[གནད་བསྡུས] རྩོམ་འདིར་བོད་ཀྱི་ཡིག་སྐད་དང་ཨ་མདོའི་ཡུལ་སྐད་ཕན་ཚུན་ཟུང་དུ་འབྲེལ་ཏེ། ལ་དོན། དང་སྒྲ། རྒྱན་སྡུད་ཀྱི་སྒྲ་ཀྱང་འང་ཡང་གསུམ། ལྷག་བཅས་ཀྱི་སྒྲ་ནས་སོགས་ཀྱི་དོད་དུ་ཨ་མདོའི་ཡུལ་སྐད་ཁྲོད་ར་སྒྲ་བཀོལ་བཞིན་ཡོད་པ་ངོས་བཟུང་སྟེ། ཨ་མདོའི་ཡུལ་སྐད་ཁུལ་གྱི་སློབ་འབྲིང་སློབ་མར་བོད་ཡིག་བརྡ་སྤྲོད་ཁྲིད་སྐབས། ཚིག་ཕྲད་ཀྱང་སོགས་ཀྱི་འཇུག་དོན་ལ་གོ་སླ་བ་ཁ་སྐད་ཁྲོད་ཀྱི་ཚིག་ཕྲད་རའི་དཔེར་བརྗོད་ངོ་སྦྱར་ཏེ་ཚིག་ཕྲད་ངོས་འཛིན་གསལ་བོ་བསྟན་ནས། ཨ་མདོའི་ཡུལ་སྐད་སློབ་སྦྱོང་བྱེད་མཁན་དང་ཨ་མདོའི་ཡུལ་སྐད་ཁུལ་གྱི་སློབ་མར་སྐད་ཡིག་སློབ་ཁྲིད་བྱེད་སྐབས་ཟུར་བལྟའི་རིན་ཐང་དང་བེད་སྤྱོད་རིན་ཐང་ངེས་ཅན་ཡོད།
[གནད་ཚིག] ཨ་མདོའི་ཁ་སྐད། ཡིག་སྐད། ཚིག་ཕྲད། ར་སྒྲ།
སློབ་འབྲིང་སློབ་མས་བོད་སྐད་བརྡ་སྤྲོད་སྦྱོང་སྐབས་དཀའ་ཁག་གཙོ་བོ་དེ་ཁ་སྐད་དང་ཡིག་སྐད་བར་གྱི་ཁྱད་པར་རམ་བར་ཐག་ཆེ་བ་དེ་ཡིན་སྟབས། གལ་ཏེ་ཁ་སྐད་དང་ཡིག་སྐད་ཀྱི་བར་ཐག་ཉེ་རུ་གཏོང་ཐབས་ཤིག་ཡོད་ན། སློབ་མའི་བོད་སྐད་བརྡ་སྤྲོད་སྦྱོང་བའི་དཀའ་ཁག་དེ་རང་བཞིན་གྱིས་སེལ་ཐུབ།ཁ་སྐད་དང་ཡིག་སྐད་བར་དུ་གཞི་རྒྱུད་གཅིག་པའི་འབྲེལ་ཐག་ཅིག་ཡོད་པ་བསྙོན་མེད་ཡིན། གཞི་རྒྱུད་གཅིག་པ་དེ་ངོས་ཟིན་ན་ཁ་སྐད་ཤེས་པ་ཙམ་གྱིས་ཡིག་སྐད་ཤེས་སླ་བོ་ཡོང་སྲིད་པ་སྟེ། དཔེར་ན། ཡར་ར་སོང་།འབད་པ་གྱིས་ར་ཡར་རྒྱས་ཡོང་། སེམས་དཀར་ན་ར་ངོ་ནག་གི་ཞེས་པ་སོགས་ནི་ཨ་མདོའི་ཁ་སྐད་ཁྲོད་དུ་གོ་སླ་བའི་ཚིག་གྲུབ་ཡིན་ལ། ཚིག་གྲུབ་དེ་དག་གི་གཏན་ཚིགས་མི་འདྲ་བ་ནི་ཚིག་གྲུབ་དེ་དག་གི་ར་སྒྲ་ལ་འབྲེལ་བ་ཡོད་པ་ངོས་འཛིན་བདེ་བ་ཡིན། རིམ་བཞིན་བྱ་བའི་ཡུལ་སྟོན་པ་དང་། གདམས་ངག་སྟོན་པ། ར་སྒྲའམ་ན་ར་ཞེས་པའི་སྒྲས་སྔ་ཕྱི་མི་མཐུན་པ་སྟོན་པ་སོགས་ཀྱི་གོ་དོན་དེ་དག་སློབ་མ་ལ་ངོ་འཕྲོད་རྗེས། ར་སྒྲ་དང་པོ་དེར་ཡིག་སྐད་ཁྲོད་དུ་ལས་སུ་བྱ་བའི་ལ་དོན་དང་། གཉིས་པ་དང་སྒྲ་གདམས་ངག་ལ་འཇུག་པ་དང་། གསུམ་པ་ཀྱང་སོགས་མི་མཐུན་པའི་ཚིག་རྒྱན་ལ་འཇུག་པ་ཟེར་རོ་ཞེས་ངོ་སྤྲད་ན། སློབ་ཕྲུག་རྣམས་གོ་བདེ་ས་དང་བརྗོད་བདེ་ས་ནས་རིམ་བཞིན་ཡིག་སྐད་ལ་གོམས་བྱང་ཡོང་བའི་ལམ་ཁ་ཞིག་ཡིན་སྙམ།
