྲོན་དགེ་འོས་སློབ་ཆེན་དུ་ལས་ཀ་སྤར་བ་ནས་ད་བར་དུ་སྔ་རྗེས་སུ་སློབ་གསོའི་ཚན་ཁག་གི་ཀྲུའུ་རིན་གཞོན་པ་དང་།སློབ་གསོ་ཚན་རིག་ཁང་གི་སུའོ་ཀྲང་། སློབ་གསོ་ཚན་རིག་སློབ་གླིང་གི་ཡོན་ཀྲང་སོགས་ཀྱི་འགན་བཞེས་པ་ཡིན།
བཅར་འདྲི་པ། ཁྱེད་རང་སི་ཁྲོན་དགེ་འོས་སློབ་ཆེན་དུ་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་ཕྱག་ལས་གནང་བ་ལས་གཞན། བོད་ཀྱི་སློབ་གསོ་དང་རིག་གནས་འཛུགས་སྐྲུན་ལ་འབྲེལ་བ་ཡོད་པའི་ཕྱག་ལས་མང་པོ་གནང་འདུག དེ་དང་ཆབས་ཅིག་རྒན་ལགས་རྒྱལ་སྤྱིའི་རིག་གཞུང་ལས་རིགས་བར་ལ་འབྲེལ་བ་དམ་པོ་ཡོད་པ་ཚོར་བྱུང་། ཁྱེད་ཀྱི་རྒྱལ་སྤྱིའི་རིག་གཞུང་བརྗེ་རེས་ཀྱི་གནས་ཚུལ་དང་རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་ཕྱོགས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་ཤིག་བྱས་ན་ག་འདྲ་རེད།
དཔལ་ལྡན་ཉི་མ། ངའི་རྒྱལ་སྤྱིའི་རིག་གཞུང་སྤེལ་རེས་ནི1995ལོ་ནས་མགོ་ཚུགས་པ་ཡིན། ལོ་དེའི་ཟླ5པར་ང་རང་ཁ་ན་ཏའི་ཏུའོ་ལུན་ཏུའོ་སློབ་ཆེན་དུ་རྒྱལ་སྤྱིའི་ཚོགས་འདུར་ཞུགས། ཚོགས་འདུའི་བརྗོད་བྱ་གཙོ་བོ་ནི“སྐད་ཡིག་དང་། རྟགས་དབྱེ། མི་རིགས་བཅས་ཀྱིས་སློབ་གསོར་འགྲན་སློང་བ”ཞེས་པ་དེ་ཡིན། ངས《མི་འབོར་དང། རིག་གནས་ཀྱི་གདམ་གསེས་དང་བསླབ་ཚན》གྱི་དཔྱད་རྩོམ་ཕུལ་ཞིང་གཏམ་བཤད་ཀྱང་བྱས། དཔྱད་རྩོམ་དེར“མི་རིགས་ཀྱི་སྒེར་སྤྱོད་རིག་གནས་དང་རྒྱལ་ཁབ་ཀྱི་མཉམ་སྤྱོད་རིག་གནས། མིའི་རིགས་ཀྱི་མཉམ་སྤྱོད་རིག་གནས་བཅས་ཀྱི་བསླབ་ཚན་ནང་དོན་འདེམ་སྟངས་སྐོར་གྱི་བསམ་ཚུལ་བརྗོད་པ་ཡིན། མི་རིགས་ཁག་གིས་མཉམ་སྤྱོད་བྱེད་པའི་ཐུན་མོང་རིག་གནས་འཛུགས་སྐྲུན་ནི་རྒྱལ་ཁབ་མཐུན་སྒྲིལ་དང་། དམག་འཁྲུག་མེད་པར་བཟོ་བ། འཛམ་གླིང་ཞི་བདེ་བཅས་ཀྱི་རྩ་བའི་ཐབས་ལམ་ཞིག་ཡིན”པའི་ལྟ་བ་བཏོན། 1998ལོ་ནས1999ལོའི་བར་ང་ནོར་ཝེའི་ཐེ་ལཱ་མུའུ་སི་སློབ་ཆེན་ཤར་ཕྱོགས་སློབ་གླིང་དུ་ཕྱི་ཚར་འབུམ་རམས་པ་འདོན་དུ་སོང་། 2001ལོནས2002ལོའི་བར་ང་རང་དབྱིན་ཇིའི་ལུན་ཏུན་སློབ་ཆེན་སློབ་གསོ་སློབ་གླིང་དུ་གདན་ཞུའི་ཞིབ་འཇུག་པ་བྱས། 2003ལོའི་ཟླ9པ་ནས་ཟླ12པའི་བར་ཨ་རིའི་ཝ་ཧྲིང་ཐོན(华盛顿州立大学)ཀྲོའུ་བཙུགས་སློབ་ཆེན་དུ་མཐོ་རིམ་བློ་འདྲིའི་ཆེད་མཁས་པ་བྱས། 2012ལོ་ནས2013ལོ་བར་ཁ་ན་ཏའི་ས་སི་ཁེ་ཏུའུ་ཝུན་ཞིང་ཆེན་མུའུ་སི་ཆའོ་གྲོང་ཚོའི་སློབ་ཆུང་དུ་ལོ་གཅིག་གི་སློབ་ཆུང་དགེ་རྒན་བྱས། དེའི་དམིགས་ཡུལ་ནི་ནུབ་ཕྱོགས་རྨང་གཞི་སློབ་གསོའི་སློབ་ཚན་དང་སློབ་ཁྲིད་ལ་རྒྱུས་ལོན་གཏིང་ཟབ་བྱེད་ཆེད་ཡིན། གཞན་ཡང་། དུས་རྒྱུན་ཕྱི་རྒྱལ་དང་དུས་ཐུང་སྤེལ་རེས་བྱེད་ཐེངས་ཅུང་མང་ཡང་འདིར་བསྐྱར་ཟློས་མི་བྱེད། ངའི་རིག་གཞུང་གྲུབ་འབྲས་དུས་རིམ་གསུམ་དུ་དབྱེ་ཆོག་སྟེ། དུས་རིམ་དང་པོ་ནི་ཕྱིའི་སྣང་ཚུལ་ལ་བགྲོ་གླེང་བྱེད་པ་སྟེ། སློབ་གསོའི་དངོས་ཡོད་གནད་དོན་ལ་དབྱེ་ཞིབ་བྱེད་པ་ཙམ་ཡིན། དུས་མཚམས་དེའི་གྲུབ་འབྲས་གཙོ་བོ་ནི་ཕྱིའི་སྣང་ཚུལ་དེ་དཔེ་དེབ་ཀློག་དུས་ཀྱི་བསླབ་ཚན་ཁག་ཅིག་གི་ནང་དོན་དང་ཟུང་འབྲེལ་བྱས་ནས་བྲིས་པ་ཞིག་ཡིན་པ་དང་། ནང་དོན་ནི་སློབ་སྦྱོང་གི་སྤྲོ་སྣང་དང་། དགེ་རྒན་གྱི་ཆུ་ཚད་གནད་དོན། སློབ་ཚན་གྱི་གནད་དོན། སློབ་ཁྲིད་ཀྱི་གནད་དོན། དེ་བཞིན་དངོས་ཡོད་སློབ་གྲྭའི་སློབ་གསོའི་ཁྲོད་ཀྱི་དོ་དམ་གནད་དོན། བྱིས་པའི་གོ་གནས། ཤེས་བྱའི་གལ་ཆེའི་རང་བཞིན། སློབ་གྲྭའི་སློབ་གསོའི་དམིགས་ཡུལ་དང་། རྩ་དོན། ཐབས་ཤེས་སོགས་ཚུད་ཡོད། དེའི་ཐད་ཀྱི་གྲུབ་འབྲས་ལ《ཀྲུང་གོའི་མི་རིགས་སློབ་གསོའི