གཅིག
ལམ་ཁ་ཤས་ཤིག་ང་ཚོ་རང་གིས་འདེམ་དབང་མེད། ལམ་སྣེ་དེར་སླེབས་དུས་ང་ཚོ་མི་འགྲོ་རང་འགྲོ་ཆགས་ཀྱི་ཡོད། འཛོམས་སྐྱིད་སྒྲོལ་མ། རི་སུལ་གྱི་མེ་ཏོག་ལྟ་བུ། ཞོགས་ཀའི་ཉི་ཟེར་ལྟ་བུ། ལུང་མདའི་ཆུ་མིག་ལྟ་བུ་དེ་ཉིད་ལས་ཀྱི་ལྷ་མོས་མཉམ་ཅུང་ཟད་མ་བཞག་པའི་བར་གླགས་ཐུང་ཐུང་དེར་དེ་ལྟར་ན་ཚོད་དང་མི་མཐུན་ལ་མགོ་རྔ་རལ་བའི་གཏམ་རྒྱུད་མང་པོ་ཞིག་གི་བདག་མོར་གྱུར་ཅིང་། མི་འགྲོ་རང་འགྲོར་འགྱུར་སའི་ལམ་སྣེ་དེར་ཡང་སླེབས།
གཉིས།
འཛོམས་སྐྱིད་སྒྲོལ་མ་ལོ་ན་གསུམ་ལ་མ་སོན་སྔོན་ལ། མོའི་གམ་དུ་ཕ་རྒན་མ་གཏོགས་ཨ་མ་དེ་ཉིད་དུས་རྟག་ཏུ་མེད་པ་འདྲ། གང་ལྟར་མོ་ལ་བག་ཆགས་གསལ་པོ་མེད། མོ་རང་ལོ་ན་གསུམ་ལ་སོན་པའི་ལོ་དེའི་དཔྱིད་ཀར་ཨ་ཕས་བུད་མེད་ཅིག་ཁྲིད་ཡོང་སྟེ་“འདི་ཁྱོད་ཀྱི་ཨ་མ་རེད”ཅེས་བཤད།
སྐྲ་རྫོང་མཐུག་པོ་ཅན་གྱི་བུད་མེད་དེས་ལྡ་རེ་ལྡེར་རེར་འགྲོ་ཐུབ་པའི་འཛོམས་སྐྱིད་སྒྲོལ་མ་མཐོང་རྗེས་དར་ཅིག་ལ་ངོ་མཚར་བ་ལྟར་གྱུར། ཅུང་ཟད་སྨུག་པའི་ཤ་མདངས་ལ་མིག་ཟུང་དང་། མཆུ། སྣ། རྣ་ནི་ལྷ་བཟོས་བྲིས་པའི་རི་མོ་དང་འདྲ། “ཨ་ཙི། སྙིང་རྗེ་བ་ལ།”མོས་ཁ་མིན་སེམས་སུ་དྲན་པ་བཞིན་དེ་ལྟར་ངག་ལས་ཤོར་ཞིང་གཅེས་པའི་འོ་ཡང་ལན་མང་བྱས། མོ་འཛོམས་སྐྱིད་སྒྲོལ་མའི་ཕ་རྒན་སར་ཁ་ཕྱོགས་ནས“ཡུན་རིང་མ་མཐོང་བར་ད་ཆེན་པོ་ཆགས་འདུག འདི་ལག་ཆགས་རྗེས་ཡག་མ་ཞིག་ཡིན་ཐག་ཆོད་རེད”ཅེས་དང་། “ཁྱོད་ལ་མ་རིག་པ་བཟང་འདུག”ཅེས་ཀུ་རེ་བཤད།
དེ་ནས་བཟུང་བུད་མེད་དེས་རང་ཉིད་ཀྱི་བུ་མོ་ལྟར་བསྐྱངས་པས། ཡུན་རིང་མ་འགོར་བར་མོས་ཀྱང་རང་བཞིན་གྱིས་ཨ་མ་ཞེས་བོས།
ཁོ་ཚང་འབྱོར་བ་ཞན་པས་ཁྱིམ་དུ་བསྒྲུབ་རྒྱུའི་ལས་ཀ་ཅི་ཡང་མེད། མོ་རང་གིས་བསམ་ཅུང་ཟད་ཤེས་དུས་ནས་བཟུང་། ཨ་ཕས་དུས་རྒྱུན་ཁྱིམ་མཚེས་ཚང་དང་ཐག་རིང་གི་ཤ་ཉེ་དག་ལ་རོགས་བྱེད་དུ་མོ་མངགས་པར་བྱེད་ལ། མོ་སུ་ལ་འགྲོགས་དང་ཅི་ཞིག་བྱེད་ཀྱི་ཡོད་སོགས་ལ་ཁ་ཡ་ཁྱོན་ནས་བྱེད་ཀྱི་མེད། ཁོ་གཉིས་ཀས་མོ་རང་ད་དུང་བྱིས་པ་ཞིག་ཡིན་བསམ། དོན་ལ་མོས་མོ་ལས་ཆེ་བའི་ཨ་ཅེ་དག་གི་ཁ་ནས་ན་ཆུང་ཞིག་ལ་དེ་འདྲའི་འཚམ་པོ་མིན་པའི་དོན་དག་འདྲ་མིན་སྣ་ཚོགས་ཐོས་ཀྱི་ཡོད། ཕོ་མོའི་སྣང་བའི་སྐོར་གྱི་ཛ་རེ་ཛོ་རེ། ཟ་རི་ཟི་རི། ཅ་བེ་ཅོ་བེ་དེ་དག ཐ་ན་མོས་ན་གཞོན་པྲ་ཚགས་དེ་དག་གི་བར་དུ་བརྩེ་འཕྲིན་སྐྱེལ་གྱི་ཡོད་པ་དང་། མཚན་མོར་ཨ་ཅེ་རེ་ཟུང་དང་འགྲོགས་ནས་གླུ་ལེན་ཁང་དུ་ལ་གཞས་ལ་ཉན་དུ་འགྲོ་གི་ཡོད་པ་སོགས་ཕ་མ་གཉིས་ཀས་ཐོས་ཀྱི་ཡོད་ནའང་། ཁོ་གཉིས་ཀྱིས་དགོད་ཙམ་བྱེད་པ་ལས་ཅི་ཡང་མ་བཤད། ཁོ་གཉིས་ཀྱི་བསམ་པར་འབྲོག་ཕྲུག་ཚང་མ་དེ་ལྟར་ནར་སོན་པ་མིན་ནམ་སྙམ་གྱིན་ཡོད།
ཁོང་ཚང་འབྱོར་བ་ཞན་ནའང་། ཕ་མ་གཉིས་སྣང་བ་སྤྲོ་བོ་ཅན་གཉིས་ཡིན་པའི་ཁར། བསམ་དཀར་ཆོས་ལ་དགའ་བ་དང་། མགྲོན་བསུ་མགྲོན་སྐྱེལ་ལ་བཟང་བའི་ཡ་རབས་དེ་འདྲ་ཡིན་གཤིས། དུས་རྒྱུན་ཁྱིམ་དུ་རྡུང་ལེན་པ་དང་། གླུ་བ། སྒྲུང་བཤད་མཁན། ཨ་སྐྱོ་བ་དེ་འདྲ་འཁོར་ཡོང་གི་ཡོད་ལ། ཨ་ཕས་ཉོས་པའི་སྒྲ་གཏོང་འཕྲུལ་ཆས་ལས་སྔ་དགོང་ལ་རྟག་པར་རྡུང་ལེན་དང་ཡང་ན་གེ་སར་རྒྱལ་པོའི་སྒྲུང་ལྷང་ལྷང་གྲགས་པ་ཞིག་ཡོད། མོ་རང་དེ་ལྟ་བུའི་ཁོར་ཡུག་འོག་ལོ་བཅུ་གསུམ་ལ་སོན། དེ་དུས་མོ་ལ་ཕོ་མོའི་འབྲེལ་བའི་ཕྱོགས་ཀྱི་རྣ་ཐོས་མཐོང་རིག་མང་ཙམ་ཡོད་པས། གར་སླེབས་མི་ཤེས་པའི་མཚར་སྣང་དང་ཤེས་འདོད་ཀྱི་སྦྲུལ་ཕྲུག་ཁྲ་ཁྲ་དེ། ན་མཉམ་དག་ལས་སྔོན་ལ་མོའི་ལུས་གསེང་དུ་སླེབས་ཏེ་ཀྱུག་ཀྱུག་རིག་རིག་ཏུ་འཁྱུག་གི་ཡོད། ཡིན་ནའང་། རྩྭ་རྩེའི་ཟིལ་བ་ལྟ་བུའི་དྭངས་གཙང་གི་བྱིས་བློའང་ད་དུང་འོད་ཁྲོམ་ཁྲོམ་དུ་ཆགས།
ལོ་དེའི་དབྱར་ཁར། མཐོ་སྒང་གི་སྤང་ཐོག་གོས་ཆེན་ཐང་ལ་བཀྲམས་པ་ལྟ་བུ་དེའི་སྟེང་དུ་ཞང་སྲིད་གཞུང་གིས་རྩ་འཛུགས་བྱས་ཏེ་དགའ་སྟོན་ཞིག་སྤེལ་བར། མི་རྣམས་རྟ་རྒྱུག་དང་ལུས་རྩལ་སྣ་ཚོགས། གླུ་དབྱངས་སོགས་ཀྱིས་དྲངས་པའི་ཚེ་ན། མོའི་ཤ་ཉེ་ཨ་ཅེ་ཞིག་དང་ཨ་ཅེའི་གྲོགས་མོ་ཞིག་ཡོད་པ་དེ་གཉིས་ནི་ན་གཞོན་གྱི་སྣང་བས་ཁྲིད་ནས་མི་ལུས་ཁྲོམ་པར་ཡོད་ཀྱང་སེམས་པ་ཁྲོམ་དུ་མེད་པར། མིག་མི་མང་ནང་ནས་འཕེན་རེས། གཏམ་གོང་བ་ནང་ནས་བཤད་རེས། ལུས་ཕུ་དུང་ནང་ནས་གཏད་རེས་སོགས་སྤང་ཐང་གི་ན་གཞོན་དག་གི་འཇིག་རྟེན་སྣང་བ་མངོན་ལུགས་ཀྱི་བྱ་བྱེད་སྣ་ཚོགས་པར་གཡེང་ཞིང་། འཛོམས་སྐྱིད་སྒྲོལ་མའང་ན་སྨིན་པའི་གཞོན་ནུ་མ་དེ་གཉིས་ཀྱི་རྔ་མ་དང་གྲིབ་མ་ལྟར་རྒྱུག་གི་ཡོད།
དགའ་སྟོན་གྱི་ཉིན་མཐའ་མར་སླེབས་པ་ན། ཁོ་ཚོས་བུ་མོ་ཆུང་ཆུང་ཞིག་སླེབས་པར་རེ་ལྟོས་ཆེན་པོས་བསྒུགས། བུ་མོ་དེ་ནི་སློབ་གྲྭའི་སློབ་མ་ཞིག་སྟེ། ཉིན་དེར་སློབ་གྲྭ་གྲོལ་ནས་ཡོང་གི་ཡོད་པས། ཨ་ཅེ་དང་ཨ་ཅེའི་གྲོགས་མོས་བུ་མོ་དེར་ཁོ་ཚོས་བསྒྲུབ་དཀའ་བའི་ལས་ཀ་ཞིག་བཅོལ་བསམ་གྱི་ཡོད། ཁོ་ཚོས་རེ་ལྟོས་བྱས་བྱས་པའི་རྗེས་སུ། ཉིན་གུང་མ་ཟིན་ཙམ་ལ་བུ་མོ་དེ་གཞི་ནས་སླེབས།
བུ་མོས་སྔ་ས་ནས་གྲ་སྒྲིག་བྱས་པའི་ཁ་ལག་རྣམས་ཟོས་རྗེས། ཁོ་ཅག་དང་མཉམ་དུ་མི་མེད་སའི་ཆུ་འགྲམ་ཞིག་ལ་སོང་སྟེ། ཨ་ཅེའི་བཀོད་པ་ལྟར། བུ་མོས་ལས་བྱ་འབྲི་དེབ་དང་སྙུ་གུ་བླངས་ནས་གྲ་སྒྲིག་ཨང་གསར་གྱིས་ཡི་གེ་འབྲི་ཆོག་ཆོག་ཏུ་བསྡད། མོའི་ཨ་ཅེ་དང་ཨ་ཅེའི་རོགས་པ་གཉིས་ཀྱིས་ཁ་སྔོན་རོགས་པར་འབྱོར་བའི་འཕྲིན་ཡིག་དེར་ད་ལྟ་རང་གསར་དུ་འབྱོར་བ་ལྟར་ཞིབ་ལྟ་བྱེད་ཅིང་། འཕྲིན་ཡིག་གི་རྒྱབ་ཏུ་བྲིས་པའི“སྨན་ཤར་བྱུར་དམར་རྣ་ཚར་ཅན་དེ་ལ་སྤྲོད”ཅེས་པ་དེར་ལྷག་པར་ཡང་མཛུམ་དམུལ་དམུལ་སྣ་ཚོགས་བྱེད།
འཕྲིན་ཡིག་གི་ཚིག་རྐང་དང་པོར“རྟ་རག་དཀར་རྔ་མ་རྡོ་རྗེའི་མདུད།”ཅེས་འཁོད་པ་ལྟར། ཨ་ཅེ་གཉིས་ཀ་རི་གླུ་ལེན་པར་མི་མཁས་ནའང་། རྣ་ཐོས་མང་པོ་ཡོད་པས་གཅིག་གིས་ཚིག་མགོ་ཡིད་ལ་ཤར་ཚེ་གཅིག་གིས་གཞུག་མཐུད། གཅིག་གྲོགས་གཅིག་གིས་བྱས་ཏེ་གླུ་ཚིག་ཅིག་འཕྲིན་ལན་གྱི་ཚུལ་དུ་སློབ་མ་ལ་འབྲི་རུ་བཅུག དེ་དུས་ནམ་ཟླ་དབྱར་ལ་ཁེལ་བའི་ཁར། གནམ་ངོ་ཤིན་ཏུ་དྭངས་ཤིང་ཉི་མ་དྲོ། རྣ་ལམ་དུ་བཞུར་ཆུའི་སྒྲ་ཤང་ཤང་དུ་འབབ། འཛོམས་སྐྱིད་སྒྲོལ་མས་གནམ་གཤིས་དང་ཁོར་ཡུག་དེ་འདྲ་ཞིག་གི་ནང་མོ་གསུམ་པོར་ལྟད་མོ་ལྟ་ཞིང་། གོ་རིམ་དེ་ལ་ཤིན་ཏུ་སྐྱིད་སྣང་ཤར།