གཤམ་དུ་ཨམ་སྐད་ཁྲོད་དུ་ར་སྒྲ་ཚིག་ཕྲད་ལ་འཇུག་ཚུལ་གང་དག་ཡོད་པ་དང་། དེ་དག་ཀྱང་ཡིག་སྐད་ཁྲོད་ཀྱི་ཕྲད་གང་དག་གི་འཇུག་ཚུལ་ལ་ངོ་འཕྲོད་ལུགས་ཀྱི་དཔེར་བརྗོད་གཤིབ་བསྡུར་རིམ་པར་བཀོད་ན།
གཅིག དང་སྒྲའི་ཚབ་ཏུ་འཇུག་པ།
ཐོན་མིའི་ཞལ་ལུང་ལས། མིང་གང་རུང་བའི་བར་མཚམས་སུ། ། གསུམ་པ་ལ་ནི་གཉིས་པ་སྦྱར། ། དེ་ནི་སྡུད་དང་འབྱེད་པ་དང་། ། རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ། །① ཞེས་ཡིག་སྐད་དུ་དང་སྒྲ་ནི་སྡུད་པ་དང་འབྱེད་པ། རྒྱུ་མཚན་དང་ཚེ་སྐབས། གདམས་ངག་བཅས་ལ་འཇུག་པར་བསྟན་ཡོད་ཅིང་། ཨ་མདོའི་ཁ་སྐད་ཁྲོད་དུ་དང་སྒྲའི་ཚབ་ཏུ་ར་སྒྲ་སྦྱོར་བ་སྟེ། དེ་ཡང་ཡིག་སྐད་དང་ཁ་སྐད་བསྡུར་ཏེ་སོ་སོར་བཀོད་པ་གཤམ་གསལ་ལྟར།
༡.སྡུད་པ་ལ་འཇུག་པ་ཡིག་སྐད་དུ་དཔེར་ན། ཀ་ར་དང་། བུ་རམ་དང་། སྦྲང་རྩི་ནི་མངར་གསུམ་མོ་ལྟ་བུ་ཁ་སྐད་ལ། ཀ་ར་ར། བུ་རམ་ར། སྦྲང་རྩི་ནི་མངར་གསུམ་རེད་ཅེས་བརྗོད་པ་དང་། ཡང་དཔེར་ན། ལུས་དང་། ངག་དང་། ཡིད་ནི་སྒོ་གསུམ་མོ་ཞེས་པ་ལ། ལུས་ར། ངག་ར། ཡིད་ནི་སྒོ་གསུམ་པོ་རེད་ཅེས་བརྗོད་དོ། །
༢.འབྱེད་པ་ལ་འཇུག་པ་ཡིག་སྐད་དུ་དཔེར་ན། འབྱུང་བ་བཞི་ནི། ས་དང་། ཆུ་དང་། མེ་དང་། རླུང་ངོ་ལྟ་བུ་ཨ་མདོའི་ཁ་སྐད་ལ། འབྱུང་བ་བཞི་ནི་ས་ར། ཆུ་ར། མེ་ར། རླུང་རེད་ཅེས་བརྗོད་པ་དང་། ལོ་གཅིག་གི་དུས་བཞི་ནི། དབྱར་དང་། དགུན་དང་། སྟོན་དང་། དཔྱིད་བཞིའོ་ཞེས་པ་ལ། ཁ་སྐད་དུ་ལོ་གཅིག་གི་དུས་བཞི་ནི། དབྱར་ར། དགུན་ར། སྟོན་ར། དཔྱིད་བཞི་རེད་ཅེས་བརྗོད་དོ། །
