གནད་བསྡུས] རྩོམ་ཡིག་འདིར་གེ་སར་སྒྲུང་དུས་ནམ་ཞིག་ལ་ཚུལ་ཇི་ལྟར་བྱུང་བ་དང་འབྲེལ་ཏེ། གེ་སར་སྒྲུང་གི་པར་གཞི་ཐོག་མ་ལག་བྲིས་མ་དང་ཤིང་དཔར་མ་གཉིས་དུས་ནམ་ཞིག་ལ་གྲུབ་པའི་ཚུལ་གླེང་བ་བརྒྱུད། གཞི་གྲངས་ཆེན་མོའི་དུས་རབས་སུ་གེ་སར་སྒྲུང་ཇི་ལྟར་རྒྱུན་འཛིན་དང་སྲོང་སྐྱོབ་བྱེད་དགོས་པའི་གནས་ཚུལ་བཅས་ལ་དབྱེ་ཞིབ་བགྱིས་པའི་དཔྱད་འབྲས་བཀོད་ཡོད།
[གནད་ཚིག] གླིང་སྒྲུང་། ལག་བྲིས་མ། ཤིང་དཔར་མ།
གླེང་གཞི།
གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་བོད་རིགས་མི་དམངས་ཀྱི་ཐུན་མོང་གི་བློ་གྲོས་དང་ཤེས་རབ་ལ་བརྟེན་ནས་གསར་གཏོད་བྱས་པའི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་ཞིག་ཡིན་ལ། དེ་ལ་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་དུས་རབས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་སྒྲུང་དཔེ་སྣ་མང་པོ་ཡོད་པ་མ་ཟད། ད་དུང་གཞི་རྒྱ་ཆེ་ཞིང་གཏིང་ཟབ་ལ་ནང་དོན་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་མ་ལག་ཆེན་པོ་ཞིག་ཀྱང་ཡིན། དེར་བརྟེན་གླིང་སྒྲུང་ནི་བོད་ཀྱི་ལོ་རྒྱུས་ཐོག་དངོས་སུ་བྱུང་མྱོང་བའི་སྐྱེས་ཆེན་དཔའ་བོ་ཞིག་གི་མི་ཚེའི་མཛད་རྣམ་རིམ་གྱིས་ངག་རྒྱུན་དང་གཏམ་རྒྱུད། རྟོག་བཏགས་བཅས་ཀྱིས་ལྷ་སྒྲུང་གི་རྣམ་པར་བསྐྲུན་ནས་རྗེས་རབས་པ་དག་གི་དྲན་གསོ་དང་རྗེས་དྲན་གྱི་ཚུལ་དུ་དར་ཁྱབ་བྱུང་བ་ཞིག་ཡིན་ལ། དེ་ཡང་ཐོག་མའི་དུས་སུ་ང་ཚོའི་མེས་པོ་རྣམས་ཀྱིས་མི་རབས་ནས་མི་རབས་སུ་ངག་ཐོག་ཁོ་ན་ལ་བརྟེན་ནས་རྒྱུན་འཛིན་དང་དར་སྤེལ་བྱས་ཡོང་བ་ཡིན།
དང་པོ། གེ་སར་སྒྲུང་དར་ཁྱབ་བྱུང་ཚུལ།
གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་དུས་ལ་བཞེད་ཚུལ་མི་མཐུན་པ་མང་མོད། འོན་ཀྱང་དེང་སྐབས་གཅིག་གྱུར་གྱིས་ཁས་ལེན་བྱེད་པ་ནི་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ཡི་རྗེས་སུ་འབྲངས་ནས་རབ་བྱུང་དང་པོའི་ལྕགས་ཕོ་སྟག་གི་ལོ་སྟེ། སྤྱི་ལོ1038ལོར་སྐུ་བལྟམས་རྗེས་རབ་བྱུང་དང་པོ་ནས་རབ་བྱུང་གཉིས་པའི་སྟོད་ལ་འཚོ་བཞུགས་གནང་བ་དང་། རབ་བྱུང་དང་པོའི་རྗེས་སུ་གེ་སར་བྱུང་བ་དང་རིམ་བཞིན་དངོས་ཡོད་ལོ་རྒྱུས་གཏམ་རྒྱུད་ཀྱི་ཚུལ་གྱིས་བརྗོད་པ་མ་གཏོགས་གེ་སར་སྒྲུང་རང་རྐྱ་ཐུབ་པ་ཞིག་བྱུང་མེད། ཡིན་ནའང་། སྒྲུང་རིགས་མི་འདྲ་བ་སྣ་ཚོགས་ཀྱི་བྱུང་རིམ་གྱིས་གེ་སར་སྒྲུང་འབྱུང་བའི་ཕྱི་ནང་གི་ཆ་རྐྱེན་མང་པོ་འཛོམས་ཡོད། སྐབས་དེའི་སྤྱི་ཚོགས་ནང་གཅིག་གྱུར་གྱི་བཙན་པོའི་སྲིད་དབང་འཐོར་ཞིག་ཏུ་ཕྱིན་ནས་བོད་སིལ་བའི་དུས་སུ་ཁེལ་ཡོད་པ་དང་། སྔོན་གྱི་ཆོས་རྒྱལ་ལ་སྨོན་ཞིང་དམག་འཁྲུག་གི་འཇིགས་པ་སོགས་ལ་བརྟེན་ནས་བཙན་པོའི་གཉའ་ནས་གནོན་ཞིང་གཉོམ་ཆུང་མཐའ་ནས་སྐྱོང་མཁན་གྱི་རྗེ་བོར་བཅོལ་ཆེ་བའི་རྒྱུ་མཚན་གྱིས་མདོ་ཁམས་སུ་བྱོན་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དར་ཁྱབ་ཏུ་སོང་བ་ཡིན་ལ། དང་ཐོག་མདོ་ཁམས་ས་ཆ་གཙོར་བྱས་པའི་ས་གནས་སུ་ངག་ནས་ངག་ཏུ་བརྒྱུད་པ་དང་། རིམ་བཞིན་བོད་མི་རིགས་ཀྱི་བསམ་བློའི་དགོས་མཁོ་དང་བསྟུན་ནས་ས་ཁྱབ་རྡོ་ཁྱབ་ཏུ་སོང་བ་ཞིག་ཡིན། ཡིན་ཡང་བོད་ཁུལ་ནི་ས་ཁོངས་རྒྱ་ཆེ་ལ་ཁོར་ཡུག་སོགས་ལྟོས་བཅས་ཀྱིས་བཀག་སྡོམ་རང་བཞིན་ཆེ་བར་མ་ཟད། ད་དུང་སྤྱི་ཚོགས་དང་དཔལ་འབྱོར་སོགས་ཀྱི་རྒྱུ་རྐྱེན་མང་པོས་ཞིབ་ཚགས་ལྡན་པའི་སྒོ་ནས་གེ་སར་རྒྱལ་པོའི་སྒྲུང་དར་ཁྱབ་སོང་བའི་གནས་ཚུལ་ཤེས་རྟོགས་བྱ་རྒྱུ་ནི་ལས་སླ་མོ་ཞིག་མིན། ཡིན་ནའང་། གེ་སར་ཞིབ་འཇུག་པ་དག་གིས་འབད་འབུངས་ལྷོད་མེད་བརྒྱུད་གླིང་སྒྲུང་ས་ཆ་གང་དག་ཏུ་དར་ཡོད་པའི་རྣམ་པ་སྤྱིའི་ཆ་ནས་ཤེས་རྟོགས་བྱས་ཡོད།