་ཞིབ་འཇུག་གི་ལམ་བུ》(1993ལོ)དང་།《མི་རིགས་སློབ་གསོའི་ཞིབ་འཇུག་གི་གཞི་རྩའི་ཐབས་ཤེས་སྐོར་གླེང་བ》(1993ལོ)《མི་རིགས་བྱིས་པའི་འཚོ་བའི་བར་སྟོང་དང་འོས་འགན་སློབ་གསོའི་བསླབ་ཚན》(1994ལོ)《བོད་ཀྱི་སློབ་གསོའི་ཐར་ལམ》(1994ལོ)《བོད་རིགས་ཀྱིས་ལག་བསྟར་བྱེད་བཞིན་པའི་འོས་འགན་སློབ་གསོའི་སློབ་ཚན་གྱི་གཞི་རྩའི་གནད་དོན་དབྱེ་ཞིབ་བྱེད་པ》(1996ལོ)《བོད་རིགས་ས་ཁུལ་གྱི་སློབ་གྲྭའི་སློབ་གསོའི་སྐད་ཡིག་གི་གནད་དོན་རགས་བཤད》(1998ལོ)《ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་འཛུགས་སྐྱོང་ཐད་མཐོ་རིམ་སློབ་གསོའི་ཁྲོད་གནས་པའི་གནད་དོན་འགའ》(1994ལོ)སོགས་ཆེད་རྩོམ་བྲིས། གྲུབ་འབྲས་འདི་དག་གིས་ཕྱིའི་སྣང་ཚུལ་ལ་རྒྱས་བཤད་བྱས་པ་ཅུང་གསལ་བོ་ཡིན་མོད། འོན་ཀྱང་རིན་ཐང་གི་ངོས་ནས་གནད་དོན་ལ་དབྱེ་ཞིབ་བྱས་པ་མང་པོ་མི་འདུགདུས་རིམ་གཉིས་པའི་གྲུབ་འབྲས་ཀྱིས་རིན་ཐང་གི་ཐད་ནས་བགྲོ་གླེང་བྱས་པ་ཅུང་མང་། ངའི་འབུམ་རམས་པའི་དཔྱད་རྩོམ་ནི་དུས་མཚམས་དེར་གཏོགས་པས་སློབ་གསོའི་རིགས་པའི་གཞུང་ལུགས་ལ་བསམ་གཞིག་དང་དངོས་ཡོད་གནད་དོན་ལ་བརྟག་དཔྱད་བྱས་ཡོད། སློབ་གསོའི་ཚན་རིག་ཞིབ་འཇུག་ནི་མིའི་རིགས་ཀྱི་ཤེས་རིག་གི་འཕེལ་རིམ་སྐོར་ལ་ཞིབ་འཇུག་བྱེད་པ་དང་། མིའི་རིགས་ཀྱི་སློབ་གསོའི་སྐོར་གྱི་ཤེས་བྱར་ཉམས་ཞིབ་བྱེད་པ་ཞིག་ཡིན་ལ། སློབ་གསོའི་རིག་གཞུང་ཚན་ཁག་གི་མ་ལག་ལ་ཞིབ་འཇུག་བྱེད་པ་ཞིག་ཀྱང་ཡིན། འབྲེལ་ཡོད་ནང་དོན་ནི་མིའི་འཚོ་གནས་དང་འཚོ་གནས་སྤུས་ཚད་ཀྱི་གནད་དོན་ཡིན་པ་དང་། དགེ་སློབ་འབྲེལ་བ་དང་།ཁྱིམ་ཚང་འབྲེལ་བ། སྤྱི་ཚོགས་འབྲེལ་བ་སོགས་ཞིབ་ཕྲའི་ནང་དོན་ཡིན། དཔེར་ན་ནང་དོན་ག་འདྲ་ཞིག་དང་སློབ་ཚན་ག་འདྲ་ཞིག་ནི་རྒྱལ་ཁབ་ཀྱི་མ་འོངས་པར་ཕན་ཐོགས་ཡོད་དམ། སློབ་མའི་མ་འོངས་པའི་འཚོ་གནས་དང་འཕེལ་རྒྱས་ལ་ཕན་ཐོགས་ཡོད་དམ། ཇི་ལྟར་བྱས་ན་གཞི་ནས་མི་རྣམས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་ཐུབ་བམ། ཇི་ལྟར་བྱས་ན་གཞི་ནས་སློབ་མ་ཚང་མར་བདེ་སྐྱིད་ཐོབ་ཐུབ་པ་དང་། ཇི་ལྟར་བྱས་ནས་མི་ཚུལ་ལྡན་ཞིག་བྱེད་ཐུབ་པ།ཇི་ལྟར་བྱས་ནས་མཉམ་ལས་བྱེད་པ། ཇི་ལྟར་བྱས་ནས་རང་ཉིད་ཀྱི་མི་ཚེ་བཀོད་སྒྲིག་བྱེད་པ་སོགས་རེད། དེའི་ཐད་ཀྱི་ཞིབ་འཇུག་གྲུབ་འབྲས་ལ《བོད་ཀྱི་སློབ་གསོའི་ལམ་བུ་འཚོལ་ཞིབ》(1998ལོ)དང་། 《བོད་ཀྱི་སློབ་གསོའི་སྐད་ཡིག་གདམ་གསེས་ཀྱི་གནད་དོན་སྐོར་གླེང་བ》(1998ལོ)《ཤེས་རིག་གི་དཀའ་ངལ་སྐོར་གླེང་བ》(2000ལོ)《རིག་གནས་ཀྱི་མཐོང་སྣེ་འོག་གི་བོད་ཁུལ་ཀུན་སྤྱོད་སློབ་གསོ》(2007ལོ)《སློབ་གསོའི་ཞིབ་འཇུག་པའི་མཐོང་སྣེ་དང་འགན་འཁྲི་སྐོར་གླེང་བ》(2018ལོ)《བོད་ཀྱི་སློབ་གྲྭའི་སློབ་གསོའི་ཁྲོད་ཀྱི་སྐད་བརྡའི་གནད་དོན་བསྐྱར་དུ་གླེང་བ》(2009ལོ)《རིག་གནས་དང་མི་རིགས་མཐུན་སྒྲིལ་མཉམ་དུ་ལོངས་སྤྱོད་བྱེད་པའི་རྩ་དོན》(2011ལོ)སོགས་ཡོད། གྲུབ་འབྲས་དེ་དག་གིས་སློབ་གསོ་ནི་ཅི་ཞིག་ཡིན་པ་དང་། མིའི་བྱེད་སྒོ་ཡིན་ནམ་ཡང་ན་མི་གསོ་སྐྱོང་བྱེད་པའི་ལག་ཆ་ཡིན་པ། མི་རེ་རེའི་ཚེ་སྲོག་གི་བརྒྱུད་རིམ་དང་། རིག་གནས་རྒྱུན་འཛིན་བྱེད་སྟངས། རིག་གནས་གདམ་གསེས་དང་། ངོས་འཛིན། རྒྱུན་འཛིན་གྱི་བརྒྱུད་རིམ་སོགས་ཀྱི་གནད་དོན་ལ་བགྲོ་གླེང་བྱས་ཡོད།དུས་རིམ་གསུམ་པ་ནི་བསམ་བློའི་རྟེན་འབྲེལ་གྱི་ངོས་ལ་རྩད་གཅོད་བྱས་ཡོད། དེའི་ཐད་ཀྱི་ཞིབ་འཇུག་གྲུབ་འབྲས་ནི་སློབ་གསོའི་ངོ་བོའམ་ཡང་ན་འཚོ་གནས་ཀྱི་བསམ་གཞིག་དང་འབྲེལ་བ་ཡོད་ཅིང་། དོན་དངོས་ཐོག་མིའི་འབྱུང་ཁུངས་དང་། གྲུབ་ཚུལ། མིའི་ཚེ་སྲོག་གི་ངོ་བོའི་གནད་དོན་བཅས་ལ་བསམ་གཞིག་བྱེད་དགོས་པ་བསྟན་ཡོད། གལ་སྲིད་མི་ནི་ག་འདྲ་ཞིག་ཡིན་པ་ངོས་མ་ཟིན་ཚེ་སློབ་གསོ་ཞེས་པ་ཅི་ཞིག་ཡིན་པ་གསལ་བོར་ཤེས་མི་ཐུབ་ཅིང་། མིའི་བསམ་བློ་ནི་བྱ་དངོས་ཕྱིའི་སྣང་ཚུལ་ཙམ་དུ་གནས་པ་ལས་གྲུབ་འབྲས་འབུར་ཐོན་གྱི་ཞིབ་འཇུག་པར་བརྩི་མི་ཐུབ། ཞིབ་ཕྲའི་གྲུབ་འབྲས་ལ《རྩིས་ཐང་རྣམ་བཤད》(2012ལོ)དང་།《སློབ་གསོ་ནི་ཚེ་སྲོག་བརྒྱུད་རིམ་གྱི་རིག་པ་ཞིག་ཡིན》(2012ལོ)《སློབ་གསོ་ནི་དཔལ་ཡོན་ལེགས་སྒྲིག་གི་བྱེད་ནུས་ཡིན》(2013ལོ)《མིའི་རིགས་ཀྱི་ཚེ་སྲོག་གི་བློ་རིག་མཐོ་རུ་འདེགས་པའི་བརྒྱུད་རིམ་ནི་སློབ་གསོ་རིག་པའི་རིག་ཚན་འཕེལ་རྒྱས་ཀྱི་མ་གནས་ཡིན》(2014ལོ)《དུས་རབས་གསར་བའི་བོད་རིགས་ས་ཁུལ་གྱི་སློབ་གསོའི་གནས་བབ་དང་དེའི་བསམ་གཞིག》(2018ལོ)《སློབ་གསོའི་རྩ་བའི་དམིགས་ཡུལ་ནི་མིའི་རྩིས་ཐང་མངོན་དུ་འགྱུར་བ་དེ་ཡིན》(2019ལོ)གཞན་ད་དུང་སློབ་གསོའི་ཐོག་མའི་གནད་དོན་ལ་གྲོས་བསྡུར་བྱེད་སྐབས་རིག་གཞུང་གཞན་པའི་མཐོང་སྣེ་གཡར་ནས་ཞིབ་ལྟ་བྱེད་རྒྱུ་དང་ཁ་འབྲལ་ཐབས་མེད་དེ། དཔེར་ན་སྤྱི་ཚོགས་དང་། རིག་གནས། དཔལ་ཡོན། བོད་རང་གི་རིག་གནས་ཀྱི་དགོངས་པ་བཅས་སོ། ། དེའི་ཐད་ཀྱི་གྲུབ་འབྲས་ལ《ཤེས་རིག་གླེང་བ》(2015ལོ)དང་།《མིའི་རིགས་ཀྱི་སྤྱི་ཚོགས་གྲུབ་ཚུལ་གྱི་སྲོག་ཤིང་བཞི་དང་དེའི་འབྲེལ་བའི་སྐོར》(2018ལོ)《སྤྱི་ཚོགས་རྣམ་བཤད》(2019ལོ)《རིག་གནས་ཀྱི་མཐོང་སྣེ་ལས་དཔལ་ཡོན་གྱི་གོ་དོན་དང་དེའི་རིགས་དབྱེ་གླེང་བ》(2020ལོ)དེ་དང་འབྲེལ་བའི《རིག་ཚན་གྱི་གོ་དོན་དང་བོད་རིག་པའི་རིག་ཚན་སྒྲིག་འཛུགས་སྐོར》(2020ལོ)སོགས་ཡོད།མདོར་ན་ངའི་ཞིབ་འཇུག་ལ་གྲུབ་འབྲས་སྨིན་པ་ནི་ཕྱིའི་སྣང་ཚུལ་ནས་ངོ་བོའི་ཕྱོགས་སུ་འཕེལ་བ་དང་། རིག་གཞུང་གྲུབ་འབྲས་གྲུབ་པའི་གཏན་ཚིགས་ཀྱང་དེ་ལྟར་རོ། །
བཅར་འདྲི་པ། རྒན་ལགས་སློབ་གསོ་ལག་ལེན་བྱེད་མཁན་ཞིག་དང་སློབ་གསོ་རིགས་པའི་གཞུང་ལུགས་པ་ཞིག་ཀྱང་ཡིན་པས། ཁྱེད་ཀྱིས་སློབ་གསོ་རིགས་པའི་གཞུང་ལུགས་ལ་གོ་བ་ཇི་ལྟར་ལེན་བཞིན་ཡོད།
དཔལ་ལྡན་ཉི་མ། རིགས་པའི་གཞུང་ལུགས་ནི་ཆོས་ཉིད་དང་མཐུན་པའི་བསམ་བློའི་གྲུབ་འབྲས་ཤིག་ཡིན་པས། དེར་ངེས་པར་དུ་ནུས་པ་ཆེན་པོ་གསུམ་ལྡན་དགོས་པ་སྟེ། འགྲེལ་བཤད་ཀྱི་ནུས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པའི་ནུས་པ། མ་འོངས་པར་ཁ་ཕྱོགས་པའི་ནུས་པ་བཅས་ཡིན། རིགས་པའི་གཞུང་ལུགས་ཀྱི་འགྲེལ་བཤད་ནུས་པ་སྟེ་གཞུང་ལུགས་ཤིག་གིས“ཅི་ཞིག་ཡིན་པ”གསལ་བཤད་བྱ་དགོས་པ་དང། འདི་ནི“ཅི་ཞིག་ཡིན་པ”ཚད་གཞི་གང་འདྲ་ཞིག་ཏུ་སླེབས་ཡོད་པ་གསལ་བོར་ཤེས་ཚེ་རིགས་གཞུང་དེའི་གྲུབ་འབྲས་སྨིན་ཚད་དེ་འདྲ་ཞིག་ཏུ་སླེབས་ཐུབ་ཀྱིན་ཡོད། དེ་ནི་རྨང་གཞིའི་རིགས་པའི་གཞུང་ལུགས་རེད།“ཅི་ཞིག་ཡིན་པ”ཤེས་རྟོགས་བྱུང་བའི་རྨང་གཞིའི་ཐོག་བྱ་དངོས་ལ་རིགས་དབྱེ་བ་དང་ཚོད་དཔག་བྱས་པ་དེ་ནི་ཉེར་སྤྱོད་ཐད་ཀྱི་རིགས་པའི་གཞུང་ལུགས་ཡིན་པ་དང་། བརྡར་ཤ་བཅད་པ་ཞིག་ཀྱང་ཡིན་པས། བརྡར་ཤ་བཅད་པའི་རྨང་གཞིའི་ཐོག་ཞིབ་བཤེར་ར་སྤྲོད་བྱེད་པའི་བྱ་སྤྱོད་ནི་ལག་ལེན་ཡིན། ལག་ལེན་ནི་ཚོད་དཔག་ངེས་ཅན་ཞིག་ལ་བརྟེན་ནས“ཅི་ཞིག་ཡིན་པ”ར་སྤྲོད་བྱེད་པའི་བྱེད་སྒོ་ཞིག་ཡིན་ཞིང་། ལས་ཀ་བྱས་པ་ཙམ་ནི་ལག་ལེན་མིན་པ་དང་། སྤྱིར་བཏང་གི་བྱེད་སྒོ་ནི་ལག་ལེན་མ་རེད། ལག་ལེན་ནི་ཞིབ་འཇུག་རང་བཞིན་གྱི་བྱེད་སྒོ་ཞིག་ཡིན་པ་དང་། རང་ཉིད་ཀྱི་བསམ་བློའི་འདུ་ཤེས་ལ་དཔྱད་ཞིབ་བྱས་ནས་གོམ་གང་མདུན་སྤོས་ཀྱིས་དགག་གཞག་དང་། མཐོར་འདེགས