[གནད་བསྡུས] རྩོམ་འདིའི་ནང2022ལོའི་སྲིད་གཞུང་ལས་དོན་སྙན་ཞུའི་ཁྲོད་ཀྱི་བསྡུས་མིང་རྣམས་ཕྱོགས་གཅིག་ཏུ་བཏུས་ཏེ། དེ་དག་རེ་རེའི་བོད་འགྱུར་དང་སྒྱུར་ཐབས་གང་ཞིག་སྤྱད་ཡོད་པ་རེའུ་མིག་ལམ་ནས་བཀྲལ་ཡོད་པ་མ་ཟད། ད་དུང་མིང་གི་ངོ་བོ་ལ་གཞིགས་ནས་མིང་ཚིག་དང་གྲངས་ཚིག བྱ་ཚིག་བཅས་རིགས་གསུམ་དུ་དབྱེ་ནས། ཆབ་སྲིད་ཡིག་རིགས་ཁྲོད་བྱུང་བའི་བསྡུས་མིང་བོད་ཡིག་ལ་བསྒྱུར་བའི་ཐབས་དང་ཆོས་ཉིད་ལ་དབྱེ་ཞིབ་ཅུང་ཙམ་བྱས་ཡོད།
[གནད་ཚིག] ཆབ་སྲིད་ཡིག་རིགས། བསྡུས་མིང་། རྒྱ་བོད་ཡིག་སྒྱུར།
གཅིག བསྡུས་མིང་གི་གོ་དོན་དང་དེའི་འབྱུང་རྐྱེན།དེ་ཡང་བསྡུས་མིང་གི་རིགས་འདི་གནའ་དེང་དང་རྒྱལ་ཁབ་ཕྱི་ནང་། མི་རིགས་བཅས་ཀྱི་ཁྱད་པར་མེད་པར་སྤྱད་དང་སྤྱོད་ཀྱིན་པའི་བརྗོད་པའི་རིགས་ཤིག་ཡིན་ཞིང་།ལྷག་ཏུ་ཚན་རིག་ལག་རྩལ་འཕེལ་རྒྱས་མགྱོགས་ཤིང་། སྤྱི་ཚོགས་ཡོངས་ཀྱི་གོམ་སྟབས་མྱུར་བའི་དུས་འདིར། ཀུན་གྱིས་དུས་ཐུང་ཐུང་ནང་ཆ་འཕྲིན་མང་པོ་བརྒྱུད་སྤེལ་ཐུབ་པར་བརྩོན་གྱི་ཡོད་པས། བསྡུས་མིང་གི་རིགས་འདི་སྔར་ལས་ཀྱང་དར་ཁྱབ་ཆེ་བར་སྣང་།བོད་ཀྱི་སྐད་དང་ཡི་གེའི་ནང་ཡི་གེའི་སྦྱོར་བ་ཇེ་ཉུང་དུ་གཏོང་ཕྱིར་ཡི་གེ་སྐུང་ཐབས་དང་། མིང་གི་སྐབས་སུ་མིང་གི་ཆ་ཤས་གང་རུང་བསྡུ་ཐབས། ཚིག་གི་སྐབས་སུ་རྒྱན་སྡུད་དང་དེ་སྒྲ་སོགས་སྒྲ་སོགས་ཚིག་ཕྲད་ཀྱིས་བསྡུ་ཐབས།རྒྱན་གྱི་སྐབས་སུ་སྡུད་པའི་རྒྱན་བཅས་བསྡུ་བའི་ཐབས་མང་པོ་བསྟན་ཡོད། དེ་ལ་ཐོག་མར་འདིའི་སྐབས་ཀྱི་བསྡུས་མིང(缩略词)ཞེས་བྱ་བ་འདི་གང་ཞིག་ལ་གོ་ཞེ་ན། 《བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་མེ་ལོང》ནང་།“ཚིག་སྡུད་ཅེས་པ་ནི་བརྗོད་དོན་གྱི་དགོས་མཁོ་དང་ཚིག་དོན་གོང་འོག་གི་གནས་སྐབས་ཀྱི་དབང་གིས། མིང་དང་ཚིག་གི་ཆ་ཤས་དང་། ཚིག་ཕྲད་སོགས་ཉུང་ངུར་བསྡུས་ཀྱང་དོན་སྤྱི་ལྡོག་ནས་སྔར་གྱི་སོ་ན་གནས་པའི་བརྡ་སྤྲོད་ཀྱི་ཐབས་ལམ་ཞིག་ལ་བྱ་ཞིང་།དེ་ཡང་ཚིག་གི་ཆ་ཤས་བསྡུ་བ་ཁོ་ན་མ་ཡིན་པར། མིང་དང་མིང་གི་ཚོགས་པ་དང་བཅས་པའི་རྗོད་བྱེད་ཀྱི་སྒྲ་སྤྱིའི་བསྡུ་ཚུལ་ལ་གོ་དགོས།”ཞེས་པ་སྐབས་སུ་བབ་པའི་བསྡུས་མིང་གི་གོ་དོན་ལ་འཚམ་ཞིང་། དེ་ནི་མིང་དང་མིང་གི་ཚོགས་པ་གང་ཞིག་བརྗོད་པ་ལ་ཉ་ཉོག་མེད་པར་སྒྲ་ཟོར་ཡང་ཞིང་བརྗོད་བདེ་མོར་གཏོང་ཆེད་ཡིན་པདང་། ཚིག་ཉུང་དོན་བསྡུས་ལ་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པའི་ཁྱད་ཆོས་ལྡན། བརྗོད་སྟངས་འདི་རྩོམ་ཡིག་ནང་བེད་སྤྱོད་བྱས་ན། བརྗོད་པ་ཚིག་སྡུད་མང་པོ་ཉིད། ། འདི་ནི་ལྷུག་པ་དག་གི་གསོས། ། ཞེས་བྱུང་ཡོད་པ་ནང་བཞིན། རྗོད་བྱེད་ཀྱི་ཚིག་རྣམས་ཆེས་ཕུལ་དུ་བྱུང་བའི་ཚིག་རྒྱན་གྱི་ཉམས་ཐོན་པར་མ་ཟད། ད་དུང་བརྗོད་དོན་བརྟན་ཞིང་བརླིང་ལ་གཟབ་ནན་ཆེ་བ། ཚིག་དོན་རེ་རེ་ནས་གཙང་ཞིང་བཙུན་པ། བླང་དོར་གྱི་བསླབ་བྱ་དང་བཀོད་པ་ཁྱབ་འདོམས་སོགས་ཟིལ་ཤུགས་ཆེས་ཆེར་འབྱུང་བའི་ནུས་པ་ཐོན་ཐུབ། དེས་ན་ཆབ་སྲིད་ཡིག་རིགས་ཀྱི་རྗོད་བྱེད་ལའང་མ་གཞི་ནས་ཚིག་ཉུང་དོན་བསྡུས་ཀྱི་ཁྱད་ཆོས་ལྡན་པས། དེར་བྱུང་བའི་བསྡུས་མིང་ལོ་ཙཱ་ལེགས་པར་བྱེད་ཐུབ་ན་འགྱུར་ཡག་པོ་ཞིག་འཁྱོངས་ཐུབ།
གཉིས། ཆབ་སྲིད་ཡིག་རིགས་ཁྲོད་ཀྱི་བསྡུས་མིང་གི་རྣམ་པ་དང་དེའི་སྒྱུར་ཐབས།
2022ལོའི་སྲིད་གཞུང་གི་ལས་དོན་སྙན་ཞུའི་རྒྱ་ཡིག་པར་མར་ཁྱོན་སྡོམ་བསྡུས་མིང་མི་འདྲ་བ70འདུག་ཅིང་། དེ་དག་རེ་རེའི་བོད་འགྱུར་ཕྱོགས་གཅིག་ཏུ་བསྡུས་ཤིང་། མིང་གི་ངོ་བོ་ལ་གཞིགས་ནས་མིང་ཚིག་རྣམ་པའི་བསྡུས་མིང་དང་། གྲངས་ཚིག་རྣམ་པའི་བསྡུས་མིང་། བྱ་ཚིག་རྣམ་པའི་བསྡུས་མིང་བཅས་རིགས་ཆེན་པོ་གསུམ་དུ་བསྡུས་ཡོད། གཤམ་དུ་རིགས་འདི་གསུམ་པོ་རེ་རེ་བཞིན་དབྱེ་ཞིབ་ཅིག་བྱས་ཚེ།
1. མིང་ཚིག་རྣམ་པའི་བསྡུས་མིང་།
མིང་ཚིག་རྣམ་པའི་བསྡུས་མིང་ཡང་ཆེད་སྤྱོད་མིང་ཚིག་དང་སྤྱིར་བཏང་མིང་ཚིག་སྟེ་རིགས་གཙོ་བོ་གཉིས་ལས་གྲུབ། ཆེད་སྤྱོད་མིང་ཚིག་གི་བསྡུས་མིང་དག་རྒྱའི་སྐད་ཡིག་གི་ཁྲོད་དུ་གཏན་ཆགས་ཀྱི་རྣམ་པ་ཞིག་ཏུ་གྲུབ་ནས་ཡོད་ཅིང་། ཁྱབ་བརྡལ་གྱི་ཚད་ཀྱང་ཆེ། ཆེད་སྤྱོད་མིང་འདིའི་རིགས་བེད་སྤྱོད་པའི་གནས་སྐབས་སུ། ཧ་ཅང་གཟབ་ནན་དང་ཚད་ལྡན་གྱི་སྐད་ཆའི་ཁོར་ཡུག(语境)ཏུ་སྤྱོད་སྐབས་སྤྱིར་བཏང་མིང་ཆ་ཚང་འབྲི། བེད་སྤྱོད་ཀྱི་ཕྱོད་ཚད(频率)ཇེ་ཆེར་ཆགས་པ་དང་། བརྡ་རང་ཉིད་ཆེད་སྤྱོད་བརྡ་ཆད་ཅིག་ནས་སྤྱི་སྤྱོད་བརྡ་ཆད་ཅིག་ཏུ་ཆགས་པའི་གོ་རིམ་ཁྲོད། སྤྱིར་བཏང་བསྡུས་མིང་རང་གི་མིང་རྒྱུ་གཙོ་བོ་ཁ་ཤས་བདམས་ནས་བེད་སྤྱོད་པ་རྒྱུག་ཆེ། འདིའི་རིགས་ལོ་ཙཱ་བྱ་སྐབས། སྔོན་ལ་མིང་ཆ་ཚང་བོད་ཡིག་ཏུ་བསྒྱུར་རྗེས། དོན་སྔ་ཕྱི་