“ཤ་ཆ་བརྒྱད་ཤེའུ་ཐིག་ལེ་ཅན།། མགོ་གསེར་ནག་བྱུ་རུའི་ར་ལག་ཅན།། རྐང་རྨྱིག་བཞི་དུང་གི་པ་གྲ་ཅན།། ལུས་རྒྱན་དྲུག་རྨབ་ཡའི་གཡུ་ཐེལ་ཅན།། ཤ་ཁྱོད་ལ་ཡིད་སེམས་ཤོར་ནས་གི། ཤ་རྫ་ནས་གཤར་དུས་དྲན་ཤིང་རེད།། སྨུག་ལང་ལོང་འཐིབས་དུས་སྨྲེང་རྩོང་རེད།། རྟག་ཤ་ར་དུང་གི་སོ་སྒོ་ཅན།། ཡག་ཕོ་སྒོ་འཛམ་གླིང་གེ་སར་རྒྱ།། ཁ་དུང་སོ་དུང་གི་པ་དྲ་ཅན།། ཚིག་སྙན་མོ་རྗེ་བཙུན་མགུར་མ་ཅན།། རོག་ཁྱོད་ལ་ཡིད་སེམས་ཤོར་ནི་གི།། རོག་སྡེ་ནས་འགྱོ་དུས་དྲན་ཤིང་རེད།། ས་ཁ་ཐག་རིང་ནོ་སྨྲེང་རྩོང་རེད།།”ཅེས་པ་ཞིག་བྲིས་ཤིང་། ལྟེབས་ཚུལ་ལའང་ཚོད་ལྟ་སྣ་ཚོགས་བྱས།
འཛོམས་སྐྱིད་སྒྲོལ་མས་འཕྲིན་ཡིག་དེ་ཁྱེར་ནས་ཨ་ཅེའི་གྲོགས་མོས་བསྟན་པའི་སར་གཞོན་ནུ་ཕོ་སར་ཞིག་འཚོལ་དུ་སོང་།
གཞོན་ནུ་ཡོད་ཟེར་བའི་རས་གུར་དུ་མི་གཅིག་ཀྱང་མི་མཐོང་སྟེ། ཧ་ལམ་ཚང་མ་རྟ་རྒྱུགས་ཀྱི་རྟིང་རྩོད་ལ་ལྟ་རུ་ཕྱིན་པ་ཡིན་འདུག མོས་རས་གུར་རྒྱབ་ཕྱོགས་གོམ་པ་ཉིས་བརྒྱ་ཙམ་གྱི་མཚམས་སུ་དེའུ་ཞིག་ཡོད་པའི་སྟེང་དུ། རྒྱ་ཞྭ་ནག་པོ་འདབ་ར་ཆེན་པོ་ཅན་གྱོན་ཞིང་། མིག་ཤེལ་ནག་པོ་གྱོན་མཁན་ཞིག་གིས་རི་མོའི་འབྲི་གཞུང་ཞིག་ཡར་བསླངས་ནས་རི་མོ་འབྲི་བཞིན་འདུག་པ་མཐོང་། དབྱར་དུས་དང་སྟོན་གཞུང་ལ་འཛོམས་སྐྱིད་སྒྲོལ་མའི་ཕ་ཡུལ་དུ་རི་མོ་ཆེད་སྦྱོང་མཁན་སློབ་ཆེན་སློབ་མ་མང་པོ་ཡུལ་ཕྱོགས་མང་པོ་ནས་སླེབས་ཡོང་གི་ཡོད་པས། མོས་ཁོ་རང་ཡང་རི་མོ་འབྲི་མཁན་ཞིག་ཡིན་པ་ཤེས།
མོས་རས་གུར་ནང་གི་མིའི་གར་སོང་ཁོ་ལ་འདྲི་འདོད་དང་། ཞོར་ལ་མཚར་སྣང་ཡང་ཅུང་ཟད་དང་བཅས་ཁོའི་གམ་དུ་ཆས་པར་བརྩམས།
ཁོས་ཁོ་འབོད་མཁན་གྱི་ཕྱོགས་སུ་བལྟས་པ་ན། བུ་མོ་ན་ཆུང་ཞིག་གཤམ་གྱི་རས་གུར་འགྲམ་ནས་ཡར་ཁོའི་ཕྱོགས་སུ་ཡོང་གིན་འདུག བུ་མོས་ཕྲུག་ལྭ་དམར་ནག་གྱོན་ཞིང་། མགོ་སྐྲ་ལན་བུ་གཉིས་སུ་བསླས་འདུག ཡུན་གྱིས་མོའི་གདོང་དང་། སྙིང་དུ་སྡུག་པའི་མིག་ཟུང་། རི་མོར་བྲིས་པ་ལྟ་བུའི་སྣ་དང་མཆུ་མཐོང་། ཁོས་བུ་མོ་འདི་སུ་ཡིན་ནམ་སྙམ་པའི་མུར། བུ་མོའི་རྒྱབ་ཕྱོགས་སུ་སྟེང་ལ་པ་དྲ་བྲིས་པའི་རས་གུར་ཞིག་ཡོད་པ་མཐོང་བ་དང་། ལྗོངས་དང་མི་སྣ་གཉིས་ཀ་མཛེས་ཉམས་ཀྱི་ཐིག་རྩ་གཅིག་ཏུ་བསྣོལ་བ་གློ་བུར་དུ་སད་པ་ལྟར་ཚོར་བས། ཆེས་མྱུར་མོར་རིས་གཞོང་བརྗེས་ཏེ་རྣམ་པ་དེ་སྐྱ་རིས་སུ་ཕབ།
“ཕུ་བོ། ཁྱོད་ཀྱིས་ཅི་བྱེད་ཀྱི་ཡོད”མོས་རིས་གཞོང་ལ་ལྟ་ཞོར་དེ་ལྟར་དྲིས།
དྲན་ངོས་སུ་མ་ཡལ་གོང་འབྲི་རྒྱུ་གལ་ཆེ་བར་སྙམ་ནས་ཁོས་ཅི་ཡང་མ་སྨྲས། མོ་ལའང་མ་བལྟས་པར་མུ་མཐུད་དུ་བྲིས།
མོས“ཁྱོད་རི་མོ་བ་ཞིག་ཡིན་ནམ། ཅི་འབྲི་གི་ཡོད”དྲིས།
ཁོས་གློག་འཁྱུག་པ་ལྟ་བུའི་སྙུག་ཁས་སྐྱ་རིས་དེ་ཇེ་གསལ་དུ་བཏང་།
ཅུང་ཙམ་ནས་ཁོས་ད་གཟོད་གམ་དུ་སླེབས་ཡོད་པའི་བུ་མོར་ཞིབ་ཏུ་བལྟས་ཤིང་། མཆུ། སྣ། མིག་ཟུང་། མཐོ་དམའ་ཚད་རན་པའི་འགྲམ་རུས། སྐྲ་བསླ་སྟངས། ཕྲུག་ལྭའི་ཁ་དོག འདི་ལས་ལྷག་པའི་བྲི་བྱ་ཞིག་གང་དུ་ཡོད། ཁོས་དེ་ལྟར་སྙམ་ནས་དགའ་བ་ཟད་དུ་མེད་པ་ཞིག་རྒྱས།
“ཁྱོད་ཞོལ་མ་གིར་སོང་ནས་ཡར་བསྐྱར་ཐེངས་གཅིག་ཤོག་དང་།”
“ཅི་བྱེད་དགོས་པ་རེད། ང་མི་འགྲོ”
“ཁྱོད་སོང་དང་ངས་རྔན་པ་སྟེར།”
“རྔན་པ་ཅི། ཁྱོད་ཀྱིས་ཕུ་བོ་ཀུན་བཟང་ངོ་ཨེ་ཤེས།”
“མི་ཤེས། ཅི་རེད། ”
“ཨ་ཅེ་ཚེ་བྷས་ཡི་གེ་ཞིག་ཁོ་ལ་བསྐུར་མོད། ཁོ་རས་གུར་དུ་མི་འདུག”
“ཨོ་ཨོ། ང་ལ་བྱིན་ན་འགྲིག ངས་ཁོ་ལ་སྟེར།”
“ཁྱེད་ཀྱིས་ངོ་ཤེས་སམ། འོ་ན་ཁྱེད་ཀྱིས་སྟེར་རོགས།”
ཁོས་བུ་མོའི་ལག་ནས་འཕྲིན་ཡིག་བལྟབས་མ་དེ་བླངས་ནས་ཁུག་མར་བཅུག
“ད་ངས་ཁྱོད་ལ་རོགས་བྱས་པ་རེད། ད་ནི་ང་ལ་རོགས་ཤིག་བྱོས་དང་། ཁྱོད་གཤམ་མ་གི་ནས་ཡང་བསྐྱར་ཡར་ཤོག་དང་། ངས་ཁྱོད་ལ་རི་མོ་འབྲི”ཟེར། བུ་མོས་དེ་ལྟར་དུ་བྱས། མོས་ཁོ་ལ“ཕུ་བོ་ཁྱོད་གང་གི་ཡིན། སྐད་མཚར་བོ་ཞིག་འདུག”ཅེས་དྲིས།
ཁོས་དྲི་བ་དེ་ལ་ལན་མ་བཏབ་པར་གཟབ་ནན་གྱིས་མོའི་གདོང་དང་སྐྲ། ལུས་ཀྱི་ཉམས་ཇེ་གསལ་དུ་བཏང་སྟེ། ཐོག་མའི་མ་ཟིན་ཡོངས་སུ་གྲུབ།
ཁོའི་འབྲི་རྩལ་དེ་འདྲའི་ཡག་པོ་མིན་ནའང་། བྱིས་བློ་མ་ཡལ་བའི་ན་ཆུང་ཞིག་གི་མིག་མདངས་ཡོངས་སུ་འཕྲོག་ཐུབ། མོས་རི་མོར་ཞིབ་ཏུ་ལྟ་བའི་ཚུལ་དེར་ཁོས་དོ་སྣང་བྱུང་། མིག་མདུན་གྱི་བུ་མོ་ཆུང་ཆུང་འདིའི་ཤ་རྩ་དཀར་ལ་དམར་མདངས་རྒྱས། ལུས་སྟེང་ན་ད་དུང་བག་ཙམ་བག་ཙམ་དུ་དཔྱིད་ཀའི་དྲི་མ་ལྡང་། དུས་དེར་དགུང་གི་ཉི་ཟེར་མོའི་ནེམ་ཤ་དོད་པའི་རྣ་ཅོག་ཆུང་ཆུང་དེའི་སྟེང་ལ་བབས་ཡོད་པ་ཁོས་མཐོང་། དེ་ནི་བག་ཕེབས་པའི་གསེར་མདོག་གི་ཕྱེ་ལེབ་ཅིག་དང་འདྲ། ཏག་ཏག་བར་སྐབས་དེར། ཁོའི་སེམས་ཀྱི་གཏིང་དུ་ཡོད་པའི་འདོད་རྔམས་ཀྱི་ས་བོན་སྨུག་པོ་དེ་འགུལ་ཙམ་བྱས། མིའི་སེམས་ཀྱི་ས་བོན་སྨུག་པོ་འདིས་འཇིག་རྟེན་ཡང་དྲུངས་ནས་བརླགས་བཏུབ།
“ཁྱོད་བྲིས་ཟིན་པ་རེད། ད་ངས་ཁྱོད་ཚང་འབྲི། ཁྱོད་ཚང་གི་ཁང་པ་ཇི་འདྲ་ཞིག་ཡིན”ཁོས་རིས་གཞུང་གསར་པ་ཞིག་བཏིངས། སྐྱ་རིས་འབྲི་བྱེད་ཀྱི་ཞ་སྙུག་ལག་ཏུ་བཟུང་ནས་མོ་ལ་བལྟས།
ཁོས་དེ་ལྟར་བལྟས་བསྡད་པས། མོ་ཅུང་ཟད་ཁ་སྐྱེངས།
ཁོའི་གྱོན་ཆས་དང་ཉམས་འགྱུར། རི་མོ་འབྲི་བྱེད་ཀྱི་ཚོན་སྙུག ད་དུང་སྙུག་ཤུབས་དག་དང་མཉམ་དུ་བཞག་འདུག་པའི་ཤིན་ཏུ་བཀྲག་མདངས་ལྡན་པའི་དངུལ་མདོག་གི་བོད་གྲིའི་ཡུ་བ་ཅན་གྱི་གློ་གྲི་ཆུང་ངུ་འགྱིག་ནག་པོའི་ཤུབས་ཅན་བཅས་ཀྱིས། ཁོ་རྫིག་པོ་ཡོད་པ་དང་། ཕོ་ཁྱོ་ག་ཡིན་པའི་སྣང་བ་ཞིག་འཛོམས་སྐྱིད་སྒྲོལ་མ་ལ་དབང་མེད་དུ་སྐྱེས།
“ངེད་ཚང་བྲིས་ནས་ཅི་བྱེད་དགོས་པ་རེད” མོས་མོའི་ཨ་ཅེ་ཁ་སྐྱེངས་དུས་ཀྱི་བྱེད་ཕྱོགས་རྣམས་ཡིད་ལ་ཤར་ཞིང་། དེ་ལ་བསམ་བཞིན་མ་ཡིན་པའི་ངང་ལད་མོ་ལྟ་བུ་ཞིག་ཀྱང་ཤོར། རྣམ་འགྱུར་དེས་རི་མོ་བའི་སེམས་ཀྱི་ས་བོན་སླར་ཡང་འགུལ་ཙམ་བྱས། མིག་མདུན་གྱི་བུ་མོ་འདི་ལོ་ཆུང་ཡང་སྨིན་དགོས་རྒྱུ་དེ་སྨིན་ཟིན་འདུག་སྙམ། ཁོས་ཞ་སྙུག་བཟུང་ཡོད་པའི་གཡས་ལག་ཡར་སྣ་རྩར་ཁྱེར་ནས་གུང་མཛུབ་ཀྱིས་སྣ་མགོར་ཕུར་ཙམ་བྱས།
“ཁྱོད་ཁ་སྐོམ་གྱི་འདུག་གམ། འུ་གཉིས་མར་རས་གུར་ནང་དུ་འགྲོ”ཁོས་དེ་སྐད་ཟེར་ཞོར་ཡར་ལངས།
“སྐོམ་གྱི་མི་འདུག”
“ཀ་ར་ཟ་འདོད་དམ། ཀ་ར་ཞིམ་པོ་དེ་འདྲ།”ཁོས་གཡས་གཡོན་ལ་ལྟ་ཞོར་དེ་སྐད་དྲིས།