ཡང་ན་གནའ་སྔ་མོའི་དུས་ནས་བོད་རིགས་ཀྱིས་དཔའ་བོ་དང་ཡབ་མེས་ལ་དད་པའི་འདུ་ཤེས་ཁྲོད། གེ་སར་རྒྱལ་པོ་ནི་ཡུལ་གྱི་ཡུལ་ལྷ་དང་ཆོས་སྐྱོང་སྲུང་མ། དགྲ་ལྷ་ཝེར་མ། སངས་རྒྱས་ཀྱི་བཀའ་སྲུང་སོགས་སུ་གསོལ་ཏེ་དད་མཆོད་དང་བསྟོད་བསྔགས་བྱས་པ་ལས་རིམ་བཞིན་གེ་སར་སྒྲུང་གི་གཞུང་དོན་རྒྱ་བསྐྱེད་དེ་ད་ལྟའི་རྣམ་པར་གྱུར་པ་ཡིན། བོད་མིའི་ལྷ་གསོལ་ཡུལ་གོམས་གཤིས་ལུགས་དེ་ནི་མི་ལོ་སྟོང་ཕྲག་སྔོན་ནས་ཡོད་པ་དང་། དེ་ཡང་འཛམ་གླིང་གི་མི་རིགས་གཞན་དག་དང་འདྲ་བར་དང་ཐོག་འགྲོ་བ་མིའི་རིགས་ཀྱིས་རང་བྱུང་ཁམས་ཀྱི་སྟོབས་ཤུགས་ལ་ངོས་འཛིན་ཡང་དག་བྱ་མ་ཐུབ་པར་འཁྲུལ་སྣང་གི་འདུ་ཤེས་ལས་བྱུང་བའི་གདོད་མའི་ཆོས་ལུགས་ཏེ་ལྷ་མང་ལ་དད་པ་བྱེད་པའི་ཤུལ་ལས་བྱུང་བའི་གོམས་གཤིས་ཤིག་ཡིན་པ་དང་།① གེ་སར་རྒྱལ་པོའི་སྒྲུང་ལ་ཡང་སྔར་གྱི་བོད་མིའི་ཕྱི་སྲིད་པའི་ཆགས་རབས་ཀྱི་སྒྲུང་དང་ནང་བཅུད་ཀྱི་སེམས་ཅན་གྲུབ་ལུགས་ཀྱི་སྒྲུང་། མ་སངས་ཀྱི་སྒྲུང་དང་།མཆིལ་བའི་སྒྲུང་ངམ་བྱ་བྱེའུ་སྒྲུང་། སྤྲེའུ་སྒྲུང་། རྒྱ་གར་ནས་དར་བར་གྲགས་པའི་རོ་ལངས་གསེར་སྒྲུབ་ཀྱི་སྒྲུང་སོགས་ཀྱི་ཞིང་ས་གཤིན་པོའི་སྟེང་བྱུང་ངེས་ལ། ཡང་ན་བོད་མི་རྣམས་ཀྱི་གདོད་མའི་བོན་དད་ཀྱི་བླ་ཡི་རིག་གནས་འཕེལ་རྒྱས་སྟེང་རིམ་བཞིན་ལྷ་རིགས་སམ་དགྲ་ལྷར་གསོལ་བའི་འདུ་ཤེས་དེའི་ཁྲོད་དུ་གེ་སར་ཡང་དགྲ་ལྷར་གསོལ་བ་སོགས་ལས་ནང་དོན་དང་རྣམ་པའི་ཆ་ནས་སྣ་ཇེ་མང་དུ་སོང་བ་ཡིན། གཞན་ཡང་ལྷ་ཡོད་སྨྲ་བ་དེའང་འཇིག་རྟེན་འདིའམ་ཐོག་མར་ཆགས་དུས་ནས་ཡོད་པ་ཞིག་མ་ཡིན་པར། དེ་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་སོང་བའི་དུས་སྐབས་ངེས་ཅན་ནང་བྱུང་བའི་བསམ་བློའི་འདུ་ཤེས་ཤིག་ཡིན། གེ་སར་རྒྱལ་པོའི་སྒྲུང་ཡང་གདོད་མའི་མི་ལྷ་རུ་གསོལ་ཞིང་འདྲེ་རུ་བཀར་བའི་ངག་སྒྲུང་ལས་རིམ་འགྱུར་བྱུང་བ་ཞིག་ཡིན་པར་མ་ཟད་ཆོས་ལུགས་དང་འབྲེལ་བ་དམ་ཟབ་ལྡན། ཐོག་མར་མི་དང་དེ་ནས་ལྷ། དེ་རྗེས་སངས་རྒྱས་ཀྱི་ས་རུ་བགྲོད་པའི་འཕེལ་རིམ་དག་བརྒྱུད་ནས་འཕེལ་རྒྱས་ཀྱི་མགོ་ཚུགས་ལ་རིམ་གྱིས་དར་རྒྱས་སུ་སོང་བ་ཞིག་ཡིན།
གེ་སར་སྒྲུང་དཔེ་དང་ལོ་རྒྱུས་ཡིག་ཚང་ལ་བལྟས་ན《འཁྲུངས་གླིང་མེ་ཏོག་ར་བ》དང་ཅུང་སྔ་བའི་སྒྲུང་དཔེ་རྣམས་ལས་གེ་སར་རྒྱལ་པོ་ནི་ཡབ་ཆེན་སེང་བློན་རྒྱལ་པོ་དང་ཡུམ་ཆེན་འགག་བཟའ་གཉིས་ཀྱི་བུ་རུ་སྐྱེས་པའི་ཤ་ཁྲག་གདོས་བཅས་ཀྱི་མི་ཡིན་པ་གླེང་ཡོད། ཡང《རྟ་རྒྱུག་རྒྱལ་འཇོག》དང་། 《བདུད་འདུལ》《ཧོར་གླིང་གཡུལ་འགྱེད》སོགས་སུའང་རྟ་རྒྱུག་གི་མགྱོགས་དར་ཨང་དང་པོ་བླངས་པ་དང་། སེང་ལྕམ་འབྲུག་མོ་ཁབ་ཏུ་བཞེས་ཤིང་གླིང་སྟོད་སྨད་བར་གསུམ་གྱི་རྒྱལ་པོ་ཆེན་པོར་དབང་བསྐུར། བདུད་ཀླུ་བཙན་བཏུལ་བ། འབྲུག་མོ་ཧོར་གྱིས་འཕྲོག་པ་ལ་བརྟེན་ནས་གུར་དཀར་རྒྱལ་པོར་གཉའ་སྒ་བསྟད་པ། ཕྱོགས་བཞིའི་དགྲ་བཞི་ཆམ་ལ་ཕབ་ཅིང་རྫོང་ཆེན་བཅོ་བརྒྱད་ལ་དབང་བསྒྱུར་པའི་ལོ་རྒྱུས་ལ་རྩོམ་རིག་རྟོག་བཏགས་ཀྱིས་ཟུར་བརྒྱན་ཞིང་ལྷ་སྒྲུང་བསམ་བློས་ཀུན་ནས་གཡོགས་པ་དང་། ཆོས་ལུགས་རིག་གནས་ཀྱིས་དམ་པོར་བཅིངས་ཀྱང་དེའི་ཁོངས་གསེང་ནས་ལོ་རྒྱུས་ཀྱི་བདེན་པ་རྙེད་ཐུབ་པ་དང་། ལྷག་པར་དུ་བོད་ཀྱི་ལོ་རྒྱུས་ཡིག་ཚང《མདོ་སྨད་ཆོས་འབྱུང》ལས་ལྕགས་བྱི་ལོ་དང་ཆུ་སྦྲུལ་ལ་འདོད་མཁན་གཉིས་སྣང་བ་གང་ཡིན་ཡང་རབ་བྱུང་དང་པོ་ཚུགས་ཁ་མའི་དྲུག་ཅུ་སྐོར་དེར་གཏོགས་ལ①ཞེས་པ་དང་། ཡང《རླངས་ཀྱི་པོ་ཏི་བསེ་རུ》དང་། 