མི་འགལ་བ་རྩ་དོན་དུ་བྱས་ཏེ་ཚིག་བསྡུ་བའི་ཐབས་ཀྱིས་ལོ་ཙཱ་བྱ་བ་ལས། རྒྱ་ཡིག་གི་བསྡུས་མིང་ཁོ་ན་མ་ཡིག་ཏུ་བྱས་ཏེ་བསྒྱུར་ན་འགྱུར་སྐྱོན་བྱུང་ཉེན་ཆེ། དཔེར་ན།“人大”ཐད་ཀར“མི་ཆེན”དུ་བསྒྱུར་པ་དང་།“服贸会”ཐད་ཀར“གྱོན་གོས་ཚོང་འདུས”སུ་བསྒྱུར་པ་ལྟ་བུ། ཆེད་སྤྱོད་བསྡུས་མིང་འདིའི་རིགས་ཀྱི་སྒྱུར་ཐབས་ཐད།“中国”ལ“ཀྲུང་གོ”ཞེས་སྒྲ་སོར་འཇོག་གི་སྒྱུར་ཐབས་སྤྱད་པ་ལས་གཞན་ཕལ་མོ་ཆེར་ཐད་སྒྱུར་དང་སྣོན་སྒྱུར་གྱི་ཐབས་སྤྱད་ཡོད་དེ།“全国政协”དང“工会”ལྟ་བུར“རྒྱལ་ཡོངས་སྲིད་གྲོས”དང“བཟོ་ཚོགས”ཞེས་ཐད་སྒྱུར་བྱས་ཡོད་ཅིང་། དེ་ཡང“ཆབ་སྲིད་གྲོས་མོལ”དང“བཟོ་པའི་མཉམ་འབྲེལ་ལྷན་ཚོགས”ཞེས་པའི་མིང་གི་ཆ་ཤས་བླངས་ནས་བསྡུས་མིང་གྲུབ་པར་བྱས་པས། ནང་དོན་དང་རྣམ་པ་གཉིས་ཐད་ནས་མ་ཡིག་གི་ནང་དོན་ཇི་བཞིན་དུ་བསྒྱུར་ཐུབ་ཡོད། དེ་མིན“妇联”དང“进博会”སོགས་ཀྱང“བུད་མེད་མཉམ་འབྲེལ་ལྷན་ཚོགས”དང“ནང་འདྲེན་དངོས་མང་སྟོན་ཚོགས”ལྟར་བསྒྱུར་པའང་མ་ཡིག་གི་ནང་དོན་ཇི་བཞིན་འགྱུར་ཡིག་ལ་ཐོན་འདུག འདིའི་རྒྱུ་རྐྱེན་ཡང་མིང་གི་ཆ་ཤས་གང་ཞིག་དོར་ན་ནང་དོན་དང་འགལ་ཉེན་ཆེ་བ་དང་། བསྡུ་ཆེ་ན་དོན་གསལ་བོར་སྟོན་མི་ཐུབ་པའི་གནད་དོན་ཡོད་པས་སྣོན་སྒྱུར་གྱི་ཐབས་སྤྱད་པས་སོ། ། ཡང“冬奥会”དང“残奥会”ལ་སོགས་པ་ནི་གནས་སྐབས་ཀུན་ལ་ནང་དོན་གསལ་བོ་སྟོན་ཕྱིར“དགུན་དུས་ཨོ་རྩལ་འགྲན་ཚོགས”དང“དབང་སྐྱོན་ཨོ་རྩལ་འགྲན་ཚོགས”ཞེས་བསྒྱུར་པ་ལ།“དགུན་ཨོ་འགྲན་ཚོགས”དང“དབང་སྐྱོན་ཨོ་ཚོགས”སོགས་སུ་བསྒྱུར་ནའང་མི་འགྲིག་པ་མེད་པར་འདོད།གཞན་སྤྱིར་བཏང་གི་མིང་ཚིག་རྣམ་པའི་བསྡུས་མིང་ནི་མ་གཞི་ནས་མིང་གི་ཚོགས་པ(短语)ཡིན་པས། གང་དེའི་མིང་རྒྱུ(语素)གཙོ་བོ་བདམས་པ་དང་དེ་བསྡུས་རྗེས་མིང་གི་ངོ་བོར་འགྱུར་བ་བཏང་ནས་མིང་དུ་གྲུབ་པ་ཡིན་ཞིང་། འདིའི་རིགས་ལོ་ཙཱ་བྱ་སྐབས་གང་དེའི་མིང་ཆ་ཚང་གི་རྣམ་པར་གཞི་བཅོལ་དགོས་པ་དང་། སྤྱོད་ཡུན་ཇེ་རིང་དུ་སོང་བ་དང་བསྟུན་ནས་ཀུན་ལ་གྲགས་པ་དང་། རིམ་བཞིན་ཐོག་མའི་མིང་གི་ཆ་ཤས་བསྡུས་ནས་ཐད་ཀར་མ་ཡིག་གི་རྗོད་པ་སྤེལ་སྟངས་དང་འདྲ་པོ་བྱུང་ཐུབ་པ་ཡིན། དཔེར་ན་རེའུ་མིག1ཁྲོད་ཀྱི“高校”དང“科研”ཞེས་པའི་མ་གཞིའི་རྣམ་པ“高等学校”དང“科学研究”ཡིན་ལ། ཐོག་མར“མཐོ་རིམ་སློབ་གྲྭ”དང“ཚན་རིག་ཞིབ་འཇུག”ཅེས་སྒྱུར་བཞིན་ཡོད་ཀྱང་། བརྡ་འདི་གཉིས་ཀུན་ལ་གྲགས་པ་དང་རིམ་བཞིན་མ་ཡིག་གི་རྗོད་པ་ཡང་ཟོར་ཇེ་བདེ་དང་སྤྱོད་ཇེ་བདེ་རུ་འགྱུར་བཞིན་ཡོད་པ་ལྟར། བོད་ཡིག་གི་ཁྲོད་དུ“མཐོ་སློབ”དང“ཚན་ཞིབ”ཅེས་ཐད་སྒྱུར་བྱེད་ཀྱིན་ཡོད་ལ། དེ་ལྟར་བསྒྱུར་ཀྱང་སྤྱོད་མཁན་ཕལ་མོ་ཆེས་གོ་བ་ལེན་ཐུབ། དེ་བཞིན་དུ།“农资”དང“信贷”ལ་ཡང་རེའུ་མིག་ནང་ཡིག་འབྲུ་རེ་རེའི་ནང་དོན་མཚོན་པའི་སྣོན་སྒྱུར་གྱི་ཐབས་སྤྱད་ཡོད་ཀྱང་།“ཞིང་རྫས”དང“རྟོན་བུན”ཞེས་བསྡུས་ནས་ཐད་སྒྱུར་གྱི་ཐབས་སྤྱད་ཀྱང་ཆོག སྣང་ཚུལ་འདིའི་རིགས་ཀྱང་སྤྱི་ཚོགས་དར་འཕེལ་གྱི་འགྲོས་དང་། ཐ་སྙད་གང་ཞིག་མི་རྣམས་ཀྱིས་བེད་སྤྱོད་པའི་ཕྱོད་ཚད་དང་འབྲེལ་བ་ཆེ།
2.གྲངས་ཚིག་རྣམ་པའི་བསྡུས་མིང་།
གྲངས་ཀ་ཚུད་པའི་བསྡུས་མིང་རིགས་འདི་དེང་གི་རྒྱའི་སྐད་ཡིག་གི་ཆབ་སྲིད་ཡིག་རིགས་ནང་རྒྱུན་དུ་མཐོང་རྒྱུ་ཡོད་པ་དང་། ནམ་རྒྱུན་རྒྱལ་ཁབ་ཀྱི་སྲིད་ཇུས་དང་དམངས་འཚོ་དང་འབྲེལ་བའི་ཆབ་སྲིད་ཀྱི་བརྡ་ཆད་གལ་ཆེན་རིགས་ཤིག་ཡིན། འདིའི་རིགས་ནི་ཚིག་ཐུང་བརྗོད་བདེ་ཞིང་ཡིད་འཛིན་བདེ་མོ་བྱས་ཡོད་ཀྱང་། གྲངས་རེ་རེ་བཞིན་བགྲངས་ན་བརྩི་རྒྱུ་ཡོད་པས་ནང་དོན་གྱི་ཆ་ནས་ཧ་ཅང་ཕུན་སུམ་ཚོགས། རེའུ་མིག2ལྟར་ད་ལོའི་སྙན་ཞུའི་ནང་གྲངས་ཚིག་ཅན་གྱི་བསྡུས་མིང་རིགས་ཁྱོན15ཐོན་ཡོད་པ་དང་། མིང་ཚིག་དེ་དག་གི་གྲུབ་ཚུལ་ལ་བལྟས་ན་རྒྱ་ཡིག་གི་ཡིག་འབྲུ་གཉིས་སམ་བཞི་ཅན་གྱིས་མང་ཤོས་ཟིན་པ་དང་། དཔེར་ན།“六稳”“六保”“双拥”“四风”ལྟ་བུ་རྒྱ་ཡིག་གི་ཡི་གེ་གཉིས་ཅན་ནི་གྲངས་ཀ+མིང་ཚིག་གམ་བྱ་ཚིག་གི་མིང་རྒྱུ་གཙོ་བོ་གཅིག་གིས་གྲུབ་པ་དང་། “两个确立”“四个自信”“四个意识”“两个维护”ལྟ་བུ་ཡིག་འབྲུ་བཞི་ཅན་ནི་གྲངས་ཀ+འཇལ་ཚིག+མིང་ཚིག་གམ་བྱ་ཚིག་ཡིག་འབྲུ་གཉིས་ཅན་གྱིས་གྲུབ་ཡོད། གཞན“两个毫不动摇”ཞེས་པའང་གྲངས་ཀ+འཇལ་ཚིག+མིང་གི་ཚོགས་པ་ཡིན། བསྡུས་མིང་རིགས་འདི་བོད་ཡིག་ལ་བསྒྱུར་དུས་བོད་རང་གི་བརྡ་སྤྲོད་ལུགས་ལྟར་མིང་ཚིག་གམ་བྱ་ཚིག+གྲངས་ཀ་ཅན་ལ་འགྱུར་འགྲོ་ཞིང་།“བརྟན་པོ་དྲུག”དང་།“འགན་སྲུང་དྲུག”“སྤྱོད་ཚུལ་བཞི”དེ་བཞིན“གཏན་འཁེལ་གཉིས”དང་།“གདེང་ཚོད་བཞི”ཞེས་རྒྱ་ཡིག་ནང་ཡིག་འབྲུ་གཉིས་སམ་བཞི་གང་ཡོད་ཀྱང་བོད་ཡིག་ལ་བསྒྱུར་དུས་སྤྱིའི་ཆ་ནས་བོད་རང་ལ་གོ་བདེ་བརྗོད་བདེ་ཕྱིར་བོད་སྐད་ཀྱི་འགྲོས་ལྟར་ཡིག་འབྲུ་གསུམ་ཅན་ལ་བསྒྱུར་བཞིན་ཡོད། འདིའི་རིགས་ལ་ད་དུང“两个凡是”“三个代表”“八项规定”ལ“ཡིན་ཕྱིན་གཉིས།”“མཚོན་བྱེད་གསུམ།”“གཏན་འབེབས་བརྒྱད”སོགས་ཀྲུང་དབྱང་གི་ཡིག་ཆའི་ནང་ཐོན་པ་ཤིན་ཏུ་མང་།གྲངས་ཀ་སྦྲགས་མ་ཅན་ཡང་ཐོན་མང་བ་ལ། དཔེར་ན། སྙན་ཞུའི་ནང་ཐོན་པའི“一国两制”“一带一路”“三严三实”“五位一体”ལྟ་བུའི་བསྡུས་མིང་འདི་དག་སྒྱུར་ཐབས་ལ་བལྟས་ན“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཞེས་གང་དེའི་ནང་དོན་ཆ་ཚང་སྣོན་སྒྱུར་བྱས་ཡོད་པ་ཕུད། “རྒྱུད་གཅིག་ལམ་གཅིག”དང་། “ནན་གསུམ་དྲང་གསུམ།”“ཕྱོགས་ལྔ་གཞི་གཅིག”ཅེས་ཐད་ཀར་དུ་རྒྱ་བོད་ཡིག་རིགས་གཉིས་གཅིག་ལ་གཅིག་གཏད་དོ་མཉམ་གྱིས་སྒྱུར་བཞིན་པ་དང་།“两学一做”ལྟ་བུ་ལ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”དང་། ཡང་ན“སློབ་གཉིས་བྱེད་གཅིག”“三会一课”ལ“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་། ཡང་ན“ཚོགས་གསུམ་ཁྲིད་གཅིག”ཅེས་ཐད་ཀར་བསྒྱུར་པ་དང་འགྲེལ་ནས་བསྒྱུར་པའི་འགྱུར་མི་འདྲ་བ་ཡོད་ཀྱང་། ཐད་སྒྱུར་སྤྱད་ན་དོན་དང་མི་འགལ་ལ་བརྗོད་བདེ་མོའང་ཡིན་པར་འདོད།
སྤྱིའི་ཆ་ནས་བལྟས་ན་གྲངས་ཚིག་རྣམ་པའི་བསྡུས་མིང་སྒྱུར་དུས་ཐད་སྒྱུར་སྤྱོད་མང་ཤོས་ཡིན་པ་དང་། བོད་ཡིག་འགྱུར་ལའང་ནང་དོན་དང་རྣམ་པ་གཉིས་ཀྱི་ཐད་ནས་རྒྱ་ཡིག་གི་མ་ཡིག་དང་འདྲ་པོ་ཐོན་ཡོད། འདིའི་རིགས་བོད་ཡིག་ལ་བསྒྱུར་དུས་མཉམ་འཇོག་དགོས་ས་གཅིག་ནི་ཐོག་མར་བསྒྱུར་བྱ་གང་དེའི་ནང་དོན་གསལ་བོར་རྟོགས་དགོས་ཏེ། གྲངས་ཀ་བགྲང་ཡོད་པ་རེ་རེ་གང་གང་ཡིན་པ་དང་རྒྱ་ཡིག་ནང་ཇི་ལྟར་བསྡུས་ཡོད་ཚུལ། དེ་ནས་བོད་ཡིག་ལ་གང་ལྟར་བསྡུས་ན་ལེགས་ཚུལ་རིམ་པ་བཞིན་རྟོགས་དགོས། དཔེར་ན“三农”ལ“ཞིང་གསུམ”ཞེས་བསྒྱུར་པ་དང་། དེ་ནི“农业农村农民”ཡིན་པས། དེ་ལའང་རེ་རེ་བཞིན“ཞིང་ལས་ཞིང་གྲོང་ཞིང་པ”ཞེས་མིང་གི་ཆ་མགོ་མ་བླངས་ནས་གྲུབ་པ་ལས།“ཞིང་ལས་གྲོང་ཚོ་ཞིང་པ”ཞེས“农村”ལ“གྲོང་ཚོ”རུ་བསྒྱུར་ན་མ་གཞིའི་ནང་དོན་ལ་འགལ་ཆ་མེད་ཀྱང་ཚིག་སྔ་ཕྱི་དང་རྣམ་པའི་ཐད་ནས་དོ་མི་མཉམ་པའི་གནད་དོན་བྱུང་ཡོད། ཡང་དཔེར་ན“四风”ནི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ལོངས་སྤྱོད་བཅས་ཀྱི“སྤྱོད་ཚུལ་རིགས་བཞི”ལ་ཟེར་བས“སྤྱོད་ཚུལ་བཞི”ཞེས་བསྒྱུར་པ་ལས། ཚིག་ངོས་ཀྱི་ནང་དོན་ལྟར“རླུང་བཞི”ཞེས་བསྒྱུར་ན་སྐྱོན་དུ་འགྲོ་བ་ལྟ་བུའོ། །