“ཟ་མི་འདོད།”མོས་མོ་རང་བྱིས་པ་སྣབས་ལུག་ཅིག་ནི་མིན། ཁོ་དགོད་བྲོ་བ་ལ་བསམ་ཞོར་རི་མོ་འབྲི་བྱེད་ཀྱི་ཚོན་སྙུག་དེ་དག་ལ་བལྟས།
“འོ་ན་ང་ལ་འགྲོ་རོགས་ཤིག་བྱོས།”ཁོས་འཛོམས་སྐྱིད་སྒྲོལ་མའི་ལག་པ་ལ་འཇུས།
“ང་མི་འགྲོ རང་ཉིད་སོང་།” མོ་རང་ཡན་ལག་སྐྱེན་པོ་ཡོད་པས་ཁོའི་ལག་པ་ལས་མྱུར་དུ་ཕྲལ། མོས་མི་འདི་ཁྱད་མཚར་བ་ལ་སྙམ་མུར། ཞེད་སྣང་ཞིག་སྐྱེས་པ་དང་གནས་དེ་ལས་འབྲལ་བར་བརྩམས།
“ཡ་འོ་ན། ཁྱོད་ཀྱིས་ང་ལ་རྒྱུགས་ཤིག་ལོངས་དང་། ངའི་རི་མོ་ཡག་མིན་ཁྱོད་ཀྱིས་ཅིག་ལྟོས་དང་།” ཁོ་སླར་མྱུར་དུ་རྐུབ་སྟེགས་སྟེང་ཙོག་ཞོར་མོ་ལ་དེ་སྐད་སྨྲས་པ་དང་། ཚོན་སྙུག་ཅིག་ལག་ཏུ་བཟུང་སྟེ་མོའི་སར་ཕྱོགས།
“ཤོག་དང་། ཁྱོད་ཕྱིར་ཤོག་དང་། ཁྱོད་ཀྱིས་ཇི་འདྲ་ཡིན་པ་ཤོད་དང་། ངས་ཁྱེད་ཚང་གི་ཁང་པ་འབྲི་ཨེ་ཐུབ་བལྟ།”
“ངས་བཤད་ན་ཨེ། ཁྱོད་ཀྱིས་མ་མཐོང་ནའང་འབྲི་ནུས་སམ།” མོ་ངོ་མཚར་ནས་ཕྱིར་འཁོར།
“དེ་མི་ཤེས་རྒྱུ་ཅི་ཡོད།” ཡུལ་ཕྱོགས་དེའི་ས་ཡི་ས་ཁང་སྐྱ་བོ་དེ་དག་ཧ་ལམ་གཅིག་པ་ཡིན་པས། ཁོས་ཁང་པའི་ཕྱིའི་བཟོ་བཀོད་ཀྱི་སྐྱ་ཐིག་དེ་མ་ཐག་བྲིས།
“ངེད་ཚང་གི་ཁང་པ་དེ་འདྲའི་ཆེན་པོ་ཞིག་མིན”
“… …”
“ཁང་པ་འདི་ལྟར་ཡོད། ཁང་པ་ལ་ཁང་མིག་ཆུང་ངུ་གསུམ་ཡོད། ར་སྐོར་ཆུང་ངུ་ཞིག་འདི་ལྟར་ཡོད།” མོས་གུང་མཛུབ་ཀྱིས་བཟོ་བཀོད་ཀྱི་ཆེ་ལོངས་ཙམ་རིས་གཞོང་ཐོག་མཛུབ་མོའི་རྣམ་འགྱུར་གྱིས་སྟོང་འབྲི་བྱས།
“ཁང་པའི་སྒོ་དང་སྒེའུ་ཁུང་། ཐབ་ཀ། ཉལ་ཁྲི་ལ་སོགས་གང་དུ་ཇི་ལྟར་ཡོད་ཞིབ་ཏུ་ཤོད་དང་ཆོག”
མོས་དེ་དག་རེ་རེ་བཞིན་བཤད། ཁོས་བཤད་པ་བཞིན་བྲིས།
“འདི་ཁྱོད་ཀྱི་ཕ་མ་གཉིས་ཉལ་ས་ཡིན་ནམ།”
“ཡིན། ཁོ་གཉིས་ཀྱི་ཁང་མིག་ཅུང་ཟད་ཆེ། ང་ཉལ་སའི་ཁང་མིག་འདིར་ཡང་ཆ་སྒམ་འདི་དང་། ཐེག་ཆ་འདི་མེད་ན་ཆེན་པོ་ཡོད།”
“ཁྱོད་ཀྱི་མིང་སྲིང་དག་གང་ནས་ཉལ་དགོས།”
“ང་ལ་མིང་སྲིང་མེད། ང་གཅིག་པུ་ཡིན།”
“ཁྱོད་གཅིག་པུར་ཉལ་གྱི་ཡོད་དམ། མི་སྐྲག་གམ།”
“མི་སྐྲག ངེད་ཚོས་རྒྱུན་དུ་གོ་འདོན་བྱེད་ཀྱི་ཡོད། ཨ་ཕས་ཨ་ལགས་ཚང་གི་ཕྱག་ཕྲེང་ཡང་ངའི་སྐེ་ལ་བསྐོན་ཡོད། འདི།”
“ཁྱོད་ཚང་ལ་སྒོ་ཁྱི་དེ་འདྲ་མེད་དམ།”
“མེད། རྒྱ་སྟག་དེ་སྔོན་ཤི་སོང་བས། ཨ་ཕས་ཁྱི་རོ་ཁུར་ནས་དུར་ཁྲོད་ཀྱི་གཤམ་དུ་བསྐྱལ་སོང་། རྣ་རྩེ་ཅུང་ཟད་དྲས་པ་དེ་ངས་དགོན་པའི་འཁོར་ཆེན་གྱི་གཤམ་ལ་བཏགས་པ་ཡིན།”
“ཨོ། ར་སྐོར་ནང་དུ་དར་ལྕོག་མཐོན་པོ་ཞིག་ཡོད། འདི་ཕྱོགས་སུ་ཡོད།” མོས་ར་སྐོར་དེའི་གཡས་ཕྱོགས་བསྟན།
རི་མོ་བས་འཛོམས་སྐྱིད་སྒྲོལ་མ་ཚང་གི་ཁྱིམ་གྱི་བཟོ་བཀོད་ཡོངས་སུ་བྲིས། དེ་ལ་ཚོན་མདངས་ཡང་བསྣན། མོས་རི་མོ་བས་ལབ་པ་ལྟར། གོམ་པ་ལྔ་ཙམ་གྱི་མཚམས་སུ་ཕྱིར་ནུར་ནས་བལྟས་པས། རི་མོའི་གམ་དུ་བལྟས་པ་ལས་ཀྱང་གསལ་ལ་མོའི་ཁྱིམ་དང་གཉིས་སུ་མེད་པ་ཞིག་བྱུང་བ་ན། མོ་དགའ་ནས“ངས་ཀྱང་རི་མོ་སློབ་འདོད”ཟེར།
དེ་ནས“ཕུ་བོ། འདི་ང་ལ་བྱིན་ན་ཆོག་གམ”ཞེས་རེ་ཞུ་བྱས།
རི་མོ་བས་སྟེར་རྩིས་ཤིག་བྱས་མོད། བསམ་བློ་ཅུང་ཟད་བཏང་རྗེས“རྗེས་མར་འདི་བས་ཡག་ཅིག་ཁྱོད་ལ་འབྲི།”ཟེར།
གསུམ།
ཆར་བ་ཤག་ཤག་འབབ་པའི་མཚན་མོ་ཞིག་ལ། འཛོམས་སྐྱིད་སྒྲོལ་མས་རུམ་དུ་མི་ཞིག་འཛུལ་བ་ཚོར། མོ་སྐྲག་ནས་སྐད་རྒྱག་སྐབས། མི་དེས་མོའི་མཆུ་བསུམ་པ་དང་རྣ་ནང་དུ“ཁ་རོག སྐྲག་མི་དགོས། ང་ཡིན། ང་ཁྱོད་ལ་རྔན་པ་སྟེར་དུ་ཡོང་བ་ཡིན”ཟེར།
སྐད་དེ་ནི་ཆེས་རྒྱུས་ཡོད་ཅིག་ཡིན་ནའང་། མོས་སུ་ཡིན་མ་ཤེས། མོ་ལས་ཆེ་བའི་བུ་མོ་དག་གི་ཁ་ནས་བུ་ཕོ་དག་མཚན་མོར་རུ་ཉུལ་དུ་ཡོང་ཚུལ་སོགས་ཐོས་མྱོང་བས། མོས་དེ་འདྲ་ཞིག་རེད་སྙམ་ནས་སེམས་ཅུང་ཟད་བདེ་ལ་བབས། ང་ཡང་ནར་སོན་པ་མིན་ནམ་སྙམ་ཐ་ན་སྐྲག་དངངས་འདྲེས་པའི་དགའ་སྣང་ཕྲན་བུའང་སྐྱེས། འོན་ཀྱང་དེ་མ་ཐག་སྐྱེས་པ་དེའི་རྐང་ལག་ཇེ་རྩུབ་དང་། དབུགས་ཀྱི་གཏོང་ལེན་ཇེ་རྒོད་དུ་གྱུར་ཏེ་འཕྲལ་མར་མོ་རང་ཁོའི་འོག་ཏུ་མནན། མོ་ལ་གཞི་ནས་འཇིགས་དངངས་དྲག་པོ་ཞིག་སྐྱེས་ཤིང་། ཁོའི་གདོང་ལ་སྡེར་ཤད་ཅི་ཐུབ་བྱེད་ཞོར་ཨ་ཕ་ཞེས་འབོད་རྩིས་བྱས་པར། ཁོས་གཡོན་ལག་གིས་མོའི་ཁ་བསུམ། ལུས་པོའི་ལྗིད་ཀྱིས་མོ་མནན། ཁོའི་ལུས་པོ་ནི་ལྗོན་ཤིང་ཆེན་པོ་ཞིག་ལྟར་ལྕི་ཞིང་རྩུབ་ལ་ཐེག་དཀའ། ལྷག་པར་གཡས་ལག་འཕྲེད་བཞག་གིས་མོའི་ཁོག་སྟོད་མནན་པས། འཇིགས་དངངས་ཆེན་པོ་སྐྱེས་པའི་སྟེང་ལ་མོ་འགུལ་མི་ཐུབ་ཅིང་། དབུགས་ཀྱང་ལེན་དཀའ་བར་གྱུར་བས་མོ་རང་བརྒྱལ་ལ་ཁད་བྱས།
སྐྱེས་པ་དེས་བཤས་ལུག་གི་པགས་པ་བཤུ་བ་ལྟར། མོའི་སྨད་གོས་བཙན་གྱིས་བཤུས། སྐབས་ཤིག་མོའི་ཚོར་བ་ཞིག་ལ་མོའི་ལུས་ལ་མདས་བསྣུན་པ་ལྟ་བུ། གྲིས་བཅད་པ་ལྟ་བུ་བྱུང་བས། མོའི་མིག་ལམ་ནག་དིབ་དིབ་བྱེད་ཅིང་། དར་ཅིག་ལ་དབང་ཤེས་ཀྱང་ཉམས་པར་གྱུར། ཅུང་ཙམ་ནས་མོའི་ལུས་པོ་ཡང་ཕྱོལ་ལེར་གྱུར་བ་དང་འབྲེལ་མི་དེ་མྱུར་སྟབས་ཀྱིས་ཁ་བྲལ། མོས་གཞི་ནས་ཤུགས་ཅི་ཡོད་ཀྱིས་ཨ་ཕ་ཞེས་བོས། ཨ་ཕ་ཧར་གྱིས་ལངས་ནས་ཚུར་ཐོན་པ་དང་། ཁོས་མི་ཞིག་ར་སྐོར་ནང་ནས་མར་ཤོར་བ་མཐོང་བས་དེའི་རྗེས་ལ་ར་མདར་བརྒྱུགས། ཁོས་དེ་ནི་རྐུན་མ་ཞིག་ཡིན་པར་འདོད་ནས། ཨཱ་ཁྱི་རྐུན། ཁྱི་རྐུན། ཁྱོད་སྡོད་ཅེས་རྗེས་དེད་དེ་སོང་བ་འཛོམས་སྐྱིད་སྒྲོལ་མས་ཐོས།
ཆར་བ་ཤག་ཤག་བབས། ར་སྐོར་ཕྱི་ནས་ཅི་བྱུང་མ་ཤེས་ཀྱང་། ཨ་ཕ་ཡོང་རྒྱུ་མ་བྱུང་། ཨ་མ་འཕྲལ་མར་མོའི་གམ་དུ་སླེབས་ཤིང་མིག་གཉིས་མིག་ཆུས་སྦགས་པའི་འཛོམས་སྐྱིད་སྒྲོལ་མ་མཐོང་རྗེས་དོན་དག་ཅི་བྱུང་ཤེས་པར་གྱུར། མོས་བྱམས་བརྩེ་ཆེན་པོས་བུ་མོའི་མགོ་བྲང་ཁར་གླན་ཞིང་སེམས་གསོ་བྱས། མོ་རང་ན་ཆུང་དུས་ཀྱི་ཡིད་སྐྱོའི་གཏམ་རྒྱུད་ཅིག་ཀྱང་མིག་ཆུ་བཞུར་བཞིན་དུ་བཤད། འོན་ཀྱང་། ཇ་ཡུན་ཙམ་འགོར་ཡང་ཨ་ཕ་སླར་སླེབས་རྒྱུ་མ་བྱུང་བས། ཨ་མ་བཙལ་དུ་ཆས། ཅུང་ཟད་ནས་ཨ་མའི་ངུ་འབོད་ཀྱི་སྒྲ་སྙིང་ན་བ་ཞིག་ཐོས། འཛོམས་སྐྱིད་སྒྲོལ་མས་ཅི་བྱུང་བ་ཡིན་ནམ་སྙམ་ནས་ལངས་དཀའ་ནའང་བཙན་གྱིས་ར་སྐོར་གྱི་སྒོར་བུད། ར་སྐོར་ཕྱིའི་གོམ་པ་སུམ་བརྒྱ་ཙམ་གྱི་མཚམས་སུ་ཨ་མས་ངུ་འབོད་བྱེད་ཀྱི་འདུག་ཅིང་། མོའི་མདུན་དུ་མི་ཞིག་བསྣར་འདུག འཛོམས་སྐྱིད་སྒྲོལ་མ་མྱུར་སྟབས་ཀྱིས་གམ་དུ་བརྒྱུགས་པར། དེ་ནི་རང་གི་ཨ་ཕ་རེད་འདུག ལུས་པོ་ཡོངས་ཁྲག་གིས་གཡོགས། མོ་གཉིས་ཀས་ཇི་ལྟར་བསྒུལ་ཀྱང་ཨ་ཕ་འགུལ་རྒྱུ་མ་བྱུང་། ཨ་མ་ཡང་ཨ་ཕ་འཚོལ་བའི་ལམ་ནས་རྐང་པ་སྤོ་ཉེས་ཀྱིས་ཨ་བྲའི་ཁུང་བུར་ཤོར་དེ་རྒྱ་ཚིགས་བསྣད་ཅིང་། སྐྲག་དངངས་དང་སྡུག་བསྔལ་གྱིས་ཕྱི་ཉིན་ནས་ཉལ་སར་ལྷུང་།