《མངའ་རིས་ཆོས་འབྱུང》《མདོ་སྨད་ཆོས་འབྱུང》སོགས་ལོ་རྒྱུས་གྲགས་ཅན་རྣམས་སུ་གེ་སར་གྱི་སྐྱེས་ལོ་དང་མཛད་རྗེས། ཆོས་ལུགས་དད་མོས། མི་ཆོས་བསམ་བློ་སོགས་ལེགས་པར་གླེང་ཡོད་པ་ལ་བལྟས་ན་དངོས་ཡོད་ཀྱི་མི་ཡིན་པ་ལ་རྣམ་རྟོག་གི་བློ་སྐྱེ་མི་དགོས།
གཞན་ཡང་གེ་སར་སྒྲུང་ནི་རང་རྒྱལ་གྱི་སོག་པོ་དང། ཧོར། ཟ་ལར། པའེ་རིགས། ཡུ་གུར་རིགས་སོགས་མི་རིགས་མང་པོར་དར་ཁྱབ་བྱུང་ཡོད་ལ། དེ་དག་ལས་དར་ཁྱབ་བྱུང་བའི་གཞི་རྒྱ་ཅུང་ཆེ་བ་ནི་སོག་རིགས་ཡིན་པ་དང་།སོག་རིགས་དང་བསྡུར་ན་བོད་རིགས་སྒྲུང་པས་སྒྲུང་དཔེ་ཁག་མང་པོ་བཤད་ཤེས་པར་མ་ཟད། ད་དུང་སྒྲུང་བཤད་པའི་ཐད་ཀྱི་རིག་གནས་ཀྱང་གྱ་ནོམ་པ་ལྡན། གཞན་བོད་སོག་གེ་སར་སྒྲུང་གི་འབྲེལ་བ་ནི་མ་བུ་ལྟ་བུ་ཡིན་པ་དང་། སོག་པོའི་གེ་སར་སྒྲུང་གི་འབྱུང་ཡུལ་བོད་ཡིན་ནའང་བོད་རིགས་གེ་སར་སྒྲུང་དང་གཅིག་པ་གཅིག་རྐྱང་ཞིག་མ་ཡིན་ཏེ། སོག་པོའི་གེ་སར་སྒྲུང་ལ་སྒྲུང་པ་འགའ་རེ་མཐོང་རྒྱུ་ཡོད་ཀྱང་བོད་དང་གཏན་ནས་མི་འདྲ་བར། ཁོ་ཚོས་སྒྲུང་པ་རྣམས་བསླབ་སྒྲུང་ཁོ་ནར་གཏོགས་པ་ལས་བོད་རིགས་དང་འདྲ་བར་བབ་སྒྲུང་དང་པྲ་སྒྲུང་། གཏེར་སྒྲུང་། བརྒྱུད་སྒྲུང་།ཐོས་སྒྲུང་སོགས་ཀྱི་དབྱེ་བ་མེད་ལ། ད་དུང་སྒྲུང་བཤད་པའི་སྐབས་སུ་པི་ཝང་གི་རམ་འདེགས་བྱེད་པ་ཡང་སྲོལ་དུ་ཆགས་ཡོད། སྒྲུང་བཤད་པའི་དུས་ཡུན་ཡང་བོད་རིགས་དང་བསྡུར་ན་ཐུང་བས་མི་རིགས་རང་གི་ས་གནས་ཀྱི་ཁྱད་ཆོས་ཡོད་པ་ཞིག་གྲུབ་ཡོད་པ་དང་། སོག་པོའི་རིག་གནས་དང་སྲོལ་རྒྱུན་མཉམ་བསྲེས་བྱས་ནས་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་གེ་སར་སྒྲུང་གྲུབ་ཡོད་དོ། །
གཉིས་པ། གེ་སར་སྒྲུང་གི་ལག་བྲིས་མ་དང་ཤིང་དཔར་དར་ཚུལ།
གཅིག གེ་སར་སྒྲུང་གི་ལག་བྲིས་བྱུང་ཚུལ།
ལག་བྲིས་མར་མཚོན་ན་དུས་འདི་ལ་ཐོག་མར་བྱུང་ཞེས་གཏན་འཁེལ་བྱེད་རྒྱུ་དཀའ་མོ་ཡིན་ནའང་། ལག་བྲིས་མ་ཚད་ལྡན་ཅན་བྱུང་བའི་དུས་ནས་བོད་པའི་ཤོག་བུ་བཟོ་བའི་ལག་རྩལ་ཁྱབ་གདལ་དང་ཡི་གེར་འགོད་མཁན་གྱི་ཤེས་ཡོན་པ་མང་པོ་འཚར་ལོངས་བྱུང་བའི་དུས་དང་འབྲེལ་བ་དམ་པོ་མཆིས་པས་དུས་ཧ་ཅང་སྔ་བར་གོ་བ་བླངས་ན་སྒྲུབ་བྱེད་ཚད་ལྡན་བརྗོད་དཀའ་མོ་འདུག ཡིན་ནའང་ལག་བྲིས་མ་དང་ཤིང་དཔར་མ་ལས་ལག་བྲིས་མ་དུས་སྔ་བ་བསྙོན་དུ་མེད།
སྲོལ་རྒྱུན་གྱི་གེ་སར་སྒྲུང་གི་པར་གཞིའམ་ལག་བྲིས་མ་ཐོན་ས་ལ་བལྟས་ན། མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་གེ་སར་སྒྲུང་ནི་ཁམས་དང་ཨ་མདོའི་འབྲོག་པའི་ས་ཆ་ལ་དར་བ་ཡིན་ཞེས་གསུངས་པ་ལྟར་ལག་བྲིས་ཕལ་ཆེ་བ་ཞིག་ཁམས་དང་ཨ་མདོ་ནས་ཡིན་ལ། དེང་རབས་ཀྱི་སྒྲུང་མཁན་གྲགས་ཅན་དེ་དག་ཀྱང་དེ་བཞིན་ནོ། །
དུས་རབས་བཅུ་གཅིག་པའམ་བཅུ་གཉིས་པར་འདན་བླ་མ་ཆོས་ཀྱི་དབང་ཕྱུག་གིས་གེ་སར་སྒྲུང་གི་སྒྲུང་དཔེ་ཕྱི་མ་གཉིས་ལས་དམྱལ་གླིང་རྫོགས་པ་ཆེན་པོ་ཞེས་བྱ་བ་བྲིས་ནས་གཏེར་ལ་སྦས་པ་ཡིན་ཏེ། དུས་ཕྱིས་སུ་འཇོ་མདའ་རྫོང་ལྦ་ར་དགོན་བདེ་ཆེན་རི་ཁྲོད་དུ་དགེ་བའི་བཤེས་གཉེན་དམ་ཆོས་བསྟན་པས་ཤིང་དཔར་བཞེངས། མཇུག་བྱང་དུ། འཛམ་གླིང་སེང་ཆེན་རྒྱལ་པོའི་རྣམ་ཐར་དམྱལ་གླིང་རྫོགས་པ་ཆེན་པོ་མཐོང་བ་རང་གྲོལ་ངན་སོང་ཆོས་ཀྱི་སྐུལ་གླུ་འདི། འདན་བླ་མ་ཆོས་ཀྱི་དབང་ཕྱུག་གིས་རྒྱ་ཤོག་ངོས་ལ་རྒྱ་སྣག་གིས་བྲིས་ནས་བྱང་སྟོད་ཆབ་ཀྱི་རྫིང་བུའི་དབེན་གནས་ལ་གཏེར་དུ་སྦས་སོ①ཞེས་བཀོད་ཡོད།