། བཟོ་བཅོས་བཅས་བྱེད་དགོས། ལག་ལེན་ནི་ངེས་པར་དུ་མ་འོངས་པར་ཁ་ཕྱོགས་དགོས་པ་དང་།དེར་ཕྱོགས་གསུམ་གྱི་བླང་བྱ་འདོན་དགོས་ཏེ། བཀོལ་སྤྱོད་དང་།ཁྱབ་སྤེལ། རྒྱུན་མཐུད་བཅས་བྱེད་དགོས། དེའི་དབང་གིས་མི་ལ་ལས་ཡིག་འབྲུ་ཁྲི་སྟོང་མང་པོ་བཤད་པ་ནི་རིགས་པའི་གཞུང་ལུགས་མིན་ཞིང་། ལ་ལས་སྐད་ཆ་ཚིག་གཅིག་བཤད་ན་ཡང་རིགས་པའི་གཞུང་ལུགས་སུ་འགྱུར་ཐུབ། དེའི་རྒྱུ་མཚན་ནི་གོང་གི་བྱེད་ནུས་ཆེན་པོ་གསུམ་དང་ལྡན་པས་ཡིན།གཞུང་ལུགས་ལེགས་ཤོས་ནི་མ་འོངས་པར་ཁ་ཕྱོགས་པའི་གཞུང་ལུགས་ཤིག་ཡིན། གཞུང་ལུགས་འདི་རིགས་ཀྱིས་དུས་ཚོད་ཀྱི་ཞིབ་བརྟག་དང་ལོ་ཟླ་ཡི་ཞུན་བརྡར་ཐེག་ཐུབ། དཔེར་ན། ལོ་ངོ་ཉིས་སྟོང་ལྷག་གི་སྔོན་གྱི་བསམ་བློ་ཁ་ཤས་ལ་ད་ལྟའི་བར་དུ་ང་ཚོས་སྔར་བཞིན་གོང་བཀུར་དང་སློབ་སྦྱོང་བྱེད་བཞིན་ཡོད། རྒྱུ་མཚན་ནི་གཞུང་ལུགས་གྲགས་ཅན་འདི་དག་གིས་མི་རྣམས་ལ་ཕན་ཚུན་ཇི་ལྟར་གཅེས་སྐྱོང་དང་།མཉམ་དུ་འཚོ་གནས་བྱེད་དགོས་པ་གསལ་བཤད་བྱས་ཡོད། རིགས་པའི་གཞུང་ལུགས་དེ་ཉིད་ཀྱང“ལག་ལེན་དང་། སྲོལ་ལུགས། དགོངས་པ”བཅས་རིམ་པ་གསུམ་ལ་བརྟེན་ནས་གོ་བ་བླངས་ཆོག “དགོངས་པ”ཞེས་པ་ནི་བསམ་བློ་དང་འདུ་ཤེས་ཡིན་ཞིང་། ངོ་བོའི་ཐད་ཀྱི་ངོས་འཛིན་ཡིན་ཏེ། བྱ་དངོས“ཅི་ཞིག་ཡིན་པ”དང་།“ཅིའི་ཕྱིར”དེ་འདྲ་ཞིག་ཡིན་པ་འགྲེལ་བཤད་བྱ་དགོས་ཤིང་། དེ་ནི་རིགས་པའི་གཞུང་ལུགས་ཀྱི་འགྲེལ་བཤད་ནུས་པ་ཡིན།“སྲོལ་ལུགས”ནི་རིན་ཐང་ཐོག་ནས་བརྡར་ཤ་གཅོད་པ་ཞིག་ཡིན་ཞིང་། དེ་ནི་རིགས་པའི་གཞུང་ལུགས་ཀྱིས་ལག་ལེན་ལ་སློབ་སྟོན་བྱེད་པའི་ནུས་པ་ཞིག་ཡིན།“ལག་ལེན”ནི་ལག་ལེན་གསར་སྤེལ་བྱེད་པ་ཡིན་ལ། རིགས་པའི་གཞུང་ལུགས་ཀྱིས་མ་འོངས་པར་ཁ་ཕྱོགས་པའི་བྱ་སྤྱོད་ཀྱང་ཡིན། རིགས་པའི་གཞུང་ལུགས་ཟེར་བ་ནི་གནས་ལུགས་ཤིག་གསལ་བཤད་བྱ་རྒྱུ་དེ་ཡིན་ཞིང་།གནས་ལུགས་དེར་རིམ་པ་གསུམ་དུ་ཕྱེ་ཡོད། རིམ་པ་དང་པོ་ནི་ཆེས་ཕྱི་ངོས་དང་སྣང་ཚུལ་གྱི་རིམ་པ་དེ་ཡིན། དེ་ནི་དབང་ཤེས་ཀྱིས་འཛིན་ཐུབ་པའི་བྱ་དངོས་ཀྱི་ཕྱི་ངོས་སྣང་ཚུལ་གྱི་རིམ་པ་ཡིན། རིམ་པ་གཉིས་པ་ནི་ཁྱད་ཆོས་ཀྱི་རིམ་པ་ཡིན་ཞིང་།དེ་ནི་བྱ་དངོས་རང་ཉིད་བྱ་དངོས་གཞན་དང་དབྱེ་བ་འབྱེད་པའི་ཁྱད་ཆོས་ཡིན། རིམ་པ་གསུམ་པ་ནི་འདུ་ཤེས་ཀྱི་རིམ་པ་ཡིན་ཏེ། བྱ་དངོས་དེ་ཉིད་གནས་པའི་བར་སྟོང་གི་ཆ་ནས“གནས་པ”ཞེས་ཀྱང་ཟེར།“གནས་པ”ཞེས་པར་གོ་དོན་གཉིས་ཡོད་དེ། “བལྟོས་བཅས་ཀྱིས་ཇི་སྲིད་བར་དུ་གནས་པ”དང“གནས་སྐབས་ཀྱི་གནས་པ”ཞེས་པ་དེ་རེད།གལ་ཏེ་ཁྱད་ཆོས་རིམ་པ་དེ་བྱ་དངོས་སྤྱིར་བཏང་གི་ཁྱད་ཆོས་སུ་བརྩིས་ན། འདུ་ཤེས་ལ་ཉམས་ཞིབ་བྱེད་དགོས་པ་ནི་བྱ་དངོས་ཀྱི་རྩ་བའི་ངོ་བོ་ཡིན། དེར་བརྟེན། གལ་ཏེ་བསམ་བློར་འགྲེལ་བཤད་དང་། ལག་ལེན་ལ་མཛུབ་ཁྲིད། མ་འོངས་པར་ཁ་ཕྱོགས་པ་བཅས་ཀྱི་ནུས་པ་མེད་ཚེ། དེ་ནི་རིགས་པའི་གཞུང་ལུགས་སུ་མི་བརྩི་བ་དང་། མ་མཐའ་ཡང་གནད་སྨིན་འཐུས་ཚང་གི་རིགས་པའི་གཞུང་ལུགས་སུ་འགྱུར་མི་སྲིད། དེ་བས་སློབ་གསོའི་གཞུང་ལུགས་ཀྱང་དེ་དང་གཅིག་མཚུངས་ཡིན་པས་ཕྱོགས་གསུམ་ནས་གོ་བ་ལེན་དགོས།
བཅར་འདྲི་པ། ཁྱེད་ཀྱིས་མ་འོངས་པའི་བོད་ཀྱི་སློབ་གསོའི་འཕེལ་རྒྱས་ཁ་ཕྱོགས་དང་འོས་འགན་གསུང་རོགས་ཞུ།
དཔལ་ལྡན་ཉི་མ། མི་རིགས་སློབ་གསོ་གནས་པའི་དོན་སྙིང་ནི་མི་རིགས་སློབ་མས་རང་ཉིད་ཀྱི་འོས་འགན་དང་། འགན་འཁྲི། ཁེ་དབང་བཅས་ཤེས་སུ་འཇུག་པ་དང་།རྒྱལ་ཁབ་ཀྱི་རྩིས་ཐང་དང་ལྡན་པའི་འཛུགས་སྐྲུན་པ་ཞིག་ཏུ་འགྱུར་རྒྱུ་དེ་རེད། ཀྲུང་གོ་གསར་བ་དབུ་བརྙེས་རྗེས། བོད་འབྲེལ་ས་ཁུལ་གྱི་སློབ་གྲྭའི་སློབ་གསོ་འཕེལ་རྒྱས་མགྱོགས་པོ་བྱུང་ཞིང་། དེའི་ཕྱི་སྲ་ཆས་ཆ་རྐྱེན་དང་ཆུ་ཚད་ངེས་ཅན་ཞིག་ཏུ་སླེབས་ཡོད་ཅིང། ཐག་རིང་ལུང་ཁུག་གི་སློབ་གྲྭ་རེ་གཉིས་མ་གཏོགས་སྨྱན་མང་སྒྲིག་ཆས་སྤྱོད་ཐུབ་ཀྱི་ཡོད། ཡིན་ཡང་སློབ་ཚན་འཛུགས་སྐྱོང་དང་སློབ་ཁྲིད་ཆུ་ཚད་ཐད་གནད་དོན་མི་ཉུང་བ་ཞིག་སྔར་བཞིན་གནས་ཡོད། རྒྱལ་ནང་གི་སློབ་གྲྭ་དཀྱུས་མ་དང་འདྲ་བར་གཞི་རིམ་སྲིད་གཞུང་གི་སློབ་གསོ་དོ་དམ་སྡེ་ཁག་དང་སློབ་གྲྭ་མང་ཆེ་བས་སློབ་མའི་སློབ་རིམ་འཕར་ཚད་དང་གཅིག་གྱུར་རྒྱུགས་ལེན་གྱི་སྦྱངས་འབྲས་དེ་དོན་གཉེར་གྱི་དམིགས་ཚད་དུ་བརྩིས་ནས་སློབ་མའི་བརྩི་མཐོང་དང་བྱང་ཚད་ལ་དོ་སྣང་དེ་ཙམ་བྱེད་ཀྱིན་མི་འདུག སློབ་མའི་གཅིག་གྱུར་རྒྱུགས་ལེན་གྱི་སྦྱངས་འབྲས་དང་སློབ་རིམ་འཕར་ཚད་དེ་སློབ་གསོ“ལེགས་གྲུབ”དང“ཡར་ཐོན”གྱི་ཤན་འབྱེད་ཚད་གཞིར་རྩི་བཞིན་ཡོད། མི་རིགས་ས་ཁུལ་གྱི་སློབ་མར་ནང་ལོགས་ས་ཁུལ་གྱི་གཅིག་གྱུར་བླང་བྱའི་ལེགས་གྲུབ་ཚད་གཞི་སྤྱད་དེ་སློབ་སྦྱོང་བྱས་ཚེ། དེའི་མཇུག་འབྲས་ནི་སློབ་མ་ཇེ་ཉུང་དུ་ཕྱིན་པའམ་ཡང་ན་ཡིད་ཆེས་མེད་པར་གྱུར་ནས་སློབ་མ་ཚོར་རང་མི་རིགས་དང་ས་གནས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། ཀུན་སྤྱོད་འདུ་ཤེས། མི་ཆོས་རིན་ཐང་བཅས་ལ་དགོས་ངེས་ཀྱི་བརྩི་འཇོག་མེད་པར་གྱུར་ཏེ། ཚད་ངེས་ཅན་ཞིག་གི་ཐོག་ནས་སློབ་མ་འཕེལ་རྒྱས་གཏོང་བར་རང་ཤུགས་ཀྱིས་མཇུག་འབྲས་ངན་པ་བཟོ་སྲིད། རང་བྱུང་ཆ་རྐྱེན་གྱིས་མི་རིགས་རིག་གནས་ཀྱི་མི་ཆོས་བརྩེ་དུང་ཐག་གཅོད་བྱས་ཡོད་པས། དེ་དག་ཚང་མ་གཞན་གྱིས་ཚབ་བྱེད་མི་ཐུབ་པ་ཞིག་རེད། གལ་ཏེ་སློབ་རིམ་འཕར་བའི་སློབ་གསོའི་རྐྱེན་གྱིས་ས་གནས་དེ་གའི་རིག་གནས་མེད་བརླག་དང་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་རང་རྟོན་མེད་པར་འགྱུར་བ་དེ། དུས་ཡུན་འགྱངས་ན་མི་རིགས་ས་ཁུལ་གྱི་འཆམ་མཐུན་སྤྱི་ཚོགས་བསྐྲུན་མི་ཐུབ་པར་དེ་ལས་ལྡོག་སྟེ་ས་གནས་དེ་གའི་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་ངན་འབྲས་ཐོན་སྲིད། སློབ་གསོས་སློབ་མ་ལ་རྩིས་ཐང་སྟེར་ཐུབ་ཚེ་གཞི་ནས་མ་འོངས་འཛུགས་སྐྲུན་པའི་འགན་འཁྲི་འཁུར་ཐུབ། རིག་གནས་གྲུབ་ཚུལ་དང་མིའི་བསམ་བློའི་གྲུབ་ཚུལ་གྱི་ཆོས་ཉིད་ལ་གཞིགས་ན། སློབ་གསོས་མི་ལ་རྩིས་ཐང་ཐོབ་ཏུ་འཇུག་དགོས་ན། སློབ་གསོ་ལོངས་སྤྱོད་མཁན་ཚང་མར་རང་ཉིད་ཀྱི་ཚེ་སྲོག་གི་དོན་སྙིང་ཤེས་སུ་འཇུག་དགོས་པ་དང་། རང་ཉིད་མི་ཞིག་ཡིན་པའི་ཆ་ནས་མི་ཞིག་བྱེད་པའི་འོས་འགན་གང་འདྲ་ཞིག་ལྡན་དགོས་པ་ཤེས་སུ་འཇུག་དགོས། རང་ཉིད་སྤྱི་ཚོགས་འདིའི་སྒང་དུ་ལོ་ཚོད་མི་འདྲ་བའི་ཁྲོད་འགན་འཁྲི་གང་འདྲ་ཞིག་འཁུར་དགོས་པ་དང་། རང་ཉིད་ཀྱི་ཁེ་དབང་ནི་རང་ཉིད་ཀྱི་འོས་འགན་དང་འགན་འཁྲི་ལ་བརྟེན་ནས་མངོན་འགྱུར་བྱེད་དགོས། མི་ཚང་མར་སློབ་གྲྭའི་ནང་ནས་རྩིས་ཐང་ཐོབ་ཚེ་གཞི་ནས་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འགན་འཁུར་པ་ཞིག་ཏུ་འགྱུར་ཐུབ།
སློབ་གྲྭའི་རིག་གནས་ཀྱིས་མི་ལ་དྲིན་གཟོའི་བསམ་པ་དང་བརྩེ་དུང་ལྡན་པ་ཞིག་ཏུ་སྐྱེད་སྲིང་བྱེད་དགོས་པར་མ་ཟད། ད་དུང་རང་དབང་དང་། འདྲ་མཉམ། དྲང་གཞག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་གོ་དོན་མངོན་དུ་འཇུག་དགོས། སློབ་གྲྭའི་རིག་གནས་ཀྱང་འདུ་ཤེས་དང་། ལྟ་ཚུལ། རིན་ཐང་དང་བྱ་སྤྱོད། རྩ་འཛུགས་སྒྲིག་གཞི་བཅས་རིམ་པ་དུ་མ་ལས་གྲུབ་པ་དང་རིམ་པ་རེ་རེའི་མཚོན་ཚུལ་ལ་ཡིག་ཆ་དང་ཁྲིམས་སྲོལ་ཡོད་ལ་ཡུལ་དུས་ཀྱི་མཚོན་རྟགས་གཞན་དག་ཀྱང་ཡོད། འཇགས་རྣམ་གྱི་རིག་གནས་