ཤ་ཉེ་དག་གི་རོགས་རམ་འོག་མོས་ཨ་ཕའི་དགེ་རྩ་སྒྲུབ་པ་དང་ཨ་མ་སྨན་ཁང་དུ་སྐྱེལ་བ། གཏེ་བོ་གཤེད་མ་དེ་སུ་ཡིན་འཚོལ་བ་གསུམ་དུས་གཅིག་ལ་བྱེད་དགོས་བྱུང་བར་མ་ཟད། བསམ་ཡུལ་ལས་འདས་པ་ཞིག་ལ་སྨན་ཁང་དུ་འགྲོ་ལུགས་ལྟར་ཁྲག་ལ་བརྟག་དཔྱད་བྱས་པ་ན། མོའི་ཨ་མ་ལ་ཁྲག་རིལ་དཀར་པོའི་འབྲས་སྐྲན་ཡོད་པ་ཤེས་ཤིང་། སྨན་པས་སྨན་ཁང་དུ་ཞག་སྡོད་གསོ་བཅོས་བྱེད་དགོས་པར་བསྐུལ།
དོན་དག་དེ་དག་གིས་བལྟས་བལྟས་རིག་རིག་ལ་མོའི་ངོ་གདོང་དང་མིག་མདངས་སུ་ན་ཆུང་ཞིག་གཞོན་ནུར་འགྱུར་བའི་གོ་རིམ་ཁྲོད་ཀྱི་ནར་སོན་པའི་སྨིན་ཉམས་དེ་གློ་བུར་དུ་མངོན། དེ་སྔའི་བྱིས་བློ་རྩྭ་རྩེའི་ཟིལ་བ་ཁྲོམ་ཁྲོམ་དུ་ཡོད་པ་ལྟ་བུ་དེ་ག་དུས་ས་ལ་ཟགས་ཀྱང་ཆ་མི་འཚལ།
གཤིན་ཆོས་ཡོངས་སུ་བསྒྲུབ་ཚར་རྗེས། མོའི་ཤ་ཉེ་ཞིག་གི་རོགས་རམ་འོག་མ་སྨད་གཉིས་ཀ་ཆབ་ཆ་ཁུལ་གྱི་ཁུལ་སྨན་ཁང་དུ་འོངས། དེར་ཞག་སྡོད་ཉིན་འགའ་བྱས་རྗེས་སྨན་རིན་མུ་མཐུད་སྤྲོད་དཀའ་བར་གྱུར་བས། མོས་ཨ་ཕའི་ཤ་ཉེ་ཞིག་གིས་གྲོང་ཁྱེར་དེར་མགྲོན་ཁང་ཕྱེས་པ་ཞིག་ཡོད་པ་དེ་ཡིད་ལ་དྲན་ནས་བཙལ་དུ་སོང་། བར་བར་རོང་སྐད་དང་རྒྱ་སྐད་བསྲེས་ཏེ་བཤད་པའི་གྲོང་ཁྱེར་ནང་གི་འབྲོག་མོ་གདོང་སྐྱ་དེས་སྙིང་རྗེ་ཟེར་ཞོར་དངུལ་སྒོར་སྟོང་གཅིག་བྱིན་ཡང་། དེས་གནས་སྐབས་ཙམ་མ་གཏོགས་སྨན་བཅོས་ཀྱི་ཕྱེད་ཀྱི་ཕྱེད་ཀྱང་མི་ལོངས་པས། ཉིན་གཉིས་རྗེས་མོ་རང་ཡང་བསྐྱར་ཐབས་ཤེས་འདྲི་བར་ཤ་ཉེའི་སར་སོང་། ཤ་ཉེས་མོ་ལ་ཅུང་ཟད་བལྟས་བསྡད་རྗེས། “ད་ངས་ཁྱོད་ལ་ཐབས་ཤིག་བཤད། བྱེད་མིན་རང་གིས་ལྟོས”ཟེར།
“ཟ་ཁང་དང་མགྲོན་ཁང་ལྟ་བུ་ནས་གཡོག་བྱས་ཆོག་ཀྱང་། གླ་ཆ་དམའ་བར་མ་ཟད་ཟླ་རེའི་ཕོག་དུས་ལྟར་དུ་སྟེར་བའི་ངེས་པ་ཡང་མེད་པས། གནས་སྐབས་ལས་ཀ་དེ་འདྲས་ཁྱོད་ལ་མི་ཕན། ཁྱོད་ཀྱི་ཆ་རྐྱེན་བཟང་བར་འདུག སྤྱིར་གྲྭ་ཇོ་ཞིག་མིན་ན། ཚེ་འདིར་ཕོ་མོའི་ལུས་འབྲེལ་བྱེད་ངེས་པ་འཇིག་རྟེན་ཕོ་མོའི་རང་བཞིན་ཡིན་ཞིང་། ལྷག་པར་དུ་ཁྱོད་ལ་དངུལ་མྱུར་དུ་འཐོབ་པའི་དགོས་མཁོ་དང་། སྐྱེས་པ་རྣམས་ལ་ལུས་འབྲེལ་གྱི་དགོས་མཁོ་ཡོད་པས། དེ་བརྗེ་རེས་བྱས་ན་མི་འཚམ་རྒྱུ་ཆེན་པོ་མེད”ཟེར།
འཛོམས་སྐྱིད་སྒྲོལ་མས་དེ་འདྲ་ཞིག་ཁྱོན་ནས་གོ་མྱོང་མེད་སྟབས“ཁོ་ཚོས་དངུལ་སྟེར་ངེས་སམ”ཞེས་དྲིས།
“ལོས་སྟེར། ལོ་ཆུང་བའི་སྟེང་ལ་ཆ་རྐྱེན་བཟང་ན་གླ་ཆ་མཐོན་པོ་ཡང་སྟེར། དེ་བྱེད་རྒྱུ་ཡིན་མིན་རང་གིས་བསམ་བློ་ཐོངས། བྱེད་རྒྱུ་ཡིན་ཟེར་ན། གོང་མཐོན་པོ་སྟེར་མཁན་ངས་བཀོད་སྒྲིག་བྱེད་ཆོག ང་ཚོ་མགྲོན་ཁང་གཉེར་མཁན་ཚོས་ཐབས་རྡུགས་ནས་སྐབས་རེར་འདི་འདྲ་བྱེད་དགོས་ཐུག་གི་ཡོད”ཟེར།
འཛོམས་སྐྱིད་སྒྲོལ་མའི་ཐེ་ཚོམ་གྱི་ཉམས་མཐོང་རྗེས། “བོང་བུ་དར་ཐོག་ལ་དེད་ན་འགྲོ་དགོས་པ་རེད། ང་རང་ཡང་ཆུང་དུས་འདྲ་མིན་སྣ་ཚོགས་ལས་ནས་ཡོང་བ་ཞིག་ཡིན། ཚང་མ་ཁ་གསོ་ཐབས་རེད། ངོ་ཚ་དགོས་དོན་ཅི་ཡང་མེད། འོན་ཀྱང་རང་གིས་ཐག་བཅད་ན་བཟང་། ཕྱིར་སོང་ལ་བསམ་བློ་ཡག་པོ་ཐོངས”ཟེར།
མོ་ལོ་ཆུང་བས་བསམ་བློ་ཆེན་པོ་གཏོང་ག་ལ་ཤེས། འོན་ཀྱང་མོས་དོན་གཅིག་གསལ་པོར་ཤེས་པ་ནི། ཨ་ཕ་ནི་འདས་ཟིན། ཨ་མ་ལ་ནི་དོན་དག་འདྲ་འབྱུང་མི་རུང་། གལ་སྲིད་ཨ་མར་བཅོས་ཐབས་ཤིག་ཡོད་ན་མོས་ཅི་བྱེད་དགོས་ཀྱང་བྱེད་ངེས་པ་དེ་རེད།
མོས“དངུལ་ག་ཚོད་སྟེར་ངེས་སམ”དྲིས།
“བུ་མོ་ལོ་ཆུང་ན་མ་མཐའ་ཡང་ཐེངས་རེར་སུམ་བརྒྱ་སྟེར། ངས་བཀོད་སྒྲིག་བྱེད། ཁོ་ཚོར་སྟེང་ལ་སྣོན་དུ་འཇུག ངས་བར་ཁེ་སྐར་ལི་གཅིག་མི་ལེན། ད་དུང་མི་གཙང་མ་ལོ་ཅུང་གཞོན་པ་དེ་འདྲ་ཁྱོད་ལ་བཀོད་སྒྲིག་བྱེད”ཟེར།
འཛོམས་སྐྱིད་སྒྲོལ་མས་ཕྱིར་སོང་ནས་བསམ་བློ་བཏང་རྗེས་མོ་ལ་ལན་འདེབས་རྒྱུ་བྱས།
ཕྱི་ཉིན་ཉིན་གུང་མོ་དང་ཨ་མ་གཉིས་ནད་ཁང་དུ་ལྷག ཨ་མས་ནད་ཁྲིའི་སྟེང་ངུ་ཤུམ་བྱེད་ཞོར་དུ། མོ་ལ་བཤད་རྒྱུ་ཞིག་ཡོད་ཟེར། མོ་ཨ་མའི་ཉལ་ཁྲིའི་འགྲམ་གྱི་རྐུབ་སྟེགས་ལ་བསྡད་ཅིང་ཨ་མའི་ལག་པར་འཇུས་ནས་ཉན།
“ཁྱོད་ཀྱི་ཕ་དྲིན་ཅན་པོ་འདས་མེད་ན། ཁོས་ཁྱོད་ལ་བཤད་སྲིད། ཁོས་ཁྱོད་ལོ་བཅུ་དྲུག་གཡས་གཡོན་ལ་སོན་སྐབས་ཁྱོད་ལ་བཤད་ན་འཚམས་མ་གཏོགས་ད་དུང་ཆུང་དྲགས་འདུག་ཟེར། ད་ནི་ཁོས་དངོས་སུ་ཁྱོད་ལ་བཤད་མ་ཐུབ་པ་རེད། ང་ལ་ཡང་ཅི་འབྱུང་མི་ཤེས། དེ་བས་ཁྱོད་ལ་བཤད་འཇོག ཁྱོད་ཀྱི་ཨ་མ་ངོ་མའི་མིང་ལ་ཡུམ་སྐྱིད་ཟེར། ཁྱོད་བཙའ་སྐབས་མཚེ་ཞིག་ཡིན་ལ། ཉིན་ཞག་གསུམ་ལ་སྐྱེ་གཟེར་བརྒྱབ་རྗེས་སྟབས་ལེགས་ནས་ཁྱོད་བཙའ་ཐུབ་པར་གྱུར། མོས་ན་ཟུག་ལ་ཡ་མ་བྱས་པར་ཤེད་ཤུགས་ཡོད་རྒུ་བཏོན་མཐར། མཚེ་ཡ་བུ་ཞིག་སྐྱེ་ཐུབ་སོང་འདུག་མོད། བཙའ་མ་ཐུབ་པར་ཡུན་རིང་འགོར་བས་ཕྲུ་གུ་དེས་དབུགས་ཆད་ཡོད་འདུག དེ་དུས་མོའི་ལུས་སྟོབས་ཞན་དྲགས་པ་དང་། ལྷག་པར་ཕྲུ་གུ་གཉིས་པ་དེ་དབུགས་ཆད་ཡོད་པ་ཤེས་པས། མོ་རང་ཡང་ཅུང་མ་འགོར་བར་འཚམ་མི་འདུག་ལ། མོས་མིག་མ་བསུམ་གོང་། སྐྱེ་གཡོག་ལ་མོའི་བུ་མོ་དམར་འབྱར་དེ་གཉོར་སྐྱོང་བྱེད་རོགས་ཞེས་ཞུ་བ་བྱས་པ་དང་། སྐྱེ་གཡོག་གིས་ཀྱང་ཁས་བླངས། ང་ནི་སྐྱེ་གཡོག་དེའི་བུ་མོ་ཡིན། ང་ལོ་ཉི་ཤུའི་སྟེང་མནའ་མར་སོང་མོད་ང་ལ་བྱིས་པ་མི་ཆགས་པའི་ནད་ཅིག་ཡོད་འདུག་པ་ལོ་ལྔའི་རྗེས་ཤེས་པས་ཁྱོ་གས་ང་ཕྱིར་རང་ཁྱིམ་དུ་བརྫངས། དེ་དུས་ཁྱོད་ལོ་གསུམ་ལ་སོན་ཙམ་ཡིན་ལ། ངའི་ཨ་མས་གཉོར་རོགས་བྱེད་ཀྱིན་འདུག དེ་ནས་ཁྱོད་ཀྱི་ཨ་ཕ་དང་ངེད་གཉིས་མཐུན་ནས་མཉམ་དུ་བསྡད་པ་ཡིན། འདི་དག་ད་ལྟ་ང་ཅུང་ཟད་བདེ་ཐོག་ནས་བཤད་མ་གཏོགས་ཉིན་ཞིག་བཤད་ལོངས་མི་འབྱུང་ནའང་ཐང”ཞེས་མོའི་པང་ལ་མགོ་འཛུལ་ནས་ངུ་བཞིན་པའི་འཛོམས་སྐྱིད་སྒྲོལ་མའི་མགོ་ལ་བྱིལ་བྱིལ་བྱེད་བཞིན་བཤད།
མོ་རང་ལོ་བཞི་ཙམ་གྱི་སྐབས་ནས་རང་གི་ཕྲུ་གུ་བཞིན་བསྐྱངས་པའི་བུད་མེད་འདི་དངོས་གནས་རང་གི་ཨ་མ་དང་དབྱེར་མེད་ཡིན། འཛོམས་སྐྱིད་སྒྲོལ་མས “ཨ་མ། ངའི་ཨ་མ་ཁྱོད་ཡིན”ཞེས་ངུས།