༣.རྒྱུ་མཚན་ལ་འཇུག་པ་ཡིག་སྐད་དུ་དཔེར་ན། མིག་གིས་མཐོང་བ་དང་ཧ་གོ་ཞེས་པ། ཁ་སྐད་ལ་མིག་གིས་མཐོང་ནི་ར་ཧ་གོ་ཞེས་བརྗོད་པ་དང་། ཕྱིར་དྲན་བྱས་པ་དང་ཡིད་ལ་ཤར་ཞེས་པར། ཕྱིར་དྲན་བྱས་ནི་ར་ཡིད་ལ་ཤར་ཞེས་དང་། ཆུ་འཐུང་བ་དང་སྐོམ་སེལ་ཞེས་པར། ཆུ་འཐུང་ནི་ར་སྐོམ་སེལ་ཞེས་བརྗོད་དོ། །
༤.ཚེ་སྐབས་ལ་འཇུག་པ་ཡིག་སྐད་དུ་དཔེར་ན། མུན་རུབ་པ་དང་ཟླ་བ་ཤར་ལྟ་བུར། ཁ་སྐད་ལ་མུན་རུབ་ནི་ར་ཟླ་བ་ཤར་ཞེས་བརྗོད་པ་དང་། གུང་གསེང་སླེབས་པ་དང་ཡུལ་ལ་སོང་ལྟ་བུར། གུང་གསེང་སླེབས་ནི་ར་ཡུལ་ལ་སོང་། ནམ་ལངས་པ་དང་ཞོགས་སྦྱོང་བྱེད་ཅེས་པ་ལ། ནམ་ལངས་ནི་ར་ཞོགས་སྦྱོང་ཡེད་ཟེར་བ་ལྟ་བུའོ། །
༥.གདམས་ངག་ལ་འཇུག་པ་ཡིག་སྐད་དུ་དཔེར་ན། དཔེ་ཀློག་བྱོས་དང་ཡར་རྒྱས་ཡོང་ཞེས་པར། ཁ་སྐད་ལ་དཔེ་ཀློག་བྱོས་ར་ཡར་རྒྱས་ཡོང་ཞེས་བརྗོད་པ་དང་། ཡིད་ཆེས་བྱོས་དང་བློ་གཏད་རུང་ཞེས་པར། ཡིད་ཆེས་བྱོས་ར་བློ་གཏད་རུང་ཞེས་བརྗོད་པ་ལྟ་བུའོ། །
སུམ་རྟགས་ཀྱི་གཞུང་ཕལ་མོ་ཆེར་དང་སྒྲའི་འཇུག་པ་ལྔར་བཤད་ཀྱང་། དོན་དུ་དེ་བས་མང་ཙམ་མཆིས་པ་དཔའ་རིས་སངས་རྒྱས་མཆོག་གིས་བརྡ་སྤྲོད་གསལ་བྱེད་ངག་སྒྲོན་དུ། དང་སྒྲ་སྡུད་དང་འབྱེད་པ་དང་། ། རྒྱུ་མཚན་ཚེ་སྐབས་གདམས་ངག་དང་། ། བྱ་བ་སྦྱར་སའི་ཡུལ་དང་ནི། ། ལྡན་པ་མཚུངས་འགལ་རྣམས་ལ་འཇུག །②ཅེས་དོན་དགུ་ལ་འཇུག་པར་གསུངས་ཡོད། གོང་དང་རིགས་འདྲར་མ་གྱུར་པའི་གནས་སྐབས་འགའ་ཞིག་ཡོད་པ་ཡིག་སྐད་ཁ་སྐད་བསྡུར་ཏེ་དཔེར་བཀོད་ན།
༡.འཇུག་ཡུལ་སྟོན་པ་ལ། དཔེར་ན། དགྲ་དང་འཐབ་ཅེས་པ་ལ་དགྲ་ར་འཐབ་ཅེས་དང་། གྲོགས་དང་འགྲོགས་ཞེས་པ་ལ་གྲོགས་ར་འགྲོགས་ཞེས་དང་། ཁོང་ཚོ་དང་ལྷན་དུ་གྲོས་བསྡུར་བྱས་ཞེས་པ་ལ། ཁོང་ཚོ་ར་ལྷན་དུ་གྲོས་བསྡུར་བྱས་ཞེས་བརྗོད་པ་ལྟ་བུ།
༢.མཚུངས་གསལ་གྱི་སྒྲ་འདྲེན་པ། སྐད་ངག་སྙན་མོ་ཁུ་བྱུག་དང་འདྲ་ཞེས་པ་ལ་སྐད་ངག་སྙན་མོ་ཁུ་བྱུག་ར་འདྲ་ཞེས་དང་། བློ་ཁོག་ཡངས་པོ་ནམ་མཁའ་དང་འདྲ་ཞེས་པ་ལ་བློ་ཁོག་ཡངས་པོ་ནམ་མཁའ་ར་འདྲ་ཞེས་པ་ལྟ་བུ།
༣.གྲངས་བརྗོད་པའི་ཐ་སྙད་སྔ་ཕྱིའི་མཚམས་སྦྱོར་དུ་འཇུག་པ། དཔེར་ན། བརྒྱ་དང་བརྒྱད་ཅེས་པ་ལ་བརྒྱ་ར་བརྒྱད་ཅེས་དང་། སྟོང་གཅིག་དང་ལྔ་བརྒྱ་ཞེས་པ་ལ་སྟོང་གཅིག་ར་ལྔ་བརྒྱ་ཞེས་བརྗོད་པ་ལྟ་བུ།
༤.ངེས་བཟུང་གི་ཐ་སྙད་སྔ་ཕྱིའི་མཚམས་སྦྱོར་དུ་འཇུག་པ་ལ་དཔེར་ན། གང་དང་གང་ལ་དེ་དང་དེ་ཞེས་པ་ལ་གང་ར་གང་ལ་དེ་ར་དེ་ཞེས་དང་། སུ་དང་སུ་ལ་སུ་ར་སུ། གན་དང་གན་ལ་གན་ར་གན་ཞེས་སོགས་ནམ་རྒྱུན་ཁ་བརྡའི་ཁྲོད་དུ་ཡུལ་སྐད་ཀྱི་གོམས་གཤིས་དབང་གིས་ར་
སྒྲ་སྦྱོར་བའི་སྣང་ཚུལ་ཤས་ཆེ་ལ། ཡུལ་ལུང་བྱེ་བྲག་པ་རེ་འགར་དང་སྒྲའི་ཚབ་ཏུ་ར་སྒྲ་ལས་གཞན་ད་དུང་ད་དང་དྲ། ན་ལ་སོགས་པ་སྤྱོད་པའི་སྣང་ཚུལ་མཆིས་ན་ཡང་སྤྱིའི་ཆ་ནས་དང་སྒྲའི་ཚབ་ལ་ར་སྒྲ་བཀོལ་ཤུགས་ཆེའོ། །
གཉིས། རྒྱན་སྡུད་ཀྱང་ཡང་སོགས་ཀྱི་ཚབ་ལ་འཇུག་པ།
རྒྱན་སྡུད་ཀྱི་ཕྲད་ཀྱང་འང་ཡང་གསུམ་ནི། ཨ་མདོའི་ཁ་སྐད་དུ་ཡང་སྒྲ་བསྐྱར་བ་ལ་འཇུག་པའི་གནས་སྐབས་མ་གཏོགས་སྤྱིར་བཏང་དེ་དག་གི་དོད་ལ་ར་སྒྲ་བཀོལ་སྤྱོད་བྱས་པ་མང་སྟེ། མཐུན་པ་དང་མི་མཐུན་པའི་ཚིག་རྒྱན། སྡུད་པ་བཅས་ལ་འཇུག་པའི་ཚུལ་ཡིག་སྐད་དང་ཁ་སྐད་བསྡུར་ཏེ་བཀོད་ན།
༡.མཐུན་པའི་ཚིག་རྒྱན་ལ་འཇུག་པ་ཡིག་སྐད་དུ་དཔེར་ན་ཡག་ཀྱང་ཡག བཟང་ཡང་བཟང་ལྟ་བུར་ཁ་སྐད་ཁྲོད་དུ་ཡག་ར་ཡག་གི བཟང་ར་བཟང་གི་ཞེས་དང་།
མི་ཡང་བཟང་། སེམས་པ་ཡང་ཡག་ལྟ་བུར་མི་ར་བཟང་། སེམས་པ་ར་ཡག་ཅེས་དང་། གནམ་གཤིས་ཀྱང་དྲོ། སེམས་པའང་སྐྱིད་ཅེས་པར། གནམ་གཤིས་ར་དྲོ། སེམས་པ་ར་སྐྱིད་ཅེས་པ་ལྟ་བུའོ། །
༢.མི་མཐུན་པའི་ཚིག་རྒྱན་ལ་འཇུག་པ་དཔེར་ན། ངོ་དཀར་ཡང་སེམས་ནག་ཅེས་པར་ངོ་དཀར་ན་ར་སེམས་ནག ཁ་ནས་བཤད་པ་བཟང་ཡང་ལག་ལེན་དཀོན་ཞེས་པ་ལ་ཁ་ནས་བཤད་ནོ་བཟང་ན་ར་ལག་ལེན་དཀོན། ཁ་ཡག་ཀྱང་ཁོག་བཙོག་ཅེས་པ་ལ་ཁ་ཡག་གི་ར་ཁོག་བཙོག་གི་ཞེས་ར་སྒྲའི་ཚིག་ཕྲད་ཀྱི་སྔོན་ལ་ན་སྒྲའི་གྲོགས་ཚིག་ཅིག་སྦྱར་ཏེ་དོན་ཕན་ཚུན་འགལ་བ་སྟོན་པ་སྟེ། དེ་མིན་སྐབས་ལ་ལར་ཁ་རྩུབ་ན་ར་ཁོག་འཇམ་ཞེས་པ་ལ་ཁ་རྩུབ་རུང་ཁོག་འཇམ་ཞེས་གྲོགས་ཚིག་མ་སྦྱར་བར་རུང་སྒྲ་སྦྱོར་བ་རེ་འགའ་འབྱུང་ཡང་ཕལ་ཆེ་བའི་གནས་སྐབས་སུ་ཁ་ཆེ་ན་ར་སྣ་ཡི་འོག་རེད་ཅེས་དང་མིག་གིས་རིག་གི་ར་རྣ་བས་མི་གོ་གི་ཞེས་པ་ལྟ་བུ་ར་སྒྲ་ལ་གྲོགས་ཚིག་ན་དང་གི་སྦྱར་ཏེ་བརྗོད་པ་ནི་ཁྱབ་ཆེའོ། །
༣.སྡུད་པ་ལ་འཇུག་པ་དཔེར་ན། ས་ཆ་དེར་རི་དྭགས་ཀྱང་ཡོད་ཅེས་པ་ལ་ས་ཆ་དེར་རི་དྭགས་ར་ཡོད་ཅེས་པས་ས་ཆ་དེར་སྤང་ཐང་དང་ཆུ་ཕྲན་སོགས་ཡོད་པའང་བསྡུས་ཏེ་བརྗོད་པ་ལྟ་བུ་དང་། ཁོ་ལ་ལྕགས་སྨྱུག་ཀྱང་ཡོད་ཅེས་པ་ལ་ཁོ་ལ་ལྕགས་སྨྱུག་ར་ཡོད་ཅེས་དང་།
ཅ་དངོས་དེ་གོང་ཡང་བདེ་ཞེས་པར་ཅ་དངོས་དེ་གོང་ར་བདེ་ཞེས་བརྗོད་པ་ལྟ་བུའོ། །
གཞན་ཡིག་སྲོལ་དུ་རྒྱན་སྡུད་ཀྱི་ཐོབ་ཐང་ནི་གང་བདེར་སྦྱོར་ཆོག་པ་ཞིག་མ་ཡིན་པར། བརྡ་སྤྲོད་རིག་པའི་གསར་སློབ་བདེ་ལམ་ལས་ཀྱང་སོགས་ཀྱི་ཐོབ་ཐང་ཇི་ལྟར་བསྟན་པ་ནི། ག་ད་བ་ས་ད་དྲག་ཀྱང་། ། ང་ན་མ་དང་ར་ལ་ཡང་། ། མཐའ་རྟེན་མེད་མཐར་འང་ངམ་ཡང་། ། ཞེས་སོ། ། ཡང་སྒྲ་སྐབས་འགར་ཐོབ་ཐང་ལྟར་མི་འཇུག་ས་ཡང་ཡོད་དེ། དཔེར་ན། ཆོས་ཡང་མི་ཤེས། འཇིག་རྟེན་ཡང་མི་ཤེས། ངག་ཡང་བདེ། གླུ་ཡང་སྙན། ཞེས་པ་ལྟ་བུའོ། །
དེ་རིགས་ལ་ཡང་སྒྲའི་བརྗོད་བདེའི་འཇུག་ཚུལ་དུ་བལྟ་བར་བྱའོ། །① ཞེས་ཡང་སྒྲ་མ་གཏོགས་ཕྲད་གཞན་དག་ནི་རྗེས་འཇུག་ལ་བལྟོས་ཏེ་ཐོབ་ཐང་ལྟར་སྦྱོར་དགོས་མོད། འོན་ཀྱང་ཁ་སྐད་དུ་ར་སྒྲ་སྦྱར་ཏེ། ཕྲད་རང་དབང་དང་གཞན་དབང་ཅན་གྱི་དབྱེ་སྲོལ་མེད་པ་ནི་ཨ་མདོའི་ཁ་སྐད་ཀྱི་དམིགས་བསལ་ཁྱད་ཆོས་ཤིག་ཏུ་ཆགས་ཡོད།
གསུམ། ལ་དོན་ལ་འཇུག་པ།
ས་སུ་ག་བ་ད་དྲག་ཏུ། ། ང་ད་ན་མ་ར་ལ་དུ། ། འ་དང་མཐའ་རྟེན་མེད་མཐར་རུ། ། འདི་དང་ར་མཐར་བྱ་བ་གཅིག ། ན་ལ་གཉིས་ནི་རང་དབང་ཅན། །② ཞེས་ན་ལ་གཉིས་མཐའ་རྟེན་ངེས་པ་མེད་པར་འཇུག་པ་ལས་གཞན་ཐོབ་ཐང་ལྟར་སྦྱོར་དགོས་པར་བསྟན་ཡོད་ཀྱང། ཨ་མདོའི་ཁ་སྐད་དུ་ལ་དོན་ཚིག་ཕྲད་ནི་ཡིག་སྐད་དང་བསྡུར་ན་སྦྱོར་ཚུལ་སྟབས་བདེ་བའི་སྣང་ཚུལ་ཅན་དུ་གྱུར་ཡོད་པ་སྟེ། ན་ར་ལ་གསུམ་དང་རྗེས་འཇུག་རང་འདྲའི་མཐར་ཚིག་ཕྲད་རང་འདྲ་སྦྱོར་བའམ་འ་སྒྲ་སྦྱོར་བ་དང་། དེ་དག་ལས་ཀྱང་ར་སྒྲ་ནི་ཁྱད་པར་ཅན་ཞིག་སྟེ།ལ་དོན་གྱི་འཇུག་ཡུལ་རྣམ་དབྱེ་གཉིས་བཞི་བདུན་པ་དང་དེ་ཉིད། ཚེ་སྐབས་བཅས་འཇུག་ཡུལ་རེ་རེར་སྦྱོར་བའི་ཚེ།ར་སྒྲ་རྐྱང་བས་ཚིག་ཕྲད་ཀྱི་གོ་ས་བཟུང་སྟེ་ཚིག་གི་སྦྱོར་བ་གྲུབ་པ་དཔེའི་སྒོ་ནས་ཅུང་ཟད་བརྗོད་ན།
༡.གཉིས་པ་ལས་སུ་བྱ་བར་འཇུག་ཚུལ་དཔེར་ན།
ཤར་ར་འགྲོ ཡར་ར་འགྲོ མར་ར་འགྲོ་ལྟ་བུ་ནི། ནམ་མཁའ་རུ་བྱ་འཕུར་ལྟ་བུའི་དཔེར་བརྗོད་ཁྲོད་རུ་བསྡུས་ནས་དེའི་ཚབ་ཏུ་ར་རྗེས་འཇུག་གི་ཚུལ་དུ་བཞག་སྟེ་ནམ་མཁར་བྱ་འཕུར་ཞེས་བརྗོད་པ་ལྟ་བུ་མ་ཡིན་པར། དེ་ནི་རྗེས་འཇུག་རའི་སྒྲ་རིང་བོར་བསྲིངས་ཏེ་ཚེག་ཁྱིམ་ཕྱི་མ་གཅིག་གི་གོ་ས་བཟུང་ཡོད་ལ། ལས་སུ་བྱ་བའི་དཔེར་བརྗོད་དེ་ལྟ་བུ་ཡིག་སྲོལ་དུ་མི་སྣང་ཡང་ཨ་མདོའི་ཁ་སྐད་ཁྲོད་བེད་སྤྱད་དང་སྤྱོད་བཞིན་ཡོད།
༢.བཞི་པ་དགོས་ཆེད་ལ་འཇུག་ཚུལ་དཔེར་ན། བཞེས་ཕོར་དུ་དཀར་ཡོལ་ཉོས་ཞེས་པ་ལ་བཞེས་ཕོར་ར་དཀར་ཡོལ་ཉོས་ཞེས་དང་། མཚམས་སྦྱོར་དུ་ཡི་གེ་བྲིས་ཞེས་པ་ལ་མཚམས་སྦྱོར་ར་ཡི་གེ་བྲིས། ཤེས་ཆེད་དུ་བརྟག་དཔྱད་བྱས་ཞེས་པ་ལ་ཤེས་ཆེད་ར་བརྟག་དཔྱད་བྱས་ཞེས་སུ་བརྗོད་པ་སྟེ། རང་གི་དགོས་པའམ་བྱ་བའི་ཡུལ་གྱི་དགོས་པ་ཞིག་བསྒྲུབ་པའི་ཆེད་དུ་བྱ་བ་ཞིག་བྱེད་པར་སྟོན་པ་ཁ་སྐད་ཁྲོད་དུ་ཚིག་ཕྲད་ར་སྒྲ་བཀོལ་སྲོལ་མཆིས།
༣.བདུན་པ་གནས་གཞི་ལ་འཇུག་ཚུལ་དཔེར་ན། ཁ་ཁེར་ལ་བསམ་འཆར་མང་ཞེས་པར་ཁ་ཁེར་ར་བསམ་འཆར་མང་། རྫོང་མཁར་དུ་ཚོང་ཁྲོམ་ཆེ་ཞེས་པ་ལ་རྫོང་མཁར་ར་ཚོང་ཁྲོམ་ཆེ། ཆུའི་ཕར་ཚུར་ལ་ཟམ་པ་ཡོད་ཅེས་
པ་ལ་ཆུའི་ཕར་ཚུར་ར་ཟམ་པ་ཡོད་ཅེས་བརྗོད་པ་སྟེ། ར་སྒྲ་དེས་གཞི་དེ་ལ་ཆོས་ཤིག་གནས་པར་སྟོན་པ་ཡིན།