དུས་རབས་བཅུ་གསུམ་པར། གེ་སར་སྐྱེས་བུ་དོན་གྲུབ་ལ་བསང་མཆོད་འབུལ་ཚུལ་ལགས་སོ། ། ཞེས་པའི་བསང་ཡིག་ཅིག་གི་མཇུག་ཏུ། འདམ་སྟོད་ཁ་ཤིས་གོང་ནས་གྲུབ་ཆེན་ཀརྨ་པ་ཤིས་པ་གེ་སར་སྐྱེས་བུ་དོན་གྲུབ་ཀྱི་ཞལ་གཟིགས་པའི་དུས་མཛད་པའོ། ། ཞེས་པ་ལས། འདམ་སྟོད་ཁ་ཤིས་གོང་ཞེས་པ་ནི་དེང་སྐབས་ཀྱི་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་གི་རྫ་རྒྱལ་རྡོ་རྗེ་འཕན་ཕྱུག་གི་ནུབ་བྱང་མཚམས་སུ་འཁེལ་བ་དང་། ཀརྨ་པ་ཤིས་པ་ཞེས་པ་ནི་ཀརྨ་པཀྵི་རང་ཡིན་དགོས་མོད། འོན་ཀྱང་གཞུང་ན་བྲིས་ནོར་མང་དུ་ཡོད། བསང་ཡིག་འདི(ཕལ་ཆེར་སྤྱི་ལོ1260ནས་སྤྱི་ལོ1264ལ་འཁེལ་ཡོད)བོད་ལ་ལོག་དུས་ལམ་ནས་བྲིས་པ་རེད་སྙམ་ལ། གེ་སར་སྒྲུང་གི་ལག་བྲིས་ལས་གཞན་གེ་སར་བསང་མཆོད་ཀྱི་ལག་བྲིས་རེ་འགའ་ཡང་བྱུང་ཡོད་པ་ཤེས་ཐུབ།
གཞན་ས་སྐྱ་པ་ཁམ་པ་སྟག་ཤམས་རྡོ་རྗེ་བྱ་བས་ཨ་སྟག་ལྷ་མོའི་རྣམ་ཐར་དམྱལ་གླིང་མུན་པ་རང་གསལ་ཞེས་བྱ་བ་བྲིས་ཤིང་། མ་ཡིག་འབྲི་ས་ནི་བྱང་སྒོ་མེ་བླ་བྲང་ས་སྐྱའི་ཕོ་བྲང་དུ་སྦྱར་ཞེས་འབྱུང་། གཞན་ཡང་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་གེ་སར་སྒྲུང་ལ་རྒྱལ་སྒྲུང་དང་ཆོས་སྒྲུང་གི་དབྱེ་བ་ཕྱེ་ཞིང་། གེ་སར་རྒྱལ་པོའི་གསོལ་མཆོད་བརྡ་གསང་ནོར་བུའི་མེ་ལོང་དང་གཡང་འབོད་སོགས་སྣ་ཁ37བརྩམས། དེ་བཞིན་གནའ་དེང་གི་བོད་རིགས་མི་དམངས་ནི་ལོ་རྒྱུས་སྙན་རྩོམ་རིང་མོ་འདིའི་ཁ་སྐོང་མཁན་དང་སྒྲོག་སྤེལ་མཁན་ཡང་ཡིན་ཟེར་ཆོག་གོ །
གལ་སྲིད་མི་དམངས་མང་ཚོགས་ཀྱིས་མི་རབས་དུ་མར་རྒྱུན་འཛིན་དང་སྒྲོག་སྤེལ། དེ་མིན་ཁོ་ཚོའི་སྲུང་སྐྱོབ་དང་འཕེལ་རྒྱས་མེད་ན། གླིང་སྒྲུང་འདི་མི་རབས་ནས་མི་རབས་བར་བརྒྱུད་མི་ཐུབ་ལ། དར་ཁྱབ་འདི་འདྲ་ཆེན་པོ་ཞིག་ཀྱང་ཡོད་ཐབས་མེད། འདིར་གསལ་བྱེད་ཅིག་དགོས་པ་སྟེ། སྒྲུང་རྩོམ་རིང་མོ་རང་ཉིད་ལ་ཡིད་དབང་འཕྲོག་པའི་ནུས་ཤུགས་ལྡན་པའང་སྒྲོག་སྤེལ་རྒྱུན་ཆད་མེད་པར་བགྲོད་ཐུབ་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན། དེས་ན་སྒྲུང་པས་གསར་རྩོམ་དང་མི་དམངས་ཀྱིས་སྒྲོག་སྤེལ། སྒྲུང་རྩོམ་རིང་མོའི་ཡིད་དབང་འཕྲོག་པའི་ནུས་ཤུགས་བཅས་ཆ་ཚང་ཚེ། ད་གཟོད་གླིང་གེ་སར་རྒྱལ་པོའི་སྒྲུང་ནི་བཞུར་རྒྱུན་མི་ཆད་པའི་རྨ་འབྲི་རིང་མོའི་རྒྱུན་ཇི་བཞིན་དུས་གཏན་དུ་ལང་ལོང་དུ་འཕྱུར་ཐུབ་པ་ཡིན་ནོ། །
གཉིས། གེ་སར་སྒྲུང་གི་ཤིང་པར་བྱུང་ཚུལ།
བོད་ཀྱི་ཡུལ་འདིར་ཤིང་དཔར་གྱི་རིག་པ་དེ་དུས་ནམ་ཞིག་ལ་དར་ཡོད་མེད་ཀྱི་ཁ་ཚོན་གཅོད་དཀའ་ཡང་།“དཔར་གྱི་ལག་རྩལ་དེ་ནི་མཐོ་བོད་བཙན་པོའི་སྐབས་ནས་དར་བ་ཞིག་ཏུ་སྣང་ལ་དེ་གང་ཡིན་ཞེ་ན། གཅིག་ནས་སྐབས་དེའི་རིག་གནས་ཀྱི་ཁོར་ཡུག་ལ་བལྟས་ན་ད་ལྟ་རང་རེ་རྣམས་ཀྱིས་དངོས་སུ་མཐོང་ཐུབ་པའི་མཐོ་བོད་བཙན་པོའི་དུས་རབས་སུ་འབྲི་བཞེངས་གནང་བའི་ཏུན་ཧོང་གི་ཡིག་ཆ་སྟེ། རྒྱ་ཤ་བཅུ་བའི་བུ་མོ་འཕྲོག་མི་ཆོག་ཅེས་པའི་དཔེ་རྙིང་དེའི་སྟེང་དུ་བཞག་པའི་ཐམ་ག་དེའི་ཁ་རིས་ནི་ཁྱི་གཤོག་ཅན་དང་དེའི་མཚན་བྱང་དུ་ཁྲོམ་ག་ཆེན་པོ་ནས་བླ་རྟགས་བཀྱེའོ། ། གཉིས་ནས་ཐམ་གའི་ཁ་རིས་དེ་འདྲ་བ་ཞིག་སྟེ་རྟ་གཤོག་པ་ཅན་དེའི་སྟེང་དུ་ཕོ་ཉ་ཞིག་བཞོན་པ་སྟེ་རྟ་ཕུར་ཕོ་ཉའི་ཐམ་ག་ཞེས་པ་དེ་ཡིན།”