ཨ་མས་ད་དུང“ཁོ་ཚོས་ཁྱོད་ཀྱི་ཕ་གསོད་མཁན་དེ་འཚོལ་གྱིན་འདུག་ཟེར་མོད། ཁོ་རྙེད་དེ་ཁྲིམས་ལ་སྦྱར་ནས་ཀྱང་ཅི་བྱེད། དེས་ཨ་ཕ་ནི་སླར་གསོན་མི་ཐུབ། འདི་དག་ཐམས་ཅད་ཁྱོད་ཀྱི་ཨ་ཕ་དང་འུ་མ་བུ་གཉིས་ཀྱི་སྐྱེ་བ་སྔོན་མའི་ལས་ཡིན། དེ་བས་ལེ་བདའ་དང་ཞེ་འཁོན་ཁོག་ལ་འཛིན་པ་ལས་ཆོས་དགེ་བ་རེ་བྱེད་ཐུབ་ན་ཤི་གསོན་གཉིས་ཀར་ཕན་ཐོགས་པ་དེ་དེ་ཡིན། ཁྱོད་ཀྱིས་ཀྱང་ཞེ་འཁོན་ཁོག་ལ་མ་འཛིན། ཞེ་བསམ་པས་མ་ཎི་རེ་ཐོན་དང་ཨ་ཕ་ལ་དེས་ཕན”ཞེས་ངུ་ངག་དང་བཅས་བཤད།
དེ་ལྟར་མ་བུ་གཉིས་ནད་ཁང་ཐེབས་ཆག་དེར་མགོ་གཏུགས་ནས་ངུས་ངུས་རྗེས། ཨ་མས“འུ་གཉིས་ལ་སྨན་ཁང་དུ་འདུག་སྤྱད་ཡང་མེད། ད་ནི་ན་གཟེར་ཡང་ཆེན་པོ་མི་འདུག འུ་གཉིས་སང་གནངས་ཤིག་ལ་སྨན་ཁང་ལས་འབུད”ཅེས་བཤད།
ཨ་མས་མི་ཤེས་པ་ནི་མོས་མོ་རང་ཨ་མ་ངོ་མ་དེ་མིན་ལབ་རྗེས་ཏག་ཏག་དེར་འཛོམས་སྐྱིད་སྒྲོལ་མས་མོའི་ཆེད་དུ་ཅི་བྱེད་དགོས་ནའང་བྱེད་རྒྱུའི་བློ་ཐག་གཙང་བཅད་བྱས་པ་ཡིན། ཕྱི་ཉིན་མོ་ཨ་ཕའི་ཤ་ཉེ་དེ་འཚོལ་དུ་སོང་ནས་རང་གི་ཐག་གཅོད་མོ་ལ་བཤད།
དེ་ནས་བཟུང་། འཛོམས་སྐྱིད་སྒྲོལ་མས་ལས་ཀ་དེ་གཉེར། ཐེངས་མ་རེ་རེར་ཆར་ནག་འབབ་པའི་མཚན་མོ་དེའི་དོན་དག་ཡིད་ལ་འཆར་དུ་འཇུག་ཅིང་། འཇིགས་དངངས་དང་ན་ཟུག་གིས་སྐྱེལ་དགོས་པར་གྱུར། མོའི་ཨ་ཕ་གསོད་མཁན་དང་མོ་ལ་དབང་ཡོད་བྱེད་མཁན་དེ་ཤ་ཉེ་དག་ནས་གང་སར་རྩད་བཅད་ཀྱང་མ་རྙེད། མོས་རི་མོ་བ་མིག་ཤེལ་ནག་པོ་ཅན་དེ་ཡང་སྐབས་སྐབས་ལ་ཡིད་ལ་ཤར་མོད། ཁོ་ག་ལ་ཡིན། ཁོ་ནི་གྲོང་ཁྱེར་ནང་གི་ཡོན་ཏན་པ་དེ་འདྲ་ཡིན་པའི་སྟེང་ལ། ཁོས་ཁོ་ཚང་གང་དུ་ཡོད་ཀྱང་མི་ཤེས་སྙམ།
དེ་ལྟར་ཟླ་བ་ལྔ་ཕྱིན་རྗེས། ལུས་དང་སེམས།
སྐད་ཆ་བཤད་སྟངས་ཅིའི་ཐད་ནས་ད་ནི་འཛོམས་སྐྱིད་སྒྲོལ་མ་བྱང་ཆ་ཆེ་བའི་བུད་མེད་བསམ་ཤེས་ཤིག་དང་འདྲ། ཡུན་གྱིས་མོས་མོ་དང་ཕ་ཡུལ་གཅིག་ཅིང་། མོ་ལས་ལོ་ཉི་ཤུ་ཡིས་ཆེ་བའི་གསེར་མཚོ་ངོ་ཤེས་པར་གྱུར།
ལོ་གཅིག་གི་རྗེས་མོའི་ཨ་མ་འདས། ཨ་མའི་ཤི་ཆོས་ཡོངས་སུ་བསྒྲུབ་ཚར་རྗེས། འཛོམས་སྐྱིད་སྒྲོལ་མ་ཕྱིར་ཕ་ཡུལ་དུ་ལོག་མོད། ཕ་མ་གཉིས་འདས་ཚར་དུས། ཕ་ཡུལ་ཞེས་པའང་འཇའ་ཚོན་བཞིན་མཐོང་དུ་ཡོད་པ་ཙམ་ལས། གམ་དུ་འགྲོ་ས་མེད་ལ། རེག་ས་དང་ཁེན་ས་དེ་བས་ཀྱང་མི་འགྲོ་བ་གཞི་ནས་རྟོགས།
མོ་རང་མོའི་ཤ་ཉེ་ཞིག་གི་ཁྱིམ་ལ་སོང་ནས་བསྡད་མོད། ཤ་ཉེ་བཟའ་མི་གཉིས་ཀྱིས་བཟའ་འཁོན་དུས་རྒྱུན་བྱེད་པས་སྡོད་མི་བཟོད་པར་གྱུར་ཞིང་སླར་གསེར་མཚོའི་གམ་ལ་འགྲོ་འདོད་སྐྱེས་ཏེ་སོང་། མོ་རང་ཡང་གོང་ཁེ་པོས་གླས་ཆོག་པའི་གསེར་མཚོ་ཡོད་སའི་མགྲོན་ཁང་དེར་བསྡད། གསེར་མཚོའི་ལམ་སྟོན་ལྟར། མོས་བོད་ཟས་ཁང་ཞིག་ཡོད་པ་དེར་གཡོག་བྱས། འོན་ཀྱང་སྦྱིན་བདག་མས་མོ་རང་སྡོད་སའི་མགྲོན་ཁང་ནི“ར་མོ”འདུག་ས་ཡིན་པ་ཤེས་པར་མ་ཟད། རྩད་བཅད་པ་བརྒྱུད་འཛོམས་སྐྱིད་སྒྲོལ་མས་དེ་སྔ་ལས་ཀ་དམིགས་བསལ་བའང་གཉེར་མྱོང་པ་རྟོགས་པས་འཕྲལ་དུ་མོ་རང་ལས་གནས་ལས་དབྱུང་། ཡུལ་གཞན་དུ་ནི་ཕོགས་དམའ་བའི་སྟེང་ལ་སྐད་ཀྱང་གསལ་པོར་མི་གོ་བས་མོས་སླར་ཡང་སྔར་གྱི་ལས་ཀ་དེ་མི་གཉེར་རང་གཉེར་ཆགས།
མོ་གཉིས་ཡོད་སའི་མགྲོན་ཁང་དེ་ནི་སྲང་ལམ་ཆུང་ངུ་ཞིག་གི་ཕུགས་སུ་ཡོད་དེ། དེའི་ཕར་ཕྱོགས་ནི་གཞུང་གི་ལས་ཁུངས་ཤིག་གི་ར་སྐོར་གྱི་རྩིགས་གྱང་མཐོན་པོ་ཞིག་ཡིན། གལ་སྲིད་འཛོམས་སྐྱིད་སྒྲོལ་མ་ཡོད་སའི་མགྲོན་ཁང་དེ་ནས་སྲང་ལ་འགྲོ་ཚེ། མགྲོན་ཁང་ལས་སྒོར་བུད། དེ་ནས་མགྲོན་ཁང་སྒོ་ནས་ཕར་བསྲིངས་པའི་ལམ་ཆུང་ངུ་དེ་དེད་ནས་ཟས་རིགས་དང་གྱོན་གོས་དང་། ལྕགས་རིགས་ཀྱི་ཚོང་ཁང་ཆུང་ངུ་འདྲ་མི་འདྲ་དྲུག་ཙམ་དང་། དེ་ནས་མགྲོན་ཁང་ཆུང་ངུ་ཞིག་བརྒྱུད། ཁ་ཆེའི་ཟ་ཁང་ཞིག་ཡོད་པ་དེར་སླེབས་ཚེ་ལམ་ཆུང་གི་ལམ་སྣེར་སླེབས་ཤིང་། དེ་ནས་བཟུང་ལམ་ཆེན་ལ་ཞུགས་ཐུབ་ཀྱི་ཡོད་ལ། གཡས་སུ་དཀྱོགས་ཏེ་ལམ་ཆེན་གཡས་འགྲམ་དེད་ཚེ། ཟ་ཁང་དང་ཟས་རིགས། སྨན། ཆང་སོགས་ཀྱི་ཆེད་འཚོང་ཁང་འགའ་ཤས་དང་དེ་ནས་གྲོང་ཁྱེར་འདིའི་བོད་པ་མང་པོ་འགྲོ་སའི་བོད་ཟས་ཁང་ཆེན་པོ་ཞིག་ཡོད། བོད་ཟས་ཁང་གི་སྦྱིན་བདག་མ་རྒྱགས་པ་དེས་རྒྱབ་ཀྱི་མགྲོན་ཁང་དུ་ཅི་བྱེད་ཀྱིན་ཡོད་མེད་དེ་སྔ་ནས་ཧ་གོ་ཡི་ཡོད་ལ། འཛོམས་སྐྱིད་སྒྲོལ་མ་ནི་མོས་ཧ་གོ་བས་ལས་གནས་ནས་དབྱུང་བ་ཡིན། ཉིན་ཞིག དྲན་པ་འགྱུ་སྟངས་ཤིག་གིས་མོས་རང་གི་ཁྱོ་ག་དང་བུ་ཡང་དེའི་ཕྱོགས་སུ་འགྲོ་སྲིད་ལྟ་བུ་ཞིག་དྲན་པར་བརྟེན། ཟ་ཁང་ནང་དུ་ལས་རིགས་དམིགས་བསལ་བ་གཉེར་མཁན་དེ་ཚོའི་ཚོགས་ལ་ཟུར་ཟ་དང་མཐོང་ཆུང་དང་། ཚིག་རྩུབ་ཤོས་ཀྱིས་ཁྱད་གསོད་བྱེད་པའི་གླགས་འཚོལ་གྱི་ཡོད། འོན་ཀྱང་མོས་ཡིད་ལ་མ་དྲན་པ་ཞིག་ནི་མོའི་སྐད་ཆ་དེ་དག་ནི་ལྡོག་སྟེ་ཁྱབ་སྒྲོག་ཅིག་ཏུ་གྱུར་ཏེ་མོའི་ཁྱོ་ག་དང་ཉིན་འགར་གུང་གསེང་བྱིན་ནས་ཡོང་བའི་མོའི་བུ་དང་ཟ་ཁང་དུ་སླེབས་པའི་མགྲོན་པོ་དག་གིས་ཡུལ་གང་ཡིན་ཧ་གོ་བར་མ་ཟད། ཐ་ན་བུ་མོ་དུ་ཡོད་དང་། ལོ་ན་ག་ཚོད་ཡིན་ཡང་ཤེས་པར་གྱུར།
མཐོ་འབྲིང་འདོན་བཞིན་པའི་མོའི་བུ་ཤེས་རབ་རྡོ་རྗེ་ཡིས་འཛོམས་སྐྱིད་སྒྲོལ་མ་ནི་དེ་ལྟར་ངོ་ཤེས་པ་ཡིན།
བཞི།
ཉིན་ཞིག འཛོམས་སྐྱིད་སྒྲོལ་མ་སྨན་ཞིག་ཉོ་རུ་སོང་། སྨན་འཚོང་མཁན་གྱིས་འཛོམས་སྐྱིད་སྒྲོལ་མས་བཤད་པའི་སྨན་དེ་དག་སྨན་གྱི་ཐེག་ཁྲི་ཆེན་པོ་དེ་དག་གི་ནང་བཙལ་ནས་སྒྲུགས་སྐབས། མོས་སྨན་འཚོང་ཁང་གི་ཤེལ་གྱིས་གྲུབ་པའི་སྒོ་ཆེན་དེའི་ཕྱི་རོལ་དུ་གཞོན་ནུ་ཞིག་བགྲེང་ནས་མོ་ལ་བལྟས་བསྡད་ཡོད་པ་མཐོང་། ཁོ་སུ་ཡིན། མོ་ལ་དེ་ལྟར་ལྟ་དོན་ཅི།