3.བྱ་ཚིག་རྣམ་པའི་བསྡུས་མིང་གི་རིགས།
རྒྱ་བོད་སྐད་གཉིས་གང་ཡིན་རུང་། བྱ་བའི་མིང་ནི་ཚིག་གྲུབ་བྱེད་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ། ལོ་ཙཱ་བྱེད་སྐབས་ཉོག་སླ་བའི་གནད་འགག་ཅིག་ཀྱང་ཡིན། དེ་ལ་རྒྱའི་སྐད་དུ་སྔོན་མར་སྒྲ་རྐྱང་མའི་བྱ་ཚིག་མང་ཡང། ཕྱིས་སུ་རིམ་བཞིན་སྒྲ་གཉིས་ཅན་དུ་གྱུར་ཡོད། བོད་སྐད་དུ་གནའ་ནས་ད་བར་དུ་སྒྲ་རྐྱང་མ་ཅན་གཙོ་བོ་ཡིན་ཡང་།སྐད་རང་གི་འཕེལ་འགྱུར་རམ་དེང་རབས་རྒྱའི་བརྡ་སྤྲོད་ཀྱི་ཤན་ཐེབས་ནས་གྲུབ་ཚུལ་དང་སྦྱོར་ཚུལ་སོགས་རྒྱའི་བརྡ་སྤྲོད་ཀྱི་ལུགས་ལྟར་འགྲོ་བ་མང་།སྙན་ཞུའི་ནང་བྱུང་བའི་བྱ་ཚིག་རྣམ་པའི་བསྡུས་མིང་གི་རིགས་ལ་ཡིག་འབྲུ་གཉིས་ཅན་དང་བཞི་ཅན་ཡང་ན་དེ་ལས་མང་བ་ཅན་བྱུང་བཞིན་ཡོད་ཀྱང་། མིང་རེ་རེ་བཞིན་བཀྲལ་ནས་དབྱེ་ཞིབ་བྱས་ཚེ་བྱ་ཚིག་ཤེད་མཚུངས་ཅན(并列式)གཉིས་གཉིས་བསྡུས་ནས་གྲུབ་པའི་རིགས་མང་བར་སྣང་། འདིའི་རིགས་ནི་རྒྱ་ཡིག་གི་ཡིག་འབྲུ་རེ་ལ་ནང་དོན་རེ་ཡོད་པ་སྟེ། ཡིག་འབྲུ་གཉིས་ཅན་དཔེར་ན“整治”“研判”“审议”“督查”ལྟ་བུ་ནི་རེ་རེ་བཞིན“整顿治理”“研究判断”“审查评议”“监督检查”བཅས་ཡིན་ལ། བོད་ཡིག་ལ་ཡང་རིམ་བཞིན“ལེགས་སྒྲིག་བཅོས་སྐྱོང”བསྡུས་ནས“བཅོས་སྐྱོང”དང་།“ཞིབ་འཇུག་བརྡར་གཅོད”བསྡུས་ནས“ཞིབ་གཅོད”“ཞིབ་བཤེར་གྲོས་མོལ”བསྡུས་ནས“གྲོས་ཞིབ”“ལྟ་སྐུལ་ཞིབ་བཤེར”བསྡུས་ནས“ལྟ་ཞིབ”བཅས་བྱུང་ཡོད། ཡང“防控”“惩戒”ནི“预防控制”“惩罚警戒”བསྡུས་ནས་གྲུབ་པ་ཡིན་ཡང་། སྐབས་འདིར་བོད་ཡིག་ལ་བསྒྱུར་དུས“སྔོན་འགོག་ཚོད་འཛིན”དང“ཆད་གཅོད་བསླབ་འདོམས”ཞེས་སྣོན་སྒྱུར་གྱི་ཐབས་སྤྱད་ནས་དོན་ཆ་ཚང་བསྟན་ཡོད་ཀྱང་རིམ་བཞིན“འགོག་འཛིན”དང“ཆད་འདོམས”ཞེས་བསྡུས་ཀྱང་རུང་།དེ་བཞིན་ཡིག་འབྲུ་བཞི་ཅན་གྱི་མིང་གི་ཚོགས་པ་མང་ཆེ་བའང་ལས་ལ་འཇུག་པ་ཅན(支配式)གྱི་མིང་གི་ཚོགས་པ་གཉིས་རེ་བསྡུས་ནས་ཤེད་མཚུངས་ཅན་གྱི་མིང་གི་ཚོགས་པ་གཅིག་ལ་གྲུབ་ཡོད་དེ། དཔེར་ན།“保供稳价”(保障供应和稳定价格)“节能降碳”(节约能源降低二氧化碳排放)ལྟ་བུ་རྒྱ་ཡིག་ནང་བྱ་ཚིག་སྔོན་དང་བོད་ཡིག་ནང་བྱ་ཚིག་རྗེས་ལ་ཐོན་པ་བཞིན་དུ།“མཁོ་སྤྲོད་འགན་སྲུང་དང་རིན་གོང་བརྟན་པོ”ཞེས་དང་།“ནུས་སྲི་ཐཱན་གཅོག”ཅེས་རེ་རེ་བཞིན་སྣོན་སྒྱུར་དང་ཐད་སྒྱུར་གྱི་ཐབས་སྤྱད་ཡོད། སྤྱིའི་ཆ་ནས་བྱ་ཚིག་འདི་གཉིས་ཀ་སྐབས་དོན་འདིར་གཙོ་ཕལ་དང་ལྕི་ཡང་དབྱེ་བ་མེད་པར་མཉམ་དུ་སྦྱར་ནས་དོན་སྟོན་པ་ཞིག་ཡིན་པས། བོད་ཡིག་ལ་བསྒྱུར་དུས་ཀྱང་དོན་ཆ་ཚང་ཐོན་དགོས་པར་འདོད་དེ་སྔོན་ལ་མིང་ཆ་ཚང་བསྒྱུར་བ་དང་དེ་ནས་རིམ་གྱིས་མིང་གི་ཆ་ཤས་བསྡུ་ཐུབ་པ་དག་བསྡུས་ནས་རྒྱ་ཡིག་ནང་བཞིན་ཐོན་ཡོད།
གོང་གི་རིགས་འདི་ལས་གཞན་ད་དུང་རིགས་གཞན་ཞིག་ཡོད་པ་ནི་བྱ་ཚིག་གི་མིང་གི་ཆ་ཤས་བསྒྲིགས་ནས་གྲུབ་པའི་རིགས་ཡིན་ཏེ། དཔེར་ན།“放管服改革”(放管服,就是简政放权、放管结合、优化服务的简称。)ལ“གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར”ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་།གློད་སྡོམ་ཟུང་འབྲེལ། ཞབས་ཞུ་ལེགས་སྒྱུར)ཞེས་བསྒྱུར་པ་དང་།“产学研用结合”(产业学习科学研究实践运用相结合)“ཐོན་སློབ་ཞིབ་སྤྱོད་བཞི་ཟུང་འབྲེལ”ཞེས་བོད་ཡིག་ལ་སྒྱུར་དུས་ཀྱང་མིང་གི་ཆ་ཤས་བླངས་ནས་བསྒྱུར་ཡོད་པ་དང་། འདི་ལྟ་བུ་སྤྱིར་བཏང་རྒྱ་ཡིག་ནང་ཡང་དོན་བསྡུས་ཆེ་བའི་རིགས་ཡིན་པས་དོན་གསལ་བོར་རྟོགས་དགོས་ན་འགྲེལ་བཤད་ལ་ལྟ་དགོས་ཕྱིར། བོད་ཡིག་ལ་སྒྱུར་དུས་ཀྱང་བསྡུས་མིང་ཐད་ཀར་བསྒྱུར་ཡོད་པ་དང་། ཡང་བོད་སྐད་ལ“འཆད་རྩོད་རྩོམ་གསུམ”དང“མཁས་བཙུན་བཟང་གསུམ”ཞེས་གྲངས་འདྲེན་གྱི་མཐའ་ལ་གྲངས་ཀ་བསྣན་ནས་མིང་མཐའ་བྱེད་སྲོལ་ཡོད་པ་ལྟར། སྐབས་འདིར་སྤྱོད་བདེ་ཕྱིར་གྲངས་ཚིག་གསུམ་དང་བཞི་ཕྱོགས་སྡོམ་གྱི་ཚུལ་དུ་བསྣན་ཡོད་པས། ལོ་ཙཱའི་བསྟུན་བདེ་སྙན་གསུམ་གྱི་ཚད་གཞི་དང་མཐུན་ཡོད་པར་འདོད།
གསུམ། མཇུག་བསྡུ་བ།
ཆབ་སྲིད་ཡིག་རིགས་ནི་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣའི་གཏམ་བཤད་དང་། ཏང་དང་རྒྱལ་ཁབ་ཀྱི་ཡིག་ཆ་དང་ལས་དོན་སྙན་ཞུ་སོགས་ལ་བྱ་ཞིང་། རྩོམ་རིག་སྒྱུ་རྩལ་དང་རིག་གཞུང་དཔྱད་རྩོམ་སོགས་ཀྱི་རྩོམ་ལུས་དང་མི་འདྲ་བར། ཚད་དང་ལྡན་ཞིང་གཟབ་ནན་ཡིན་ལ་དབང་ཤུགས་ཀྱི་རང་བཞིན་ཆེན་པོ་ལྡན་པས། དེས་ཆབ་སྲིད་ཡིག་རིགས་ལོ་ཙཱ་བྱེད་པར“བསྟུན་བདེ་སྙན”གསུམ་གྱི་ལོ་ཙཱའི་ཚད་གཞི་གསུམ་ལས་བསྟུན་བདེ་གཉིས་གལ་ཆེ་བར་འཛིན་དགོས་པའི་བླང་བྱའང་ཞོར་དུ་བཏོན་ཡོད། ལོ་ཙཱའི་ལག་ལེན་ཁྲོད་ཀྱང་ཆབ་སྲིད་ཡིག་རིགས་ལོ་ཙཱ་བྱེད་པར་སྤྱིའི་ཆ་ནས་ཐད་སྒྱུར་བྱེད་ཐབས་སྤྱོད་ཀྱི་ཡོད་ཀྱང་། བྱེ་བྲག་གི་ཚིག་རེ་རེ་དང་མིང་རེ་རེའི་སྟེང་བབས་ན། ཐད་སྒྱུར་དང་དོན་སྒྱུར། སྣོན་སྒྱུར་སོགས་ཐབས་མང་པོ་གང་ལ་གང་འཚམ་སྤྱོད་ཀྱི་ཡོད། དེ་ལས་བསྡུས་མིང་ལོ་ཙཱ་བྱེད་དུས་མང་དུ་སྤྱོད་པ་ནི་ཐད་སྒྱུར་དང་སྣོན་སྒྱུར་གྱི་ཐབས་ལམ་གཉིས་ཡིན་ཞིང་། དེ་ཡང་མ་ཡིག་གི་ནང་དོན་བོད་ཡིག་ཏུ་སྒྱུར་སྐབས་ནང་དོན་ལ་གོ་ལོག་མི་བྱུང་བའི་རིགས་ལ་ཐད་སྒྱུར་སྤྱོད་པ་མང་ཞིང་། འགྱུར་ཡིག་གི་ངོས་ནས་གོ་བ་ལེན་ཁག་པའི་རིགས་ལ་འགྲེལ་བཤད་ཀྱི་ཚུལ་དུ་སྣོན་སྒྱུར་སྤྱོད་པ་ཅུང་རྒྱུག་ཆེ་བར་སྣང་།ཡིན་ན་ཡང་། སྣོན་སྒྱུར་གྱི་ཐབས་སྤྱད་པའི་རིགས་དེ་ཡང་དང་བསྐྱར་དུ་སྤྱོད་པའི་གོ་རིམ་ཁྲོད་ངོ་ཟིན་ཅིང་དོན་གོ་བར་གྱུར་ཚེ། ད་བཟོད་རིམ་གྱིས་ཚིག་སྣ་བསྡུས་ནས་སྒྲ་ཟོར་ཡང་མོ་བརྗོད་བདེ་བ་ཞིག་ཏུ་སྒྱུར་བཞིན་ཡོད། མདོར་ན།ཆབ་སྲིད་ཡིག་རིགས་ཁྲོད་ཀྱི་བསྡུས་མིང་རིགས་བསྒྱུར་དུས། མ་ཡིག་ནང་དོན་ཇི་མ་ཇི་བཞིན་ཐོན་དགོས་པ་གཞིར་བཞག་ཐོག རྣམ་པ་མ་ཡིག་དང་མཚུངས་ཤིང་བོད་ཀྱི་བརྡ་སྤྲོད་དང་བོད་སྐད་གཏན་ཚིགས་བཅས་དང་མི་འགལ་བར།མིང་གི་ཆ་ཤས་བསྡུ་ཅི་རིགས་གང་ཐུབ་ཀྱིས་བསྡུས་ནས་བསྒྱུར་ཚེ། ལོ་ཙཱའི་ཚད་གཞི་དང་མཐུན་ཞིང་ཀློག་པ་པོ་རྣམས་ཀྱིས་ཀྱང་དང་ལེན་བྱེད་བདེ་བར་འདོད། །
དཔྱད་གཞིའི་ཡིག་ཆ།
[1] ལི་ཁེ་ཆང་། ཀྲུང་གོའི་མི་རིགས་ཡིག་སྒྱུར་ཅུས་ཀྱིས་བསྒྱུར། སྲིད་གཞུང་གི་ལས་དོན་སྙན་ཞུ། —2022ལོའི་ཟླ3ཚེས5ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་སྟེང་། [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2022.4.
[2]李克强,政府工作报告—2022年3月5日在第十三届全国人民代表大会第五次会议上[M]北京人民出版社,2022.3.
[3] དཔའ་རིས་སངས་རྒྱས། བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ། [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2008.
[4] ལྕགས་ཐར་རྒྱལ། བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་མེ་ལོང་། [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2008.
[5] རིག་འཛིན་སོགས། རྒྱ་བོད་ལོ་ཙཱའི་རིག་གཞུང་དང་ལག་ལེན། [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2013.
* སྙིང་མོ་རྒྱལ། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་རུ་ཕྱག་ལས་གནང་བཞིན་ཡོད།