①དེའི་སྐོར་ལ་བོད་རིག་པའི་ཞིབ་འཇུག་པ་རྣམས་ཀྱིས་དེ་ནི་ང་ཚོའི་སེམས་གཏིང་དུ་གནས་པའི་ཤིང་བརྐོས་རི་མོའི་དཔར་མ་ཞིག་དང་འདྲ་བར་དུས་ཡུན་རིང་བོ་དེ་འདྲའི་སྔོན་གྱི་བརྐོས་ཀྱི་ལག་རྩལ་ལ་བརྟེན་ནས་རི་དྭགས་ཀྱི་གཟུགས་བརྙན་དང་བོད་ཡིག་བརྐོ་སྲོལ་བྱུང་ཡོད་པ་དེ་དག་ལས་བོད་ལ་དཔར་བརྐོ་བའི་ལག་རྩལ་དེ་དར་སྔ་བ་ང་ཚོས་ཤེས་ཐུབ། དེ་བཞིན་དུ་གླིང་སྒྲུང་ནང་གི་སྒྲུང་དཔེ་སྔ་མ་གསུམ་སྟེ། ལྷ་གླིང་གབ་ཙེ་དགུ་སྐོར་དང། འཁྲུངས་གླིང་མེ་ཏོག་ར་བ། རྨ་ས་བཟུང་དར་དཀར་མདུད་པ། གཞན་སྒྲུང་དཔེ་བར་མ་ལྔའི་ནང་གི་རྟ་རྒྱུག་ནོར་བུ་ཆ་བདུན་དང་ཕྱི་མ་གཉིས་ཏེ། དམྱལ་གླིང་མུན་པ་རང་གསལ་དང་དམྱལ་གླིང་རྫོགས་པ་ཆེན་མོ་བཅས་ནི་ཤིང་དཔར་ཡིན།
གླིང་སྒྲུང་གི་པར་གཞི་ཐོག་མ་དེ་དུས་ནམ་ཞིག་ལ་གྲུབ་པ་ཡིན་ནམ་ཞེ་ན། ད་ལྟ་ངེད་ཅག་གི་མིག་ལམ་དུ་བཤམས་ཡོད་པའི་སྒྲུང་དེ་དག་གི་བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གང་ཅི་ཐད་ནས་བརྟགས་ན་དུས་རབས་བཅོ་ལྔའི་སྔ་གཞུག་ཏུ་གྲུབ་པ་ཡིན་པར་འདོད་པའི་ཆེད་མཁས་པ་མང་པོ་མཆིས། གང་ལྟར་ཡིན་ཡང་སྔོན་ན་གེ་སར་རྒྱལ་པོ་ཁོང་ཉིད་སྐུ་འཁྲུངས་དགོས་པ་དང་། ཕྱིས་སུ་རིམ་གྱིས་གླིང་སྒྲུང་བྱུང་བ་འདི་འཇིག་རྟེན་གྱི་ཆོས་ཉིད་དང་འགྲོ་རིམ་ལ་མཐུན་པས་སུས་ཀྱང་ཁས་ལེན་བཞིན་འདུག འོ་ན་གེ་སར་སྒྲུང་གི་ཤིང་དཔར་མ་ཐོག་མ་དུས་ནམ་ཞིག་ལ་དར་ཁྱབ་ཏུ་སོང་བ་ཡིན་ནམ་ཞེ་ན།“བོད་པའི་མཁས་པ་མང་པོས་དུས་རབས་བཅུ་གསུམ་པར་བཅོམ་ལྡན་རིག་རལ་བཅས་ཀྱིས་དཔལ་སྣར་ཐང་གཙུག་ལག་ཁང་ནས་བཀའ་བསྟན་བསྡུ་བསྒྲིགས་གནང་བ་ངོ་བཤུས་ཀྱིས་ཡུལ་ནན་ཅིན་ནས་པར་དུ་བསྐྲུན་པ་དེ། བོད་ཡིག་གི་པར་སྐྲུན་ལག་རྩལ་རྙེད་པའི་ཐོག་མ་ཡིན་པར་གླེང་བ་དང་། འགའ་ཞིག་གིས་རྗེ་ཙོང་ཁ་པའི་རིང་ལ《ས་སྐྱའི་གསུང་འབུམ》པར་སྐྲུན་གནང་བ་དེ་བོད་ཡིག་ཤིང་ལ་རྐོ་བའི་ཐོག་མ་ཡིན་པར་གླེང་། ལ་ལས་རྒྱལ་བ་ཙོང་ཁ་པས་ཤིང་གི་སྒང་ལ་པར་བརྐོས་ནས་དཔེ་ཆར་བརྒྱབ་པའི་ལུགས་སྲོལ་ཞིག་བཙུགས་པ་དེ་བོད་ལ་པར་སྐྲུན་ལག་རྩལ་བྱུང་བའི་ཐོག་མ་ཡིན་པར་གླེང་།”①དེའི་ཕྱིར་གླིང་སྒྲུང་པར་གཞིའི་མགོ་ཚུགས་པ་ནས་ད་བར་དུ་ཇི་ལྟར་བརྒྱུད་པ་དང་མཐའ་མར་ཇི་ལྟར་ཁ་ཚང་འཛོམས་པོའི་གླེགས་བམ་ཞིག་ཏུ་གྱུར་པ་ལ་སོགས་གསལ་ཁ་འཁྲུལ་མེད་ཅིག་བརྗོད་པའི་ཐབས་མ་མཆིས་སྟབས། གཙོ་བོ་ཡིག་ཚང་ཀློག་པ་དང་རིག་འདེད་བགྱིད་པའི་ཐབས་ལམ་ལ་བརྟེན་ནས། ད་ལྟ་གླིང་སྒྲུང་ཤིང་དཔར་མ《ལྷ་གླིང་གབ་ཙེ་དགུ་སྐོར》དང་། 《གེ་སར་འཁྲུངས་རབས》《རྟ་རྒྱུག་རྒྱལ་འཇོག》《སྟག་གཟིག་ནོར་རྫོང》《ཁ་ཆེ་གཡུ་རྫོང》《དམྱལ་གླིང་རྫོགས་པ་ཆེན་མོ》《ཨ་སྟག་ལྷ་མོ》བཅས་དུས་ནམ་ཞིག་གམ་མི་སུས་བརྐོས་པ་སོགས་ཅུང་ཙམ་རྒྱུས་ལོན་ཐུབ་ནའང་གོ་འཛོལ་ཅི་ཡང་མེད་པ་ཞིག་ཁ་ཚོན་གཅོད་ཁག་པོ་འདུག ཡིན་ནའང་གླིང་ཚང་རྒྱལ་པོའི་ཁྱིམ་གཞིས་ནས་པར་བརྐོས་གནང་བའི་གླིང་སྒྲུང་ལས་ཐེངས་གང་མང་ལ་འཇུ་མི་ཕམ་ཚང་གི་མཚན་དང་ཕྱག་རྗེས་གླེང་ཡོད་པར་བརྟགས་ན་གངས་ཅན་མཁས་ཆེན་དམ་པ་འཇུ་མི་ཕམ་ཚང་གི་དུས་སྐབས་ཤིག་ཡིན་པའམ་ཡང་ན་དེའི་རྗེས་སུ་ཡིན་པ་གོར་མ་ཆག དེ་ལྟར་ཡིན་ན་འཇུ་མི་ཕམ་ཚང་སྤྱི་ལོ1846ལ་སྐུ་འཁྲུངས་ཤིང1912ལོར་སྐུ་གཤེགས་པས་ཤིང་དཔར་མ་དེའི་གྲུབ་སྐབས་དུས་རབས་བཅུ་དགུའི་མཇུག་ནས་ཉི་ཤུའི་མགོ་ཡིན་པ་བདེན་དཔང་གསལ་བོ་བྱེད་ཐུབ་བོ། །
གེ་སར་སྒྲུང་དག་སྒྲིག་མའི་པར་གཞི་ཐོག་མ་དེ“མི་དབང་བསོད་ནམས་སྟོབས་རྒྱས(1689-1747)ཀྱི་སྐུ་རིང་ལ་སྟག་རྫོང་བསམ་འགྲུབ་རབ་བརྟན་གྱི་རྫོང་གི་འགན་བཞེས་པ་བསོད་ནམས་དཔལ་ལྡན་དང་བདེ་མཁར་དངོས་གྲུབ་བཀྲ་ཤིས་གཉིས་ཀྱིས་གསུང་ནན་མོ་བསྩལ་པ་སོགས་ལ་བརྟེན་ནས་ཐོས་དོན་ཉམས་ལེན་ལ་ཐུགས་དགྱེས་པའི་བཙུན་པ་ངག་དབང་བསྟན་འཛིན་ཕུན་ཚོགས་མཆོག་གིས་སྒྲུང་གི་ས་བོན་ཙམ་ལས་གླུ་ལེན་གྱི་བར་སྐབས་སོགས་མེད་པའི་སྒྲུང་འབུམ་ཞེས་པ་གཞིར་བཞག་ནས། མདོ་ཁམས་གླིང་གསུམ་གྱི་སྒྲུང་བཤད་མཁས་པ་ཉི་ཤུ་སྐོར་ལ་དངོས་སུ་གསན་ཞིང་། ལྷག་པར་དུ་སྡེ་དགེའི་སྒྲུང་པ་ཚེ་རིང་དོན་གྲུབ་དང་ནང་ཆེན་སྒྲུང་པ་ལྷ་དབང་རིག་འཛིན། ཆབ་མདོ་ཞང་ལུ་ཕུན་ཚོགས། གླིང་པ་ལྷའུ་བཀྲ་ཤིས་བཅས་ཀྱི་ངག་རྒྱུན་ཡིད་ལ་གསལ་བ་རྣམས་ཀྱི་ནང་དོན་ལྟར་བླང་དོར་གང་ལེགས་དང་། ཚིག་དོན་མི་འགལ་བར་ཁ་འགེངས་དགོས་པ་རྣམས་ཀྱིས་ལེགས་པར་ཟུར་བརྒྱན་པར་བརྟེན། སྤུས་ལེགས་ཤིང་ཆ་ཚང་བའི་ཧོར་གླིང་གཡུལ་འགྱེད་སྟོད་སྨད་ཆ་ཞིག་ཤིང་སྟག་ཆུ་འབྲུག(1734ལོར)གི་ཉ་ནས་སུག་བྲིས་ཀྱི་དབུ་བཙུགས་ཏེ། ཤིང་མོ་ཡོས(1735ལོར)ཀྱི་རྒྱལ་ཉི་གྲལ་ཚེས་ལ་ལེགས་པར་གྲུབ་བོ། །”① ཞེས་པའི་དོན་ལ་བརྟགས་ན་ཧོར་གླིང་གཡུལ་འགྱེད་འདི་དག་སྒྲིག་ཐོག་མ་དེ་བགྲང་བྱ་ཉིས་བརྒྱ་གྱ་བརྒྱད་སྔོན་ལ་བྱུང་བ་དང་ཕྱིས་སུ་ཡང་དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་སྐབས་སུ་མཁས་དབང་ཚེ་ཏན་ཞབས་དྲུང་དང་གསུང་རབ་རྒྱ་མཚོ་སོགས་ཀྱིས་དག་སྒྲིག་བྱས་ནས་ལྕགས་པར་ལ་བཏབ། འདིའི་སྔོན་ལའང་སྒྲུང་དཔེ་གང་མང་ལ་དག་སྒྲིག་རེ་བྱས་ཡོད་མོད། འོན་ཏེ་གཞི་རྒྱ་ཆེ་བའི་ངང་ནས་དག་སྒྲིག་ཚད་ལྡན་གནང་བ་ནི《ཧོར་གླིང་གཡུལ་འགྱེད》ཐོག་མ་ཡིན་པ་ཕལ་ཆེར་ཐག་གཅོད་ཐུབ་བོ། །
གསུམ་པ། གེ་སར་སྒྲུང་སྲུང་སྐྱོབ་དང་རྒྱུན་འཛིན།
དུས་སྐབས་གསར་བ་འདིར་ཚན་རིག་རིག་གནས་དང་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་བྱུང་བ་དང་བསྟུན་ནས། མིའི་རིགས་ཀྱི་བསམ་བློ་དང་འཚོ་བའི་ཁོར་ཡུག་ལའང་འགྱུར་ལྡོག་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་ལ། སྒོས་སུ་རིག་གནས་གསར་བའི་འཕེལ་ཤུགས་ཀྱིས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བར་ཡང་ཚོད་འཛིན་ངེས་ཅན་ཞིག་ཐེབས་ཡོད་ཕྱིར། ང་ཚོས་རིག་གནས་ཀྱི་རིན་ཐང་ཡང་དག་པར་ངོས་བཟུང་སྟེ་སྙིགས་འདོར་བཅུད་ལེན་བྱེད་དགོས་པ་དང་། རིག་གནས་གསར་རྙིང་བར་གྱི་འགལ་འབྲེལ་ལ་དཔྱད་པ་ནན་མོ་བཏང་སྟེ་མཐུན་སྦྱོར་ངང་འཕེལ་རྒྱས་སུ་བཏང་ན། ད་གཟོད་ངེས་པ་དོན་གྱིས་ཕ་མེས་ནས་བརྒྱུད་པའི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་ཐུབ་པ་རེད། ལོ་ངོ་སྟོང་ལྷག་ལ་ངག་རྒྱུན་དུ་བརྒྱུད་པའི་ཕ་ནོར《གེ་སར་སྒྲུང》ཡང་གནས་བབ་དེ་ལས་མ་འདས་པར་ཆ་འཕྲིན་དུས་རབས་ཀྱི་རིག་གནས་ཤུགས་རྐྱེན་ཐེབས་ཏེ་རྒུད་པའི་ལམ་དུ་ལྷུང་ལ་ཉེ་བས། རིག་གནས་འདིའི་ད་ལྟའི་གནས་བབ་དང་། ཞིབ་འཇུག་གི་གྲུབ་འབྲས། རྒྱུན་འཛིན་དང་འཕེལ་རྒྱས་ཐད་ཀྱི་གནད་དོན་ལ་ཀུན་གྱིས་དོ་སྣང་དང་ཐུགས་ཁུར་བྱེད་འོས་པ་ཞིག་རེད། ད་ལྟ་དམངས་ཁྲོད་དུ་གེ་སར་སྒྲུང་པ་དང་ལག་བཤུས་སྒྲུང་དཔེ་ཉར་མཁན་ཡང་ཇེ་ཉུང་ནས་ཇེ་ཉུང་དུ་འགྱུར་བཞིན་ཡོད་པ་ང་ཚོའི་མཐོང་ཐོས་སུ་གྱུར་ཡོད། གཞན་ལ་ངོམ་དུ་རུང་བའི་གེ་སར་སྙན་རྩོམ་རིང་མོ་འདི་ད་ལྟའི་བར་དུ་གནས་ཐུབ་པ་ནི་གེ་སར་སྒྲུང་པ་དག་གི་བཀའ་དྲིན་ཡིན་ཏེ། ཁོང་ཚོ་ནི་གེ་སར་སྙན་རྩོམ་རིང་མོ་ཐད་ཀར་གསར་རྩོམ་བྱེད་མཁན་ཡིན་ལ། རྒྱུན་འཛིན་དང་བརྒྱུད་སྒྲོག་བྱེད་པོ་ཡང་ཡིན། གེ་སར་སྒྲུང་པ་མེད་ཚེ་གེ་སར་རིག་གནས་འདི་ཡང་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་ནམ་ཞིག་གནས་པར་མི་འགྱུར་རོ། །