སྨན་འཚོང་མཁན་གྱིས་མོའི་མདུན་ལ་སྨན་འགའ་ཤས་བཞག་རྗེས། ཡང་བསྐྱར་སྨན་གཞན་ལེན་དུ་ཆས། མོས་མིག་ཟུར་དུ་གཞོན་ནུས་ད་དུང་མོ་ལ་བལྟས་འདུག་པ་ཚོར། སྨན་ཚོང་གིས་སྨན་མཐའ་མ་དེར་ཁྱེར་ཡོང་བ་དང་རྩིས་བརྒྱབ་རྗེས། མོས་སྨན་དག་ཁུག་མའི་ནང་ལ་བཅུག་ནས་སྒོ་ཡི་ཕྱོགས་སུ་ཆས། གཞོན་ནུ་དེ་མོ་རང་ལས་ཅུང་ཟད་ཆེ་བར་སྣང་མོད། སྣ་དང་མིག་གཉིས་དང་འགྲམ་པ་བཅས་སུ་ད་དུང་བྱིས་པའི་ནེམ་ཉམས་གསལ། མོ་ཤེལ་གྱི་སྒོ་འགྲམ་དུ་སླེབས་པ་མཐོང་འཕྲལ། གཞོན་ནུ་དེ་འཚབ་ཅིང་དངངས་པར་གྱུར། མྱུར་ཏུ་མོ་ལ་ལྟ་བའི་མིག་ཟུང་གཡས་ཕྱོགས་སུ་གཡོལ། གཞོན་ནུ་དེའི་སྐྲ་མི་རིང་མི་ཐུང་ལ་འཇིལ་ལིར་ཆགས་ཤིང་གཙང་མར་བཀྲུས་པས་སྟེང་དུ་འོད་ལྟ་བུ་ཆགས། མགོ་གཡས་ཕྱོགས་སུ་དཀྱོགས་པས་མིག་ལམ་དུ་མངོན་པའི་གདོང་ཕྱེད་དེ་ཡག་ཉམས་དོད། མོས་སྒོ་ཕྱེ་ནས་སྨན་འཚོང་ཁང་གི་ཕྱི་རུ་བུད། གཞོན་ནུའི་འགྲམ་བརྒྱུད་ནས་འགྲོ་སྐབས། སླར་ཡང་ཁོ་གཉིས་ཀྱི་མིག་མདངས་ཕྲད། ཁོའི་གཟེངས་མཐོ་བའི་སྣ་ཡི་གོང་དུ་ཆ་ག་ཅན་གྱི་མིག་ཟུང་སྒོར་མོ་འོད་མཚེར་བ་ཞིག་འདུག་ཅིང་། མོས་འོད་མཚེར་བ་དེ་ལས་གཞི་ནས་གཞོན་ནུས་མོ་ལ“ལྐོག་ལྟ”བྱེད་དོན་ཚོར་བར་གྱུར། དེར་བྲག་ངོས་ཀྱི་ཤུག་སྡོང་ལྟ་བུའི་ཁེར་རྐྱང་ཞིག་དང་ཕུ་འདེབས་བཞིན་པའི་མེ་བོང་ལྟ་བུའི་འདོད་པ་ཤིན་ཏུ་དམར་སེར་དུ་གྱུར་བ་ཞིག་གསལ། དེ་ལས་མོ་རང་གི་སྔོན་གྱི་བར་སྐབས་ཤིག་གི་གཟུགས་བརྙན་ཡང་མཐོང་། མོས་ཁོ་ལ་ཕུར་ཚུགས་སུ་བལྟས་པར། ཁོས་མིག་གིས་ཡུན་རིང་ལྟ་མ་ཕོད་པར་གཡོན་ཕྱོགས་སུ་མགོ་དཀྱོགས་ཤིང་། གདོང་དང་ལུས་ཧྲིལ་བོར་འཚུབ་ཆ་ལངས་པས་མོ་རང་དགོད་ཤོར། སྟབས་ལེགས་ནས་ཟེར་དགོས་པ་རེད་དམ་གང་ལྟར། མོ་དགོད་ཤོར་བ་དེས་ཁོ་ལ་སྤོབས་པ་བསྐྱེད་པར་བྱས་པ་སྟེ། ནུབ་མོ་དེར། གཞོན་ནུ་མོའི་ཁང་མིག་ཏུ་སླེབས།
དགོང་མོའི་ཆུ་ཚོད་བཅུ་གཅིག་པའི་སྐབས་སུ། འཛོམས་སྐྱིད་སྒྲོལ་མས་སྒོ་ཡང་མོར་རྡུང་བའི་སྒྲ་ཞིག་ཐོས། ད་རག་བར་སྒོ་ཐད་ཀར་ཕྱེས་ནས་འོངས་པ་ལས། སྒོ་རྡུང་མཁན་ཞིག་ནི་མ་བྱུང་། སུ་ཡིན་ནམ། འཛོམས་སྐྱིད་སྒྲོལ་མ་སོང་ནས་སྒོ་ཕྱེས།
ཉིན་དཀར་ཕྲད་མྱོང་བའི་གཞོན་ནུ་དེ་རེད་འདུག ཁོས་མོའི་གདོང་ལ་ཐད་ཀར་ལྟ་མ་ཕོད་པ་དང་ཡང་གཞན་གྱིས་མཐོང་དོགས་ནས་གཡས་གཡོན་ལ་བལྟས་ཤིང་། ཅུང་ཟད་འདར་བའི་གདངས་དང་བཅས་ང་ནང་དུ་ཡོང་ཆོག་གམ་ཞེས་དྲིས།
མོས་ཁོ་ནང་ལ་ཡོང་ཆོག་པའི་བརྡ་བསྟན།
མོའི་ཁང་མིག་ཆུང་ངུ་དེ་ཁོའི་མིག་ལམ་དུ་སྣང་། ཁང་མིག་དེར་ཅ་ལག་ཉུང་ལ་གྲལ་དག་ཅིང་གཙང་བ་ནི་ཁོའི་བློ་ཡུལ་ལས་འགོངས། འོན་ཀྱང་། གྱང་རྩི་ཡིན་ནམ་ཅི་དྲི་མ་མཚར་བོ་ཞིག་འདུག་པ་ཚོར།
ཁོས་མོའི་སྡོད་ཤག་ལ་སྐོར་ལྟ་བྱས་པ་དེས་འཛོམས་སྐྱིད་སྒྲོལ་མ་ངོ་ཚ་ནས་གདོང་དམར་པོར་གྱུར། མྱུར་ཏུ“ཁྱོད་སུ་ཡིན། དོན་དག་ཅི་ཡོད”ཅེས་དྲིས།
“ངའི་མིང་ལ་ཤེས་ཁོ་ཟེར།”ཁོས་གདོང་འཛོམས་སྐྱིད་སྒྲོལ་མར་ཕྱོགས་ནས་དེ་ལྟར་བཤད་པ་དང་། མྱུར་ཏུ་གཡས་ལག་ཏུ་རིལ་མོ་བྱས་ནས་བལྟབས་འདུག་པའི་ཤོག་སྒོར་མོ་ལ་གཏད། “ངས་སྒོར་མོ་ཁྱེར་ཡོད”ཟེར།
མོས་གཞི་ནས་ཧ་གོ་སོང་། འོན་ཀྱང་། ཁོས་མགྲོན་ཁང་གི་སྦྱིན་བདག་མ་མ་བརྒྱུད་པར་ཇི་ལྟར་མོ་ཡོད་ས་ཤེས་པ་ཡིན་ནམ།
“ཁྱོད་སྔོན་ལ་མགྲོན་ཁང་གི་སྦྱིན་བདག་མའི་སར་འགྲོ་དགོས། གཤམ་ནས་མ་ཕྲད་དམ།”
“ཕྲད་མ་སོང་། མོ་མི་འདུག”
“སྔོན་ལ་མོ་ལ་བཤད་དགོས། ཁྱོད་གཤམ་དུ་སོང་ནས་མོ་ལ་སྒུགས།”
“འོན་ཀྱང་། ང་ཅུང་ཟད་ནས་མྱུར་དུ་ཕྱིར་ཁྱིམ་ལ་ལོག་དགོས།”
“འོ་ན་སང་ཉིན་ཤོག”
“སང་ཉིན། ང་ཕྱིར་སློབ་གྲྭར་འགྲོ་དགོས།”
ཁོ་སློབ་མ་ཞིག་ཡིན་པ་ཤེས་པས་འཛོམས་སྐྱིད་སྒྲོལ་མ་ལ་སྤྲོ་ཚོར་ཞིག་སྐྱེས། “འོ་ན་སློབ་གྲྭ་གྲོལ་རྗེས་ཤོག”མོའི་སྐད་གདངས་ལ་ཀུ་རེ་དང་བསྙད་རྐོ་བའི་གདངས་ཤིག་འདྲེས།
“སང་ཉིན་ནས་བཟུང་། དབྱར་གནང་སྟེར་རག་བར་སློབ་གྲྭ་མི་གྲོལ། དབྱར་གནང་ལ་ང་འདིར་ཡོང་མི་ཐུབ། འབྲོག་ལ་འགྲོ་དགོས།”
འཛོམས་སྐྱིད་སྒྲོལ་མས་འཚུབ་ཆས་མིད་པའང་སྐམ་ལ་ཁད་བྱེད་ཀྱིན་པ་དང་། མོ་ལ་རང་གི་གཅེས་མིང་བཤད་མཁན་“བྱིས་པ”དེར་བལྟས་ནས་དགོད་ཤོར། མནོ་བསམ་ཅུང་ཟད་བཏང་རྗེས། མོས “སྒོར་མོ་གན་ལ་ཞོགས”ཟེར། སྔས་མགོའི་ཅོག་ཙེ་བསྟན།
གཞོན་ནུས་མོས་དང་ལེན་བྱས་པ་ཤེས་པས་གདོང་ལ་འཛུམ་ཆུང་རྒྱས་ཤིང་། མྱུར་ཏུ་ལག་མཐིལ་དུ་ཚ་བོར་ཆགས་པའི་དངུལ་བལྟབས་མ་དེ་དག་ཅོག་ཙེའི་སྟེང་བཞག སྔས་མགོའི་ཕྱོགས་གཞན་དེར་གྱོན་པ་འགེལ་ས་ཞིག་འདུག་ཅིང་། འཛོམས་སྐྱིད་སྒྲོལ་མ་དེའི་འཁྲིས་སུ་སོང་ནས་སྟོད་ལྭ་ཕུད་ནས་བཀལ་བ་དང་། རྐང་སྣམ་འཕུད་རྩིས་ཀྱིས་ཕྱིར་ཁོ་ལ་བལྟས་པར། ཁོས་ཉིན་དེར་སྨན་འཚོང་སར་མོ་ལ་ལྐོག་ལྟ་བྱེད་པ་ནང་བཞིན་བལྟས་འདུག་པས། མོས“ཁྱོད་ཀྱིས་བལྟས་སྡོད་ཀྱི་ཡིན་ནམ”ཞེས་ལྡོག་འདྲི་བྱས།
ཁོས་དེ་འཕྲལ་གློག་འཁྱུག་པ་བཞིན་སྟོད་ལྭ་ཕུད་ནས་ཁོག་སྟོད་གཅེར་བུར་མངོན། འཛོམས་སྐྱིད་སྒྲོལ་མ་ཁོའི་བྱེད་སྟངས་ཀྱིས་སྐད་ཆེན་པོས་དགོད་ཤོར། ཁོ་དོགས་མ་བདེ་བར་ལག་པ་གཉིས་ཀྱིས་སྟོད་ལྭ་བཟུང་ནས་བྲང་ལ་སྦྱར། དེ་ནི་གཞན་ཞིག་གིས་ཁོ་ལ་དབང་ཡོད་བྱ་རྩིས་ཡོད་པ་དང་འདྲ། ཞེད་སྣང་དེ་འཛོམས་སྐྱིད་སྒྲོལ་མ་ལ་གསལ་ཆ་ཅི་བས་ཆེ། མོའི་སེམས་སུ་ཁོ་ལ་སྙིང་རྗེ་ཞིག་སྐྱེས་ཤིང་། ཁོ་དང་སེམས་ཐག་ཇེ་ཆེར་གྱུར། མོ་ཉལ་ཁྲིའི་སྟེང་དུ་ཙོག་སྟེ་བརྩེ་བ་དང་བཅས། ཤོག་དང་། ཞེས་ཁོ་ལ་ལག་བརྡ་བྱས། ཁོ་དལ་བུར་མོའི་སར་ཕྱོགས་མོད། དངངས་འཚུབ་སྔར་སྐྱེ་མ་མྱོང་བ་ཞིག་སྐྱེས་ཤིང་དེར་སླེབས་པར་བློ་འགྱོད་ཕྲན་བུའང་ཤོར།
མོས“ཐེངས་དང་པོ་ཡིན་ནམ”ཞེས་དྲིས།
དྲི་བ་དེས་ཁོ་ཅུང་ཟད་ཁ་སྐྱེངས་པ་དང་མགོ་བོ་ནང་དུ་ལྡེམ་ཙམ་བྱས།
མོས་ཁོའི་གཅེར་བུར་ཕུད་པའི་ཁོག་སྟོད་ལ་སེམས་གསོའི་ཚུལ་དུ་བྱིལ་བྱིལ་ཐེངས་ཤིག་བྱས། གཞི་ནས་ཁོའི་འཇིང་པ་དང་། དཔུང་པ་དང་། ཁོག་སྟོད་ཀྱི་རྒྱབ་མདུན་དུ་གསེར་མདོག་གི་སྤུ་ཆུང་སྐྱེས་པ་མཐོང་།
མོས་མྱུར་དུ་ཅི་ཞིག་དྲན་པ་ལྟར། ཉལ་ཁྲི་ལས་མར་བབས་ཤིང་། གཡས་ཀྱི་སྒམ་ལས་གདན་ཞིག་བླངས་ཏེ། ཁྱོད་མར་བོབས་དང་ཞེས་བཤད།
ཁོས་ཅི་རེད་དྲིས་པར། ཉལ་གདན་བརྗེ་བསམ་པ་ཡིན་ཟེར།
ཁོ་མར་བབས། མོས་ཉལ་གདན་རྙིང་པ་དེ་བཤུས་ཤིང་རིལ་རིལ་བྱས་ཏེ། ཆ་སྒམ་གྱི་འཐེན་སྒམ་ཞོལ་མའི་ནང་དུ་བཅུག ཁོས་མོ་ལ་བལྟས་བསྡད་པར། མོས་རོགས་བྱོས་དང་ཟེར།
ཁོ་ཉལ་ཁྲི་ཆེན་པོ་དེའི་གཡས་སུ་དང་འཛོམས་སྐྱིད་སྒྲོལ་མ་གཡོན་དུ་བསྡད་ནས་གཙང་མར་བཀྲུས་ཡོད་པའི་ཉལ་གདན་ཐལ་སྐྱ་སྟེང་དུ་མེ་ཏོག་པདྨའི་རི་མོ་ཅན་དེ་རིང་ཐུང་རན་པར་བཏིངས།
“ཁྱོད་ཀྱིས་ང་འདིར་ཡོད་པ་ཇི་ལྟར་ཤེས”ཞེས་འཛོམས་སྐྱིད་སྒྲོལ་མས་མལ་གདན་འདིང་ཞོར་དྲིས།
“གཞན་གྱི་ཁ་ནས་ཐོས་པ་ཡིན། ཁོ་ཚོས་ཁྱོད་ལོ་གཞོན་ལ་ཤིན་ཏུ་ཡག་ཟེར་གྱི་འདུག དངོས་གནས་ཀྱང་དེ་འདྲ་རེད”ད་ལྟ་ཁོའི་སྤོབས་པ་ཏོག་ཙམ་ཆེ་རུ་གྱུར།
“དེ་མ་གཏོགས་ཅི་ཟེར་གྱིན་འདུག”
“དེ་མ་གཏོགས་ལུས་ལ་མེ་ཏོག་གི་དྲི་བྲོ་ཟེར།”
འཛོམས་སྐྱིད་སྒྲོལ་མ་དགོད་ཙམ་བྱས་ནས“ཁོ་ཚོས་རྫུན་ལབ་ཀྱི་ཡོད་པ་རེད”ཅེས་བཤད།
“ང་དེ་ལ་ཡིད་ཆེས།”
ད་ནི་ཉལ་གདན་ཡོངས་སུ་བཏིང་ཚར། འཛོམས་སྐྱིད་སྒྲོལ་མ་ཉལ་ཁྲིའི་སྟེང་དུ་བུད།
ཁོ་ལ་ཡང་བསྐྱར་འཚུབ་ཆ་ལངས། མོ་གན་རྐྱལ་དུ་ལོག་པ་དང་ཁོའི་ལག་མགོ་ནས་འཐེན་ཏེ། མོའི་འགྲམ་དུ་མོ་ལྟར་གན་རྐྱལ་དུ་ལོག་པར་བསྐུལ། ཁོ་གཉིས་ད་ལྟ་གན་རྐྱལ་དུ་གཤིབ་ནས་བསྡད་ཡོད་ལ། མིག་ཟུང་གིས་གནམ་གཅལ་དུ་བཏགས་པའི་གློག་སྒྲོན་སྒོར་དབྱིབས་སུ་ཡོད་པ་དེ་ལ་བལྟས། ཁོ་གཉིས་དར་ཅིག་ལ་སྨྲ་བ་ཅི་ཡང་མེད་པར་ལུས། ཁོར་ཡུག་ཁ་ཁུ་སིམ། གཞོན་ནུའི་རྣ་ལམ་དུ་རང་གི་བྲང་ཁོག་དུ་རྔ་རྡུང་བའི་སྒྲ་ཐོས། གཞོན་ནུའི་རྣམ་འགྱུར་གྱིས་ཡིན་ནམ། འཛོམས་སྐྱིད་སྒྲོལ་མ་ལའང་དེ་འདྲའི་ཚོར་བ་ཞིག་སྐྱེ་མ་མྱོང་། སྔོན་ཆད་ནི་དྲག་ཆར་དང་ཐོག་གློག་གིས་ཁེངས། ད་རེས་ཀྱི་གནས་སྐབས་འདི་དྲག་ཆར་སྔོན་གྱི་ཞི་བ་ཡིན་ནམ། ཡང་ན་དྲག་ཆར་དང་ཁྱོན་ནས་འབྲེལ་བ་མེད་དམ། ཁོ་གཉིས་ད་ལྟ་མཚན་མོར་དགུང་གི་སྐར་ཚོགས་ལ་བལྟ་བཞིན་པའི་མཐོ་སྒང་གི་བྱིས་པ་གཉིས་དང་འདྲ།
དེ་ནས་མོའི་གདོང་ཁོ་ལ་ཕྱོགས། ཁོས་མུ་མཐུད་དགུང་གི་སྐར་ཚོགས་ལ་བལྟས་ཏེ་འདུག་ཅིང་། འཛོམས་སྐྱིད་སྒྲོལ་མས་ཁོའི་བྲང་ཁོག་གི་རྔ་སྒྲ་ཐོས་པ་འདྲ་སྟེ། ཁོའི་སེམས་ལྷོད་ལ་འབབ་ཆེད་དུ་བྱིལ་བྱིལ་བྱས་ཤིང་། ཁོའི་གདོང་དང་རྣ་བར་འོ་བྱས།
མོ་དང་འབྲེལ་འདྲིས་བྱུང་མྱོང་བའི་དར་མ་དེ་དག་གི་གཟུགས་པོ་ལ་བསམ་ཚེ། ཁོའི་ལུས་པོ་ནི་གསེར་སེར་པོས་བཟོས་པ་དང་འདྲ། ལུས་པོ་འཇམ་ཞིང་ནེམ་ཤ་རྒྱས། དྲོད་ཀྱིས་ཁེངས། མོས་ལག་པས་བྱིལ་བྱིལ་བྱེད་ཞོར་གལ་སྲིད་དེ་སྔ་རང་གིས་ཁྲུས་ཤིག་བྱེད་ཐུབ་ཡོད་ན་ཨང་སྙམ།
འཛོམས་སྐྱིད་སྒྲོལ་མའི་ལག་ཁྲིད་འོག་ཁོ་གཉིས་གཞི་ནས་མཐའ་མི་མངོན་པའི་གཙང་བོ་དེར་ཞུགས། འཛོམས་སྐྱིད་སྒྲོལ་མས་མི་ཚེའི་སྟེང་ཐོག་དང་པོར་གཙང་ངོས་ཀྱི་རླངས་པ་དང་། བཞུར་རྒྱུན་ཚོར། གཙང་བོའི་གཏིང་གི་ལྷིང་འཇགས་དང་། ཟབ་བརླིང་ཚོར། ཡུན་གྱིས་ཁོ་གཉིས་ཞུགས་པའི་གཙང་བོ་ནི་མེར་མེར་ཡམ་ཡོམ་ལྷོག་ལྷོག་ཆལ་ཆིལ་ཤིག་ཤིག་གཡོ་བའི་མུ་མེད་ཞིང་ཁའི་སྙེ་མ་དང་འདྲ་སྟེ། ན་གཞོན་འདི་གཉིས་ཆུ་རླབས་ཀྱིས་དེད་དེ་རླབས་རྩེར་བསྐྱོམ་ཞིང་ཡང་ཡང་མཁའ་ལ་བཏེགས།
གལ་སྲིད་གནས་ཆེན་ཁག་ལ་གནས་སྒོ་འབྱེད་རྒྱུ་ཡོད་པ་བཞིན། མིའི་ལུས་ལ་སྒོ་འབྱེད་རྒྱུ་ཞིག་ཡོད་ཚེ་འཛོམས་སྐྱིད་སྒྲོལ་མའི་ལུས་ཀྱི་སྒོ་འབྱེད་མཁན་དེ་ནི་ན་གཞོན་གསེར་གྱི་ལུས་ཅན་གཅེས་མིང་དུ་ཤེས་ཁོ་ཟེར་བ་འདི་ཡིན་ལ། ཤེས་ཁོའི་སྒོ་འབྱེད་མཁན་ཡང་ལས་དབང་གིས་འཛོམས་སྐྱིད་སྒྲོལ་མར་འབོད་པའི་བུ་མོ་འདི་ཆགས།
དུས་ཚོད་ཅི་ཙམ་འགོར་ཡང་མ་གསལ། ཡང་ཡང་གཙང་བོར་ཞུགས་རྗེས་ད་ལྟ་ཁོ་གཉིས་ལས་ཀྱིས་བསྐོས་པའི་བཟའ་ཚང་ཞིག་ལྟར་ཕན་ཚུན་འཁྱུད་ཅིང་། བརྩེ་བའི་ངང་འོ་བྱས། སླར་ཡང་གན་རྐྱལ་དུ་ལོག་ནས་གནམ་གཅལ་ངོས་ཀྱི་གློག་སྒྲོན་ལ་དམིགས་མེད་དུ་ཅེར། ད་ནི་དབྱར་དུས་ཆུ་རྐྱལ་རྗེས་ལ་ཉི་མར་ལྡེ་བའི་མཐོ་སྒང་གི་གཞོན་ནུ་ཕོ་མོ་གཉིས་དང་འདྲ་སྟེ། ཉལ་ཁྲིའི་ཁ་གཏད་ཀྱི་གྱང་ལྡེབས་གཡོན་ངོས་སུ་སྦྱར་འདུག་པའི་མེ་ལོང་ངོས་སུ་ཆ་ཚང་མི་མཐོང་ཡང་གསེག་ངོས་ཤིག་ནས་ད་ལྟའི་སྣང་བརྙན་དེ་ཟིན་ཐོར་བཀོད། གལ་སྲིད་ཁོ་གཉིས་ཀས་མེ་ལོང་ངོས་ཀྱི་གཞོན་ནུ་ཕོ་མོ་ཟུང་དེ་མཐོང་བ་ཡིན་ཚེ། ཆེས་ཐོག་མར་སྒྱུ་རྩལ་པར་རིས་ཤིག་ཏུ་འཁྲུལ་སྲིད་ལ། གློག་སྒྲོམ་དང་། ཉལ་ཁྲི། ཕྱེད་ཀ་ཙམ་ལས་མི་མཐོང་བའི་གདོང་དབྱིབས་བཅས་ནས་ཡུན་གྱིས་ད་གཟོད་ཕོ་མོ་ཟུང་དེ་མ་གཞི་ཁོ་གཉིས་ཀ་ཡིན་པ་དང་། ཁྱུག་ཙམ་ལས་མ་བྱུང་བའི་དུས་སྐབས་དེ་ནི་ཕན་ཚུན་གྱི་མི་ཚེའི་ནང་རྡོ་ལ་རི་མོ་བརྐོས་པ་བཞིན་བརྗེད་ཐབས་མེད་པ་རྟོགས་སྲིད།
ནུབ་མོ་དེར་ཁོ་གཉིས་ནས་སླར་ཡང་འཛོམས་པའི་དུས་ཆད་བཏབ། གཞོན་ནུས་དབྱར་གནང་བྱིན་རྗེས་ངེས་པར་མོ་ལ་ལྟ་རུ་ཡོང་ཟེར། ད་དུང་ཁྱོད་ཀྱིས་ལས་ཀ་ཞིག་བརྗེས་ན་མི་ཆོག་གམ། ཟ་ཁང་གི་ཞབས་ཞུ་བ་དང་སྒོ་རྩིས་ཚོང་ཁང་གི་རྩིས་རྒྱག་མཁན་སོགས་གང་རུང་གི་ལས་ཀ་ཞིག ངེས་པར་དུ་ལས་ཀ་བརྗེ་རོགས་ཞེས་ཞུ་བ་བྱས། མོས་ཀྱང་དེ་ལྟར་བྱེད་ཅེས་ལན་བཏབ།
གཞོན་ནུ་འགྲོ་ཁར་མོས་སྔས་མགོའི་སྒྲོག་ཙེའི་སྟེང་བལྟབས་ནས་བཞག་འདུག་པའི་དངུལ་སྒོར་དེ་དག་སླར་གཞོན་ནུའི་ཨམ་ཕྲག་ཏུ་བཅུག
ཡུན་གྱིས་འཛོམས་སྐྱིད་སྒྲོལ་མས་ཞོགས་ཟས་བཟའ་མི་འདོད་པར་འདུག་ཅེས། འོ་ཇ་རྐྱང་བ་བཏུང་། ཐེངས་ཤིག གསེར་མཚོས“ཞོགས་ཟས་བཟའ་མི་འདོད་པ་ནི་ནད་ཅིག་གི་རྐྱེན་ཡིན་ཐག་ཆོད།”ཟེར་ནས་མོའི་ཐོད་པར་རེག
“ནད་ཅི།”
“དྲན་ནད། དྲན་ནད་ཕོག་དུས་ཞོགས་ཟས་བཟའ་མི་འདོད།”
མོ་དགོད་ཤོར་ནས་གསེར་མཚོའི་པྲ་ཚགས་ལ་ཁུ་ཚུར་གྱིས་ཡང་མོར་གཞུས། མཚན་མོ་དེའི་དོན་དག་གསེར་མཚོས་ཤེས་པས། དུས་རྒྱུན་མོ་ལ་ཀུ་རེ་འདྲ་མིན་རྩེ་ཡི་ཡོད།
“དྲན་ནད། དངོས་གནས་དྲན་ནད་ཅེས་པ་དེ་ཡིན་ནམ། ཁོ་ལ་ནད་འདི་ཕོག་ཡོད་དམ།”མོས་དེ་ལྟར་བསམ། སྐབས་རེར་མོས་ཁོ་རང་ཞེ་ལ་འཁོར་སྐབས། དྲོད་ཀྱི་རྒྱུན་ཞིག་སྙིང་གི་དཀྱིལ་ནས་བྲང་ཁོག་དང་། བྲང་ཁོག་ནས་ལྟེ་བ། ལྟེ་བ་ནས་བརླ་རྩ། དེ་ནས་བརླ་ངོས་སུ་མཆེད་ཡོང་ལ། དེ་འདྲ་ད་སྔོན་ནམ་ཡང་བྱུང་མྱོང་མེད།
ཟླ་བ་འགའ་ཤས་འདས་སོང་། མོས་གཞན་ལ་དྲི་བ་བྱས་པ་བརྒྱུད། སློབ་གྲྭ་ཁག་གི་དབྱར་གསེང་ནི་སྔ་མོ་ནས་མགོ་བརྩམས་པ་མ་ཟད་རྫོགས་ལ་ཉེ་ཡི་ཡོད་པ་རྟོགས། ཁོ་ད་དུང་མི་སླེབས་དོན་ཅི་ཡིན་ནམ།
མཐར་གསེར་མཚོས་མོ་ལ་རང་གིས་སྡུག་མྱངས་པ་ལས་མེད་ཅེས་དང་། འཇིག་རྟེན་སྟེང་གི་སྐྱེས་པ་ཚང་མ་གཅིག་ཡིན་ཚུལ་སོགས་རང་གི་ཉམས་མྱོང་དཔེར་བཞག་ནས་བཤད།
གསེར་མཚོས་རང་གི་ཉམས་མྱོང་གླེང་དུས་རང་ལོ་ཉེར་ལྔ་ཡིན་དུས་ཕྲད་པའི་སྐྱེས་པ་ཞིག་ཐེངས་མང་པོར་གླེང་གི་ཡོད། མཐར་གསེར་མཚོས་ཕྱོགས་སྡོམ་གྱི་ཚུལ་དུ། “དཔེར་ན། དུས་རྒྱུན་ཆུང་མར་ཤ་ཚ་མདོག་ཁ་ཞིང་། བརྩེ་དུང་ཟབ་མདོག་སྟོན་རྒྱུར་དགའ་བའི་རྒྱབ་ཀྱི་བོད་ཟས་ཟ་ཁང་གི་སྦྱིན་བདག་ཀྱང་ངའི་བརླ་བར་ནས་བྱིས་པ་ཞིག་དང་འདྲ། དེ་བས་འཇིག་རྟེན་མི་ཡུལ་འདིར་དངུལ་སྒོར་ལས་རློམ་ཆོག་པ་གཅིག་ཀྱང་མེད”ཟེར།
དེ་ལྟ་ནའང་། རྒྱབ་དང་འཇིང་པ་དང་། དཔུང་པ་ལ་གསེར་མདོག་གི་སྤུ་ཆུང་སྐྱེས་པའི་གཞོན་ནུ་དེ་མོའི་ཡིད་ངོས་སུ་བསུབ་ཐབས་མ་བྱུང་། མ་ཟད་རྟག་པར་ལྡེབས་ངོས་སུ་གཅིག་པུར་བཀལ་བའི་འདྲ་པར་ཞིག་ལྟར་ཞེ་ལ་མངོན་གྱི་ཡོད།
ལྔ།