མཚོན་རྟགས་ཡོད་ལ་འགུལ་རྣམ་གྱི་བྱེད་སྒོའི་བརྒྱུད་རིམ་ཡང་ཡོད། སློབ་གྲྭའི་རིག་གནས་རིམ་པ་རེ་རེ་བཞིན་སློབ་མ་རེ་རེར་རྩིས་ཐང་ཐོབ་རྒྱུ་དམིགས་ཡུལ་དུ་བཟུང་སྟེ། མི་ཚང་མས་རང་ཉིད་ཀྱི་འོས་འགན་དང་། འགན་འཁྲི། ཁེ་དབང་བཅས་ཀྱི་ཞིབ་ཕྲ་ཤེས་པར་བྱ་དགོས། སློབ་གྲྭའི་རིག་གནས་ཀྱི་གྲུབ་རྒྱུ་ཚང་མ་ནི་མིའི་རྩིས་ཐང་མངོན་འགྱུར་ཡོང་བར་སློབ་གསོ་གཏོང་བའི་ཐབས་ལམ་དང་བྱེད་ཐབས་ཡིན། སློབ་གྲྭའི་སློབ་ཚན་དམིགས་ཚད་དང་།སློབ་ཚན་གྲུབ་ཚུལ། སློབ་ཁྲིད་བརྒྱུད་རིམ་བཅས་ནི་སློབ་མར་རྩིས་ཐང་ཐོབ་པའི་གཞི་རྩའི་བརྒྱུད་རིམ་ཞིག་ཡིན། རིག་ཚན་ཤེས་བྱ་ཡོད་ཚད་ཀྱི་འགྲེལ་བཤད་དེ་སློབ་མས་ཚེ་སྲོག་གི་དྲིས་ལན་འཚོལ་བར་འབྲེལ་བ་ཡོད། ལོ་རིམ་དམའ་བའི་ཤེས་བྱ་དེ་ཚེ་སྲོག་དང་ཐད་ཀར་འབྲེལ་བ་འབྱུང་སླ་ཞིང་། ལོ་རིམ་མཐོ་བའི་ཤེས་བྱ་དང་ཚེ་སྲོག་བར་གྱི་འབྲེལ་བ་ནི་གཞན་བརྒྱུད་རང་བཞིན་ལྡན་པ་ཞིག་ཡིན་པས། དགེ་རྒན་གྱི་ལས་འགན་ནི་གཞན་བརྒྱུད་ཀྱི་འབྲེལ་བ་དེ་རིགས་འཚོལ་རྒྱུ་དེ་ཡིན་པར་མ་ཟད། ད་དུང་འགྲེལ་བཤད་བྱ་དགོས། སློབ་མར་རྩིས་ཐང་ཐོབ་ཆེད་ཤེས་བྱ་ངེས་སུ་འཇུག་པ་དང་། ཤེས་ཡོན་ལོངས་སུ་སྤྱོད་པར་བྱས་ན་ད་གཟོད་ལེགས་འགྲུབ་ཀྱི་སློབ་གསོ་ཡིན།
སློབ་གྲྭའི་དོ་དམ་ལས་ཁུངས་དང་སྲིད་གཞུང་གི་དོ་དམ་ལས་ཁུངས་མི་འདྲ་ལ། ཁེ་ལས་ཀྱི་དོ་དམ་ལས་ཁུངས་དང་ཡང་གཏན་ནས་མི་འདྲ། སློབ་གྲྭ་ནི་མི་ཆོས་ཀྱི་སྤྱི་ཚོགས་ཤིག་ཡིན་པ་དང་། མི་ཚང་མ་དེར་ཤེས་ཡོན་ལོངས་སྤྱོད་དང་། རྩིས་ཐང་ཐོབ་པའི་སྤྱི་ཚོགས་ཤིག་ཡིན་པ་ལས། དཔལ་འབྱོར་དམིགས་ཡུལ་ལམ་གྲལ་རིམ་དམིགས་ཡུལ་ཞིག་གི་ཆེད་དུ་འགྲན་རྩོད་བྱེད་པའི་སྤྱི་ཚོགས་ཤིག་མ་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་སློབ་གྲྭའི་དོ་དམ་ལ་ཧ་ཅང་འཚམ་པོ་ཡོད། གཟབ་ནན་གྱིས་བཤད་ན། སློབ་གྲྭ་ནི་གདམ་གསེས་དང་ཕྱོགས་སྡོམ་བྱས་པའི་དཔལ་ཡོན་གྱི་བསམ་བློས་སློབ་མ་བསྡུ་བ་དང་སྤྱི་ཚོགས་ལ་སྣེ་ཁྲིད་བྱེད་པའི་རྩ་འཛུགས་ཀྱི་སྒྲིག་གཞི་ཞིག་ཡིན་ལ། དེ་རིང་སློབ་མ་རེ་རེའི་རྩིས་ཐང་ནི་མ་འོངས་པའི་སྤྱི་ཚོགས་ཀྱི་རྩིས་ཐང་ཡིན། སློབ་གྲྭས་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གཞི་རྩའི་ལས་ཀ་བྱེད་ཕྱོགས་སུ་འཛིན་དགོས། འདྲ་མཉམ་ཞེས་པ་ནི་མི་རེ་རེའི་སྐྱེས་ཐོབ་ཀྱི་ཤེས་རབ་རྒྱུ་གཅིག་རང་བཞིན་ལ་གོ་དགོས་པ་ལས། གྲལ་རིམ་གྱི་ཁྱད་པར་མེད། ཚེ་སྲོག་སྔ་གཞུག་གི་དུས་ཚོད་མ་གཏོགས་མེད། ཚེ་སྲོག་འདྲ་མཉམ་གྱི་དོན་ནི་མི་རེ་རེའི་ཚེ་སྲོག་གི་ཁྱད་ཆོས་ལ་བརྟེན་ནས་བཙན་འཕྲོག་བྱེད་མི་ཐུབ་པའི་རང་བཞིན་ཡིན། འདྲ་མཉམ་ནི་དྲང་བདེན་གྱི་སྔོན་འགྲོའི་ཆ་རྐྱེན་ཡིན། སྤྱི་ནི་ཁོར་ཡུག་དང་ཁྱིམ་ཚང་། སྐྱེ་ཁུངས། ཕོ་མོའི་དབྱེ་བ། ལུས་ཕུང་སོགས་ལས་བརྒལ་བའི་འདྲ་མཉམ་གྱི་དོན་ཡིན་ལ། འདྲ་མཉམ་བྱེ་བྲག་གི་དོན་ཡང་ཡིན། དོན་དངོས་ཀྱི་དྲང་བདེན་ནི་འདྲ་མཉམ་གྱི་མཐར་ཐུག་ཡིན། དྲང་བདེན་གྱི་ངོས་འཛིན་ནི་མི་ཚང་མའི་འདོད་བློ་ལྟར་ཡིན། མི་ཚང་མས་མོས་མཐུན་བྱེད་པའི་དྲང་བདེན་ནི་དོན་དངོས་ཀྱི་དྲང་བདེན་ཡིན། གལ་ཏེ་ཚུལ་མཐུན་གྱི་སློབ་གྲྭའི་ལས་ཀ་ཚང་མ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་བྱེད་ཕྱོགས་སུ་བཟུང་ནས། སློབ་གྲྭའི་ལས་ཀ་བྱས་ཚེ་ངལ་བ་ཆུང་ལ་ཕན་འབྲས་ཆེ་བ་དང་། སློབ་གྲྭའི་སྤྱི་ཚོགས་འཆམ་མཐུན་ཡོང་བ། དགེ་རྒན་དང་སློབ་མ་རྣམས་བདེ་སྐྱིད་དང་སྤྲོ་སྣང་ཡོང་ཐུབ། རྒྱུ་མཚན་དེའི་དབང་གིས་མི་ཚང་མར་རྩིས་ཐང་ཐོབ་པ་དང་། འགན་འཁྲི་འཁུར་ཐུབ་པ། མི་གཞན་ལ་བརྩི་འཇོག་བྱས་ན་ད་གཟོད་རང་ཉིད་ལ་བརྩི་འཇོག་བྱེད་ཐུབ།