༤.དེ་ཉིད་ལ་འཇུག་ཚུལ་དཔེར་ན། ལྕགས་གསེར་དུ་གྱུར་ཅེས་པ་ལ་ལྕགས་གསེར་ར་གྱུར། ཇེ་གསལ་དུ་བཏང་ཞེས་པ་ལ་ཇེ་གསལ་ར་བཏང་། ཇེ་དཀར་ལ་སོང་འདུག་ཅེས་པ་ལ་ཇེ་དཀར་ར་སོང་འདུག་ཅེས་བརྗོད་པ་ཡིན་ཏེ། དེ་ཡང་ར་སྒྲ་དེས་ལས་དང་བྱ་བ་གཉིས་ངོ་བོ་གཅིག་ཏུ་གྲུབ་པའི་དེ་ཉིད་ཙམ་སྟོན་པ་ཡིན།
༥.ཚེ་སྐབས་ལ་འཇུག་ཚུལ་དཔེར་ན། ན་ནིང་ནས་ད་ལོའི་བར་དུ་ལོ་ལེགས་བྱུང་ཞེས་པ་ལ་ན་ནིང་ནས་ད་ལོའི་བར་ར་ལོ་ལེགས་བྱུང་ཞེས་དང་། ཉིན་མོའི་དཀར་ལ་སློབ་སྦྱོང་བྱེད་ཅེས་པ་ལ་ཉིན་མོའི་དཀར་ར་སློབ་སྦྱོང་བྱེད། ཉིན་དཀར་ལ་རང་བསྡད། ཟླ་དཀར་ལ་ཤིག་འཐུས་ཞེས་པར་ཉིན་དཀར་ར་རང་བསྡད། ཟླ་དཀར་ར་ཤིག་འཐུས་ཞེས་བརྗོད་པ་ཡིན་ཏེ། ར་སྒྲ་དེས་བྱ་བ་གང་ཞིག་ནམ་ཚོད་བྱེད་པ་དང་། འགྱུར་ལྡོག་གང་ཞིག་ནམ་ཚོད་བྱུང་བའི་དུས་སྟོན་པར་བྱེད་པ་ཡིན། གོང་དུ་སོང་བའི་ར་སྒྲའི་འཇུག་ཡུལ་རྣམས་ལ་ཡིག་སྐད་དུ་ན་ལ་གང་རུང་ངམ་སུ་རུ་ཏུ་དུ་སོགས་སྦྱོར་བ་ཡིན་ཡང་། ཨ་མདོའི་ཡུལ་སྐད་དུ་ར་སྒྲ་ཤུགས་ཆེ། འོན་ཀྱང་ར་སྒྲ་འཇུག་ཡུལ་གྱི་མིང་མཐའ་ཕལ་ཆེ་བ་ར་ཡིག་ཡིན་པས། འདི་འདྲ་བ་ལ་དེང་རབས་སྐད་བརྡ་རིག་པའི་འགྲེལ་བཤད་གཞན་ཡང་ཡོད་པ་རེད།
བཞི། ལྷག་བཅས་ནས་ཀྱི་ཚབ་ལ་འཇུག་པ།
ལྷག་བཅས་ནི་མིང་ཚིག་གང་གི་མཐར་སྦྱར་ཡང་ཚིག་དོན་སྔ་མ་མ་རྫོགས་པར་སླར་ཡང་ཚིག་ལྷག་མ་ཡོད་པར་སྟོན་པ་ལ་འཇུག་སྟེ། སྐབས་དོན་གཙོ་བོ་ལྷག་བཅས་ཀྱི་བྱེ་བྲག་སྟེ། བྱ་བ་སྔ་གཞུག་མཚམས་སྦྱོར་བ་ལ་འཇུག་པ་དཔེར་ན། དཔྱད་རྩོམ་བྲིས་ནས་ཡར་སྤྲད་ཅེས་པར་དཔྱད་རྩོམ་བྲིས་ནི་ར་ཡར་སྤྲད་ཅེས་དང་། ཡར་ལངས་ནས་གཏམ་བཤད་ཅེས་པར་ཡར་ལངས་ནི་ར་གཏམ་བཤད། གྱོན་པ་བཀྲུས་ནས་ཉི་མར་སྐེམ་ཞེས་པ་ལ་གྱོན་པ་བཀྲུས་ནི་ར་ཉི་མར་སྐེམ་ཞེས་བརྗོད་པ་ཡིན། གཞན་འགལ་བ་འདྲེན་པའི་ལྷག་བཅས་ཀྱི་སྐབས་སུ་ཡང་དཔེར་ན། ཁ་ནས་བཤད་ན་སླ་སྟེ་ལག་ནས་ལས་ན་དཀའ་ཞེས་པ་ལ། ཁ་ནས་བཤད་ན་སླ་ར་ལག་ནས་ལས་ན་དཀའ་ཞེས་བརྗོད་པ་ལྟ་བུ་སོགས་ཏེ། བརྗོད་བྱ་སྔ་མའི་འཕྲོར་བརྗོད་བྱ་ལོག་པ་ཞིག་དྲངས་ནས་ཚིག་སྔ་ཕྱིའི་དོན་འགལ་བར་སྟོན་པ་ཡོད་ནའང་། གཏན་ཚིགས་ཀྱི་ཆ་ནས་ཀྱང་ཡང་སོགས་རྒྱན་སྡུད་ལས་མི་མཐུན་པའི་ཚིག་རྒྱན་གྱི་སྐབས་དང་འདྲ་བས། འགལ་བ་འདྲེན་པའི་ལྷག་བཅས་སོགས་འཇུག་ཚུལ་ལ་ལ་ཞིག་ལོགས་སུ་རིགས་དགར་མ་བྱས་ཀྱང་འཐུས་པར་སེམས་སོ། །