ཉེ་བའི་དུས་སུ་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཕྱིན་པ་དང་ལྷག་པར་དུ་གཞི་གྲངས་ཆེན་མོའི་དུས་རབས་སུ་སླེབས་པས་མི་རྣམས་ཀྱི་དཔལ་འབྱོར་བྱེད་སྒོ་དང་། སྤྱི་ཚོགས་འཚོ་བ། རིག་གནས་འཚོ་བ་སོགས་ལ་ཚད་གཞི་མི་འདྲ་བའི་གྲངས་ཀ་ཅན་དང་གཞི་གྲངས་ཆེན་མོའི་ཤུགས་རྐྱེན་ཐེབས་ཡོད་ལ། དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་མི་རྣམས་ཀྱི་རྩོམ་རིག་ཐོན་སྐྱེད་བྱེད་སྒོའི་གསར་རྩོམ་དང་། བརྒྱུད་སྒྲོག། དང་ལེན་སོགས་ལ་ཡང་ཉིན་རེ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད། ཆ་འཕྲིན་ཅན་གྱི་དུས་རབས་སུ་ལོ་རྒྱུས་སྙན་ངག་རིང་མོ《གེ་སར་སྒྲུང》སྲུང་སྐྱོང་ལས་དོན་སྔར་ལས་ཡག་པོ་ཇི་ལྟར་བསྒྲུབ་དགོས་པ་ལ། འདིར་རིག་གཞུང་ཁྱབ་ཁོངས་གཅིག་པའི་ཞིབ་འཇུག་པ་རྣམས་ཀྱིས་བསམ་གཞིག་གཏིང་ཟབ་བྱེད་དགོས་ཤིང་། དེ་དང་འཚམ་པའི་ཞིབ་འཇུག་བྱ་གཞི་ལ་སློབ་སྦྱོང་དང་ཁོང་དུ་ཆུད་པ་གལ་འགངས་ཤིན་ཏུ་ཆེ། དེར་བརྟེན་རྩོམ་པ་པོས་གཤམ་གསལ་གྱི་ཕྱོགས་འགའི་ཐད་ནས་མགོ་བཙུགས་ན《གེ་སར་སྒྲུང》གི་གཞི་གྲངས་ཅན་གྱི་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་ཐུབ་པར་ངོས་འཛིན་བྱས་པ་སྟེ།
གཅིག དུས་རབས་ཀྱི་འཕོ་འགྱུར་དང་བསྡོངས་ནས་ལྟ་བར་འགྱུར་ལྡོག་བཏང་སྟེ། གཞི་གྲངས་ལག་རྩལ་གྱིས་ལོ་རྒྱུས་སྙན་ངག་རིང་མོ《གེ་སར་སྒྲུང》སྲུང་སྐྱོབ་ཁྲོད་ནུས་པ་གལ་ཆེན་ཐོན་པར་ངོས་འཛིན་བྱས་ནས། མ་རྩ་འཇོག་ཚད་ཆེ་རུ་གཏོང་བ་དང་འབྲེལ་ཡོད་བྱ་བའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་གཞི་གྲངས་ཡིག་ཚགས་སྲུང་སྐྱོབ་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།
གཉིས། གཞི་གྲངས་ལག་རྩལ་གང་ལེགས་སྤྱད་དེ《གེ་སར་སྒྲུང》དཔྱད་གཞིའི་རྒྱུ་ཆ་བསྡུ་རུབ་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་སྒྲུང་པ་དང་། དབྱངས་རྟ། སྒྲུང་བཤད་དང་རིག་གནས་སོགས་དང་འབྲེལ་བའི་ཆ་འཕྲིན་བསྡུ་རུབ་ཆ་ཚང་བྱེད་པར་འགན་ལེན་བྱེད་དགོས། 《གེ་སར་སྒྲུང》ཤུལ་བཞག་གི་འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ཏུ་ཡིག་ཚགས་སུ་འཇུག་པར་འགན་ལེན་བྱས་ཏེ《གེ་སར་སྒྲུང》གི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཆ་འཕྲིན་འཐུས་ཚང་ཡོང་བར་འགན་ལེན་བྱེད་དགོས།
གསུམ། གཞི་གྲངས་ཀྱི་མཛོད་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས《གེ་སར་སྒྲུང》གི་ཆ་འཕྲིན་ཁྱོན་ཡོངས་ནས་བསྡུ་རུབ་དང་གསོག་འཇོག་ཐུབ་པ་བྱེད་དགོས། 《གེ་སར་སྒྲུང》གི་ཕྱོགས་མང་དོ་དམ་དང་ཁ་ཐོར་དོ་དམ་གྱི་ད་ལྟའི་གནས་ཚུལ་ལ་དམིགས་ཏེ་འབྲེལ་ཡོད་ཚད་གཞིར་གཞིགས་ནས་གཞི་གྲངས་ཀྱི་མཛོད་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་དང་།
ཕན་ཚུན་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ཆ་འཕྲིན་གྱི་ཁེར་ཆགས་གནད་དོན་ཐག་གཅོད་ནུས་ལྡན་བྱ་དགོས།