བཅར་འདྲི་པ། ཁྱེད་ནི་བོད་ཀྱི་རྒན་རབས་པའི་མཁས་དབང་ཞིག་ཡིན་པའི་ངོས་ནས་གཞོན་རབས་པ་དང་ཡང་ན་སློབ་གསོའི་ལས་ཞུགས་པ་དག་ལ་སྐད་ཆ་ཅི་ཞིག་གསུང་རྒྱུ་ཡོད་ལགས།
དཔལ་ལྡན་ཉི་མ། བོད་མི་རིགས་ནི་འཛམ་གླིང་ཡང་རྩེའི་མཚོ་བོད་མཐོ་སྒང་དུ་འཚོ་སྡོད་བྱེད་བཞིན་ཡོད་ཅིང་།དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་གྲུབ་ཆ་ཞིག་དང་མིའི་རིགས་ཀྱི་དཔལ་ཡོན་འཛུགས་སྐྱོང་བྱེད་མཁན་གྱི་གྲས་ཤིག་རེད། དེར་བརྟེན། ང་ཚོས་ངེས་པར་དུ་བསམ་བློ་གཏོང་བ་དང་བློ་རྒྱ་ཡངས་པོར་ཕྱེ་ནས་གནད་དོན་ལ་ཁ་གཏད་འཇལ་ཕོད་པའི་ཚན་རིག་གི་སྙིང་སྟོབས་དགོས་པ་ལས།རྒྱུན་པར་གཞན་པའི་དམིགས་བསལ་རོགས་སྐྱོར་རེ་ཨེ་ཡོང་ལ་སྒུག་ནས་འདུག་མི་རུང་ལ། ཁུངས་མེད་རྫུན་བཟོ་དང་རང་མགོ་རང་གཡོགས་སོགས་བྱེད་མི་རུང་། ང་ཚོས་འཛམ་གླིང་གི་ཚན་རིག་པ་རྩེ་ཕུད་དག་ལ་སློབ་སྦྱོང་བྱ་དགོས། འདི་ནི་ཚན་རིག་ཞིབ་འཇུག་བྱེད་པའི་གཞི་རྩའི་རྣམ་འགྱུར་ཞིག་རེད། སྔོན་ཆད་ངས《སློབ་གསོ་ཞིབ་འཇུག་པའི་མཐོང་སྣེ་དང་འགན་འཁྲིའི་སྐོར་གླེང་བ》(སློབ་གསོ་ཞིབ་འཇུག 2000ལོའི་ཟླ12པ)ཞེས་པའི་དཔྱད་རྩོམ་དུ་སློབ་གསོ་ཞིབ་འཇུག་པའི་བྱང་ཚད་སྐོར་གྱི་གནད་དོན་ལ་ཆེད་དུ་བགྲོ་གླེང་བྱས་ཡོད། དེའི་ནང་སློབ་གསོ་ཞིབ་འཇུག་པའི་འབྱུང་རྐྱེན་དང་སློབ་གསོ་ཞིབ་འཇུག་པས་འཁུར་དགོས་པའི་འགན་འཁྲི་སོགས་ཚུད་ཡོད། དཔྱད་རྩོམ་འདིའི་བགྲོ་གླེང་བྱ་ཡུལ་ནི་སློབ་གསོ་ཞིབ་འཇུག་བྱེད་མཁན་ཡིན་མོད། འོན་ཀྱང་ངས་བལྟས་ན་ཚན་རིག་དང་ལྡན་པའི་ཞིབ་འཇུག་པ་ལེགས་ཤོས་ལ་རིག་ཚན་གྱི་དབྱེ་བ་མེད་པ་དང་།རིགས་རྒྱུད་དང་། རྒྱལ་མཚམས་ཀྱི་དབྱེ་བ། དད་མོས་ཀྱི་དབྱེ་བ་མེད་པར་བདེན་དོན་བརྩོན་ལེན་བྱེད་དགོས་པ་མ་ཟད། ད་དུང་མིའི་རིགས་ཀྱི་དཔལ་ཡོན་ཡར་རྒྱས་འཚོལ་ཞིབ་བྱེད་པའི་ལས་ཀར་རང་ཉིད་ཀྱི་མི་ཚེ་གཅིག་གི་ཚེ་སྲོག་དབུལ་དགོས་པ་དེ་རེད་སྙམ། ང་ཚོས་སྔོན་བྱོན་དམ་པ་དང་དེང་རབས་ཚན་རིག་པ་རྣམས་ཀྱི་སྙིང་སྟོབས་རིན་ཐང་བྲལ་བ་དེ་བརྩོན་ལེན་བྱ་དགོས་པ་དང་། མི་གཤིས་འོད་སྟོང་འཕྲོ་བའི་ཚན་རིག་གི་སྙིང་སྟོབས་དེ་རིགས་མཐོང་དགོས། ཚན་རིག་ཞིབ་འཇུག་བྱེད་པའི་དམིགས་ཡུལ་ནི་མི་ལ་བཅངས་པའི་བརྩེ་སེམས་དང་འགན་འཁྲི་ལས་བྱུང་བ་ཡིན་ཞིང་། དེ་ནི་སེམས་བཟང་དང་འབྲེལ་ཞིང། སེམས་བཟང་ནི་དེའི་འབྱུང་ཁུངས་ཡིན། ངས་སེམས་བཟང་ལ“ཚེ་སྲོག་ལ་བརྟེན་ནས་དགོས་ངེས་ཀྱི་འཁོར་སྐྱོད་རྗེས་ཤུལ་གྱི་གནས་ལ་ཤེས་རྟོགས་དང་། ཁས་ལེན་བྱེད་དགོས”ཞེས་འགྲེལ་བཤད་བརྒྱབ་པ་ཡིན། ཤེས་བྱ་དང་གཞུང་ལུགས་ག་གེ་མོ་ཞིག་ལ་ཤེས་རྟོགས་བྱེད་པ་ནི་སློབ་སྦྱོང་ཡིན་པ་དང། ཤེས་པ་ཙམ་གྱིས་ད་དུང་གཏིང་སྔོག་མི་ཐུབ། ཤེས་རྟོགས་ངོ་མ་ཞིག་རྒྱུད་ལ་ལེན་པར་བརྩེ་དུང་དང་འབྲེལ་ཐུབ་པ་ན། ད་གཟོད་སྙིང་རྗེ་དང་སེམས་བཟང་འབྱུང་ངེས། སེམས་བཟང་ཇི་ལྟར་བྱུང་བ་མ་ཤེས་པ་དེར་སྦྱིན་པ་ཟེར། དཔེར་ན་སྤྲང་པོ་ལ་དངུལ་ཙམ་སྤྲོད་པ་ནི་སེམས་བཟང་ཡིན་ནམ། དོན་དངོས་ཐོག་དུས་མང་ཆེ་བར་མི་རྣམས་ཀྱིས་གཞན་ལ་སྦྱིན་པ་བཏང་བར་བརྟེན་ནས་རང་ཉིད་ཀྱི་ཉེས་པ་ཇེ་ཡང་དུ་གཏོང་བཞིན་ཡོད། དེ་ནི་སྒེར་སེམས་ཤིག་རེད། བྱམས་པ་ཡོད་ཚེ་གཞན་དོན་སེམས་པ་དང་། གཞན་པའི་ཚེ་སྲོག་ཁས་ལེན་ཞིང། རང་དོན་དག་གཞན་དོན་དུ་འཕོས་ནས་མིའི་རིགས་ཀྱི་ཁྲོད་དུ་འཇོག་པ་དང་། འགྲོ་བ་ཀུན་ལ་འཇུག་པ་མ་ཟད། ད་དུང་འདྲ་མཉམ་མངོན་གྱུར་བྱེད་པའི་རྨང་གཞི་ཡིན་པ་ཁས་ལེན་དགོས། འདྲ་མཉམ་གྱི་གོ་དོན་གང་ཡིན་ཟེར་ན། འདྲ་མཉམ་ཞེས་པ་ནི་རྒྱུས་ལོན་བྱུང་རྗེས་ཀྱི་བརྩེ་དུང་དང་རིན་ཐང་གི་ཤེས་རྟོགས་ལས་བྱུང་བའི་ཚེ་སྲོག་རེ་རེ་དང་དེའི་ཁྱད་ཆོས་ལ་བཙན་འཕྲོག་བྱེད་ཐབས་མེད་པའི་ངོས་འཛིན་གཅིག་མཐུན་བྱུང་བ་ལས་ཡོང་བ་ཞིག་རེད།