མཇུག་བསྡུ་བ།
མདོར་ན། ཡིག་སྐད་དང་ཁ་སྐད་གཤིབ་བསྡུར་སྒོས་ཡིག་སྐད་བརྡ་སྤྲོད་ལ་སློབ་སྦྱོང་བྱས་ན་སློབ་མའི་བློ་སྒོ་འབྱེད་ཐུབ་པ་མ་ཟད། ད་དུང་ཤེས་བྱ་ཡིད་ལ་ངེས་བདེ་བ་དང་གོ་བ་གཏིང་ཟབ་ལོན་པར་ཕན་ནུས་ངེས་ཅན་ལྡན་པས། ཨམ་སྐད་ཁྲོད་ཀྱི་ར་སྒྲའི་འཇུག་པ་འདི་བཞིན། བརྡ་སྤྲོད་ཤེས་བྱ་བཀོད་སྒྲིག་ཡོད་པའི་བོད་སྐད་ཡིག་སློབ་ཁྲིད་ཁྲོད་ཚིག་ཕྲད་གཞན་གྱི་འཇུག་ཚུལ་ཡང་ཁ་སྐད་དང་འབྲེལ་ཏེ། སློབ་མའི་དཀའ་གནད་གསེད་འགྲོལ་བྱེད་ཐབས་ལ་འབད་པ་བྱས་ན་ལེགས་སྙམ་མོ། །
* ལྷ་མོ་སྐྱིད། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང2020ལོའི་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་ཡིན།
11.png
① ཚེ་ཏན་ཞབས་དྲུང་། ཐོན་མིའི་ཞལ་ལུང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2005:180.
② དཔའ་རིས་སངས་རྒྱས་། བརྡ་སྤྲོད་གསལ་བྱེད་ངག་སྒྲོན། [M] བོད་ལྗོངས་ཡིག་རྙིང་དཔེ་སྐྲུན་ཁང་། 2011:176.
① དོར་ཞི་གདོང་དྲུག་སྙེམས་བློས་བརྩམས། བརྡ་སྤྲོད་རིག་པའི་རྣམ་བཤད་གསར་སློབ་བདེ་ལམ། [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2018ལོའི་ཟླ11པའི་པར་གཞི་དང་པོ། ཤ46
① དམུ་དགེ་བསམ་གཏན་གྱིས་བརྩམས། བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005ལོའི་ཟླ1པོའི་པར་གཞི་དང་པོ། ཤ18
① དོར་ཞི་གདོང་དྲུག་སྙེམས་བློ། བརྡ་སྤྲོད་རིག་པའི་རྣམ་བཤད་གསར་སློབ་བདེ་ལམ། [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2018:46.
② དམུ་དགེ་བསམ་གཏན། བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005:18.