བཞི། 《གེ་སར་སྒྲུང》དྲ་ཚིགས་ཀྱི་སྟེགས་བུ་བརྒྱུད་ནས《གེ་སར་སྒྲུང》གི་གཞི་གྲངས་ཡིག་ཚགས་ལ་ཆ་འཕྲིན་ལག་རྩལ་གྱི་ཞབས་ཞུའི་སྟེགས་བུ་མཁོ་འདོན་བྱེད་པ་དང་འབྲེལ། 《གེ་སར་སྒྲུང》དྲིལ་སྒྲོག་བརྒྱུད་སྤེལ་སྟེགས་བུ་དང་རྒྱུན་འཛིན་པར་མཉམ་ཞུགས་ཐུབ་པའི་ཞབས་ཞུ་མཁོ་འདོན་བྱེད་པའི་སློབ་ཁྲིད་སྟེགས་བུ་ཞིག་ཏུ་བརྩིས་ནས་ཆ་འཕྲིན་དུས་རབས་ཀྱི་མི་དམངས་མང་ཚོགས་ཀྱི་སྤྱི་པའི་རིག་གནས་ཀྱི་དགོས་མཁོ་ཧུར་ཐག་གིས་སྐོང་དགོས།
ལྔ། སྨྱན་སྦྱོར་གསར་བ་སོགས་གཞི་གྲངས་ཅན་གྱི་ལག་རྩལ་སྤྱད་དེ་ཕྱོགས་སོ་སོའི་དཔྱད་ཡིག་བསྡུ་རུབ་དང་ལེགས་སྒྲིག་བྱས་ནས་ཆ་རྐྱེན་འོས་འཚམ་འཛོམས་སྐབས《གེ་སར་སྒྲུང》གི་གཞི་གྲངས་རྟེན་རྫས་བཤམས་སྟོན་ཁང་འཛུགས་དགོས།
མཇུག་གི་གཏམ།
མདོར་ན་གེ་སར་སྒྲུང་འདི་དམངས་ཁྲོད་དུ་རྒྱ་ཆེར་དར་རྒྱས་སུ་འགྲོ་བའི་བརྒྱུད་རིམ་ཁྲོད་དུ་དུས་རབས་སོ་སོའི་མི་སྐྱའི་རིག་གནས་པ་དང་དགོན་པའི་བླ་གྲྭ་རྣམ་པས་ཕྱག་རྗེས་བླ་ལྷག་བསྐྲུན་འདུག ཁོང་རྣམ་པའི་ཟིན་བྲིས་དང་། དག་སྒྲིག་བཅས་པ་མེད་པའི་དབང་དུ་བཏང་ན་ད་ལྟའི་ལག་བྲིས་མ་དང་ཤིང་དཔར་མའི་པར་གཞི་འབོར་ཆེན་མཐོང་ཐབས་བྲལ། བརྒྱུད་སྒྲོག་གི་གོ་རིམ་ཁྲོད་དུ་ཐོག་མར་ལག་བྲིས་མ་བྱུང་བ་དང་དེར་བརྟེན་རིམ་གྱིས་ཤིང་དཔར་མ་བྱུང་བ་ཡིན། དུས་རབས་མི་འདྲ་བར་སྒྲུང་དཔེ་ལག་བྲིས་མ་དང་ཤིང་དཔར་མ་བཅས་པའི་ཡིག་ཐོག་ཐབས་ལམ་ལ་བརྟེན་ནས་དར་ཁྱབ་ཏུ་སོང་ཡོད་ནའང་ཁྱབ་རྒྱ་ཆུང་ཞིང་། སྒྲུང་པ་ཚོས་ངག་ཐོག་བརྒྱུད་སྒྲོག་གི་ཐབས་ལམ་འདིར་བརྟེན་བཞིན་འདུག་པའང་ཤེས་གསལ་ལྟར་རོ། ། ཕྱིས་སུ་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་སྒྲུང་དཔེ་ཡི་གེར་འགོད་མཁན་གྱི་ཡོན་ཏན་པ་རིམ་གྱིས་ཇེ་མང་དུ་སོང་ཞིང་། ལག་བྲིས་མའི་གྲངས་ཀ་ཇེ་མང་དུ་སོང་བ་མ་ཟད་རྒྱུ་སྤུས་ཀྱང་རིམ་གྱིས་ཇེ་མཐོར་སོང་ཡོད་དོ། །
* སྐལ་བཟང་ལྷ་མོ། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང2020ལོའི་རབ་འབྱམས་ཞིབ་འཇུག་སློབ་མ་ཡིན།
3.png
① ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། [M] ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1993:816.
① བྲག་དགོན་པ་དཀོན་མཆོག་བརྟན་པ་རབ་རྒྱས། མདོ་སྨད་ཆོས་འབྱུང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987:234.
① འདན་བླ་མ་ཆོས་ཀྱི་དབང་ཕྱུག དམྱལ་གླིང་རྫོགས་པ་ཆེན་པོ། འཇོ་མདའ་རྫོང་ལྦ་ར་དགོན་གྱི་ཤིང་པར། 134
① པད་མ་བཀྲ་ཤིས། བོད་ཡིག་གནའ་དཔེའི་རྣམ་བཤད། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2019:133.
① སངས་རྒྱས་མཁར། བོད་ཀྱི་པར་སྐྲུན་ལག་རྩལ་བྱུང་འཕེལ་སྐོར་གྱི་ཐོག་མའི་བསམ་གཞིག [J] མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། 2012:3.
① གཅོད་པ་དོན་གྲུབ། ཧོར་གླིང་གཡུལ་འགྱེད།སྟོད་ཆ། [M] མི་རིགས་དཔེ་སྐྲུན་ཁང་། 2000:3.
① བྲག་དགོན་པ་དཀོན་མཆོག་བརྟན་པ་རབ་རྒྱས། མདོ་སྨད་ཆོས་འབྱུང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987:234.
① འདན་བླ་མ་ཆོས་ཀྱི་དབང་ཕྱུག དམྱལ་གླིང་རྫོགས་པ་ཆེན་པོ། འཇོ་མདའ་རྫོང་ལྦ་ར་དགོན་གྱི་ཤིང་པར། 134
① པད་མ་བཀྲ་ཤིས། བོད་ཡིག་གནའ་དཔེའི་རྣམ་བཤད། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2019:133.
① སངས་རྒྱས་མཁར། བོད་ཀྱི་པར་སྐྲུན་ལག་རྩལ་བྱུང་འཕེལ་སྐོར་གྱི་ཐོག་མའི་བསམ་གཞིག [J] མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། 2012:3.
① གཅོད་པ་དོན་གྲུབ། ཧོར་གླིང་གཡུལ་འགྱེད།སྟོད་ཆ། [M] མི་རིགས་དཔེ་སྐྲུན་ཁང་། 2000:3.