སེམས་བཟང་ནི་བསམ་བློ་གཏོང་སྟངས་ཤིག་རེད། བསམ་བློའི་གོ་རྟོགས་ཅི་འདྲ་ཞིག་ཡིན་ཞེ་ན། ཚེ་སྲོག་ལ་རྒྱུས་ལོན་དང་ཁས་ལེན། དེ་ལ་དགོས་ངེས་འཁོར་སྐྱོད་ཀྱི་བགྲོད་ལམ་སྤྲད་པའི་གནས་སྟངས་ཡིན། སེམས་བཟང་གི་དངོས་ཡོད་རྣམ་པ་ནི་བྱམས་པ་ཡིན་པས། བྱམས་པ་ནི་དམིགས་ཡུལ་མེད་པ་ཞིག་མིན་ལ། ནག་ནོག་ཞིག་ཀྱང་མིན། སྒེར་སེམས་ཅན་ཞིག་ཀྱང་ཡིན་མི་སྲིད། རིག་གནས་མི་འདྲ་བས་སེམས་བཟང་ལ་གོ་བ་ལེན་སྟངས་ཀྱང་མི་འདྲ། དེའི་དབང་གིས་བྱམས་པའི་གོ་དོན་ཡང་མི་འདྲ། ཞིབ་འཇུག་པར“སེམས་བཟང་གི་བསམ་ཕྱོགས”དགོས་ཚེ་སེམས་བཟང་གི་རྩ་དོན་ཤེས་དགོས་པ་མ་ཟད། ད་དུང་རིག་གནས་མི་འདྲ་བའི་སེམས་བཟང་གི་ནང་དོན་དང་དེའི་ནང་དོན་ལས་མངོན་པའི་བརྩེ་དུང་གི་བྱ་སྤྱོད་ཐད་ཀྱི་ཁྱད་པར་ཡང་ཤེས་དགོས་ཤིང་། ཁྱད་པར་དུ་མིའི་རིགས་ཐུན་མོང་དང་།རང་ཉིད་ལས་བརྒལ་བ། མིག་སྔར་ལས་བརྒལ་བ་བཅས་ཀྱི་རྨང་གཞིའི་རང་བཞིན་དང་རྒྱང་ལྟའི་རང་བཞིན་སྔར་བས་ཆེན་པོ་ལྡན་པའི་བློ་རྒྱ་དང་འདོད་བློ་དེ་རྩད་གཅོད་བྱ་དགོས།འདི་ནི་མིའི་རིགས་ཀྱི་མཁས་དབང་རྩེ་ཕུད་དག་ལ་ཚང་དགོས་པའི་ཆ་རྐྱེན་ཞིག་རེད། མིའི་རིགས་ཀྱི་ཤེས་རིག་འཕེལ་བའི་ལོ་རྒྱུས་ལ་བལྟས་ཚེ། ཤར་ཕྱོགས་དང་ནུབ་ཕྱོགས་གང་ཡིན་རུང་། བདེ་ཐང་དང་བྱེ་ཐང་ཡིན་ནའང་འདྲ། ཡང་ན་མཚོ་རྒྱུད་ས་ཁུལ་ཡིན་ནའང་འདྲ། ས་གནས་དེར་བྱུང་བའི་བསམ་བློ་པ་དང་ཚན་རིག་པ་མང་པོ་ཐོན་མྱོང་བ་ང་ཚོས་ཤེས་གསལ་ལྟར་རོ། ། དེ་དང་འདྲ་བར་མདོ་དབུས་མཐོ་སྒང་དུའང་མིའི་རིགས་ཀྱི་རྩེར་སོན་ཚན་རིག་ཞིབ་འཇུག་གི་བྱང་ཚད་ལྡན་པའི་མཁས་དབང་མང་པོ་གསོ་སྐྱོང་བྱས་ཡོད་ལ་མ་འོངས་པར་བོད་ཀྱི་ཚན་རིག་ཞིབ་འཇུག་མི་སྣ་དེ་བས་མང་བ་སྐྱེད་སྲིང་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད། དོན་དངོས་ཐོག་དེ་ནི་ང་ཚོ་བོད་རིགས་ན་གཞོན་ཚན་རིག་ཞིབ་འཇུག་པས་དོན་གཉེར་བྱེད་པའི་དམིགས་ཡུལ་ཡིན་ཞིང་། དེ་ལྟར་བྱས་ཚེ་བོད་ཀྱི་དཔལ་ཡོན་གྱིས་རྒྱལ་ཁབ་ཀྱི་དཔལ་ཡོན་འཛུགས་སྐྱོང་དང་ཐ་ན་མིའི་རིགས་ཀྱི་དཔལ་ཡོན་འཛུགས་སྐྱོང་ལ་དགོས་ངེས་ཀྱི་ལེགས་སྐྱེས་དབུལ་ཐུབ།
བཅར་འདྲི་པ། རྒན་ལགས་ལ་ཐུགས་རྗེ་ཆེ། ཁྱེད་ཀྱི་སྐུ་ཁམས་བདེ་ཐང་ཡོང་བའི་སྨོན་འདུན་ཞུ། བཀྲ་ཤིས་བདེ་ལེགས། །
དཔྱད་གཞིའི་ཡིག་ཆ།
[1]巴登尼马.文化视野中的藏族义务教育课程[M]兰州.甘肃人民出版社,1997.
[2]巴登尼玛.藏族儿童趣味丛书(4套)[M]成都.
四川民族出版社,1999.
[3]巴登尼玛.世界名人(8套)[M]成都.四川民族出版社,2001.
[4]巴登尼玛.文明的窗口(8套)[M]成都.四川民族出版社,2002.
[5]巴登尼玛.世界名人的故事(9套)[M]成都.
四川民族出版杜,2003.
[6]巴登尼玛.人类科学(8套)[M]成都.四川民族出版社,2006.
[7]巴登尼玛、布穷. 行走在古堡山村的足迹[J]成都.四川民族出版杜,2016.
[8]巴登尼玛.文明的困惑—藏族教育之路[M]成都.四川民族出版社,2000.
[9]斯塔夫里●阿诺斯著.吴象婴等译. 全球通史:从史前史到21世纪(上)[M]北京.北京大学出版社2006:78.
[10]巴登尼玛.教育的根本任务是实现人的尊严[J]民族教育研究,2019(3).
* ཙག་པ་ཀུན་བཟང་རྡོ་རྗེ། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་རྩོམ་སྒྲིག་པའི་ཕྱག་ལས་གནང་བཞིིན་ཡོད།
* ཚེ་བྱམས་མཚོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི2021ལོའི་མི་རིགས་རིག་པའི་རབ་འབྱམས་ཞིབ་འཇུག་སློབ་མ་ཡིན།
①མ་རྩོམ་ནི2021ལོའི《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》དེབ་དང་པོ(རྒྱ་ཡིག་པར་གཞི)ལས་བསྒྱུར། འདིར་ཉུང་འཕྲི་བྱས་ནས་བཀོད་ཡོད།