འཛོམས་སྐྱིད་སྒྲོལ་མས་གསེར་མཚོ་བཞིན་ཡི་གེ་ཤེས་པ་མེད་པས། ཁོམ་ཡོད་དུས་མཚམས་རེར་ལག་འཁྱེར་ལས་གླུ་དབྱངས་གཏོང་བ་དང་མཚམས་རེར་མེ་ལོང་ལ་བལྟས་ནས་མཛེས་བཟོ་བྱེད།
“ཅི་ཞིག་རེད། ང་ལ་ཤོད་དང་།”
མོས་དུས་དེབ་ཅིག་ཀློག་བཞིན་པའི་གསེར་མཚོའི་གདོང་གི་འཛུམ་མདངས་དེ་མཐོང་ནས་དེ་ལྟར་དྲིས། གསེར་མཚོས་མུ་མཐུད་དུ་འཛུམ་དང་བཅས་དུས་དེབ་དེར་བལྟ་བ་ལས་ཅི་ཡང་མ་བཤད། “ཨ་ཅེ་ལོ་ལོ། གཅིག་ཤོད་དང་ཁ་མཚར་འདྲ་རེད་དམ།”
“མ་རེད། ཁྱིམ་ཚང་ཞིག་ལ་བྱིས་པ་མཚེ་མ་ཞིག་སྐྱེས་པའི་གསར་འགྱུར་ཞིག་རེད”
“མཚེ་མ་ཨེ། འདྲ་པར་འདུག་གམ།”
མོ་མྱུར་ཏུ་གསེར་མཚོའི་གམ་དུ་བརྒྱུགས། “ངས་ཀྱང་འདྲ་པར་འཚོལ་གྱིན་ཡོད།”
མོ་གཉིས་ཀྱིས་རྒྱ་ཡིག་གི་དུས་དེབ་དེ་ཕར་བསློག་ཚུར་བསློག་བྱས། “འདི།” མིག་མདུན་དུ་བཟའ་བ་གཉིས་དང་བྱིས་པ་དམར་འབྱར་གཉིས་ཀྱི་འདྲ་པར་མངོན། “ཨ་ཙི། སྙིང་རྗེ་བ་ལ།” འཛོམས་སྐྱིད་སྒྲོལ་མས་ཁ་ནས་དེ་ལྟར་ཤོར་ཞིང་གདོང་ལ་དགའ་བའི་འཛུམ་ཤར་ཏེ་ཞིབ་མོར་བལྟས། གསེར་མཚོས་པར་གཤམ་གྱི་ཡིག་ཕྲེང་དེ་ཚོར་ཅུང་ཙམ་བལྟས་རྗེས“འདི་གཉིས་དབུལ་བོ་དབུལ་ནག་ཞིག་རེད། དེ་བས་བྱིས་པ་གཉོར་སྐྱོང་གི་རོགས་དངུལ་རེ་སྐུར་རོགས། མིན་ན་བྱིས་པ་གཅིག་གཞན་ལ་སྟེར་རྒྱུ་ལས་ཐབས་མི་འདུག འོ་ཕྱེ་ཕར་ཞོག ཆུ་སྟན་ཉོ་བྱེད་ཀྱིས་ཁོ་གཉིས་ཀྱི་དངུལ་ཁུག་སྟོང་བར་ཕུད་འཇོག་གི་འདུག་ཅེས་ཟེར་གྱིན་འདུག”གསེར་མཚོས་དེ་ལྟར་ཟེར་ཞོར་དུས་དེབ་དེ་མོའི་ལག་ཏུ་བཞག
འཛོམས་སྐྱིད་སྒྲོལ་མས་རང་གི་ཁ་པར་རྙིང་བ་དེས་མཚེ་མ་དེ་པར་བླངས་ཤིང“ཨཱ། ཇི་འདྲའི་སྙིང་རྗེ་བ་ལ། འདི་གཉིས་འདི་ཙམ་ཆུང་བར་བལྟས་ན་བུ་མོ་གཉིས་ཡིན་འདུག”ཅེས་བཤད་པར། གསེར་མཚོས་སྒེའུ་ལས་ཕྱི་རོལ་ལ་ལྟ་བཞིན“བུ་ཞིག་དང་བུ་མོ་ཞིག་ཡིན་ཞེས་དེའི་གཤམ་དུ་བྲིས་འདུག”ཅེས་བཤད།
“བུ་ཞིག་དང་བུ་མོ་ཞིག་ཨེ། འོ་ན་གཡས་ཀྱི་འདི་བུ་ཡིན་པ་འདྲ། སྣའི་གཟེངས་མཐོ་ལུགས་ལ་བལྟས་ན།”འཛོམས་སྐྱིད་སྒྲོལ་མས་རང་གི་ཁ་པར་རྙིང་པ་དེས་དུས་དེབ་སྟེང་གི་མཚེ་མའི་པར་ལ་པར་ཡང་ཡང་བླངས། མཚམས་ཤིག་མོས་ཀྱང་དངུལ་ཏོག་ཙམ་བསྐུར་དགོས་ཟེར།
“ཁྱོད་ཀྱིས་དངུལ་སྐུར་ཨེ།”
“ཨ་ཅེ། ཕ་མ་འདི་གཉིས་ཀྱིས་ངོ་མ་དཀའ་ཡི་ཡོད་རྒྱུ་རེད་མ་གཏོགས་མཚེ་མ་ཞིག་གི་ཁ་ག་ལ་བཀར། གཞན་ཞིག་ལ་བྱིན་ན་དེས་ཡག་པོ་གསོ་མིན་ཡང་སུས་ཤེས།”
“གླེན་མ་འདི། འདི་དག་ངོ་མ་ཡིན་མིན་སུས་ཤེས། དེང་སང་མགོ་གཡོག་མཁན་མང་པོ་ཡོད།” གསེར་མཚོས་མེ་ལོང་ནང་ལ་ལྟ་ཞོར་དེ་ལྟར་བཤད།
“ངོ་མ་མིན་ན་དེབ་ཀྱི་སྟེང་འགོད་མི་སྲིད།”
འཛོམས་སྐྱིད་སྒྲོལ་མས་ཚིག་ཐག་ཆོད་པོས་སྨྲས།
གསེར་མཚོས་མུ་མཐུད་མཛེས་བཟོ་བྱས་ཤིང་མེ་ལོང་དུ་ལྟ་ཞོར་སྐྲ་ལོའི་ལན་བུ་ཡང་བསྐྱར་ཐེངས་ཤིག་ཤད་བྱུང་། དེ་ནི་ཁ་དོག་དམར་སེར་དུ་བྱས་ཡོད་པའི་ལན་བུ་ཞིག་སྟེ། ཡང་ཡང་ངར་སྲེག་བྱས་པས་ཟིང་པོར་ཆགས་ཡོད། “ཁ་སང་གི་མིག་ཤེལ་ཅན་དེ་སྨྱོན་པ་ཞིག་རེད། མགོ་སྐྲ་གསིག་འཐེན་བྱས་ནས་ཅི་བྱེད། ཨ་ན་ན། ངོ་མ་སྨྱོན་པ་རང་རེད”ཟེར་ཞིང་དེ་ནས་ཕྱེ་ལེབ་དབྱིབས་ཅན་གྱི་སྐྲ་འཛིན་དམར་ཁྲ་དེས་བསྡམས།
“ད་ལན་ངས་དངུལ་ཅུང་ཟད་ཙམ་ཁྱིམ་ཚང་འདིར་ངེས་པར་བསྐུར་དགོས”འཛོམས་སྐྱིད་སྒྲོལ་མས་སེམས་ཐག་བཅད་པ་ཤེས་པས་གསེར་མཚོས་ཀྱང“རང་གིས་ལྟོས། ལོ་མཇུག་ཏུ་འུ་གཉིས་སྐུ་འབུམ་ལ་མཇལ་སྐོར་ཞིག་ངེས་པར་ལེན་དུ་འགྲོ དེའི་འཆར་གཞི་ཁྱོད་ཀྱིས་ཀྱང་ཁོད། རང་གིས་རང་ཁ་སོས་ཀྱིན་མེད་པར། གཞན་ཁ་གསོ་བྱེད་ཞིག་ཁྱོད་ལ་མཛའ་འམ”ཟེར།
ཅུང་ཟད་ནས་མོས་སྔོན་ཆད་འཛོམས་སྐྱིད་སྒྲོལ་མས་ཁོ་མོ་བཙའ་སྐབས་མཚེ་མ་ཞིག་ཡིན་ཚུལ་དང་ཁོ་མོ་བཙས་ནས་ཁྱེའུ་གཉིས་པ་དེ་བཙའ་སྐབས་སུ་ཨ་མ་གློ་བུར་དུ་ན་ནས་བཙའ་མ་ཐུབ་པར་མ་བུ་གཉིས་ཀ་ཤི་བ་བཤད་མྱོང་བ་ཡིད་ལ་འཁོར་བས་མྱུར་དུ“སྦྱིན་པའི་ཕན་ཆོད་ལ་ཆོས་མེད་ཟེར། ཞལ་འདེབས་རེ་བྱེད་ཐུབ་ན་ལོས་བཟང་།”ཞེས་བཤད།
འཛོམས་སྐྱིད་སྒྲོལ་མས་ཡི་གེ་ཡག་པོ་མི་ཤེས་ཀྱང་དངུལ་ཁང་ནས་དངུལ་སྐུར་ཤེས་པས། ཁོམ་ཡོད་ཐོག་ནས་མྱུར་དུ་འགྲོ་རྒྱུ་བྱས།“དེས་ན་མགྲོན་བདག་རྒྱ་རྒན་མར་ཅི་ཟེར”མོས་ཅུང་སེམས་ཁྲལ་དང་བཅས་གསེར་མཚོ་ལ་བལྟས། མོའི་དྭངས་ཤིང་གཙང་བའི་ཁྲ་ཆུང་གི་མིག་ཟུང་དེས་དེ་ལྟར་ལྟ་ཐེངས་རེར་གསེར་མཚོས་རང་ཉིད་ཉེས་པ་ཅན་ཞིག་ཡིན་བསམ། གསེར་མཚོ་ནི་ཆེད་སྦྱོང་སློབ་གྲྭ་མཐར་ཕྱིན་རྗེས། ལས་ཀ་ཡག་པོ་ཞིག་མ་རྙེད་པས། ཕ་མའི་འདུན་པ་ལྟར་འབྲོག་ལས་གཉེར་རྒྱུ་བྱས་པར་མ་ཟད། མོ་ཆུང་དུས་ནས་ནོར་ལུག་ལ་ལོབས་ཡོད་པས་མི་དགའ་བ་མེད་ནའང་། སྐྱེ་ཁམས་གནས་སྤོར་གྱི་སྲིད་ཇུས་སླེབས་རྗེས། ཕ་ཡུལ་ཕྱོགས་སུ་འབྲོག་ལས་བྱེད་སའང་ཆེན་པོ་མེད་རྐྱེན་གྲོང་དང་གྲོང་ཁྱེར་ཞིག་ནས་སྡོད་ཐབས་མི་བྱེད་རང་བྱེད་ཆགས། དེའི་སྟེང་ལ་བརྩེ་དུང་གི་རྒྱབ་འགལ་སྔ་ཕྱིར་ཐེངས་གཉིས་ལ་མྱོང་དགོས་བྱུང་མཐར། གཞི་ནས་ཁྲ་ཁྲ་རིག་རིག་གི་ཕོ་མོའི་སྣང་བ་ལ་ཡིད་སེམས་ཆད། བརྩེ་དུང་ཞེས་པར་ཁྱོན་ནས་མི་རློམ་མཁན་དེའི་རིགས་སུ་གྱུར། མོས་དེ་སྔ་གྲོང་ཁྱེར་དུ་ལས་ཀ་ཙག་ཙིག་རེ་ཡང་བཙལ་ནས་གཉེར་གཉེར་མོད། འཚོ་བའི་སྤུས་ཀ་ཇེ་ལེགས་སུ་གཏོང་ཐབས་མ་བྱུང་བས། སྔར་ཏབ་ཅིག་ལ་སློབ་གྲོགས་སུ་གྱུར་མྱོང་བའི་གླུ་མ་གྲོགས་མོ་ཞིག་གི་འོས་སྦྱོར་བརྒྱུད་ཡུན་གྱིས་ལམ་འདིར་ཞུགས་པ་ཡིན། འོན་ཀྱང་ད་ནི་མོས་ངེས་པར་ལམ་འདི་ལས་གྱེས་དགོས་བསམ་གྱི་ཡོད་དེ། ལམ་འདི་ནི་བུད་མེད་ཅིག་གི་མི་ཚེའི་སྟེང་བསུབ་ཐབས་བྲལ་བའི་ནག་ཐིག་ཅིག་ཏུ་འགྱུར་ངེས་པ་སེམས་ཀྱིས་ངོས་ཟིན་ཡོད། འཛོམས་སྐྱིད་སྒྲོལ་མའི་མིག་ཟུང་གིས་མོའི་སྡིག་ཉེས་དེ་ལ་གསལ་འདེབས་པར་མ་ཟད། རང་གི་རྐང་པ་གཉིས་སྤོས་ཚར་བའི་འདམ་མྱགས་ཀྱིས་ཁེངས་པའི་ལམ་འདི་ལས་ཁ་གྱེས་པར་བྲེལ་མྱུར་སློང་།
གསེར་མཚོས་འཛོམས་སྐྱིད་སྒྲོལ་མའི་མིག་འོད་དེ་ལས་མྱུར་བར་གཡོལ་ཏེ་ཕྱི་རོལ་ཏུ་ལྟ་བཞིན“མོ་ལ་ངས་བཤད། སྨན་ཞིག་ཉོ་རུ་བུད་སོང་ཟེར་ཆོག སྔོན་ཏག་ཏག་འདིར་མོ་རང་ཁ་སང་ཡོང་བའི་སི་ཁྲོན་གྱི་རྒྱ་མོའི་སར་བཅོལ་གདམས་བྱེད་དུ་བུད་སོང་བས་འདིར་ཡོང་མི་སྲིད། ད་མྱུར་དུ་སོང”ཟེར་ཞིང་། ཡང“གན་རྒྱའི་དུས་ཚོད་ལ་སླེབས་རྗེས། འུ་གཉིས་ལམ་སེང་གནས་འདི་དང་འབྲལ།”ཞེས་འཛོམས་སྐྱིད་སྒྲོལ་མའི་མགོ་ལ་བྱིལ་བྱིལ་ཐེངས་ཤིག་བྱས། “ད་སྤུ་སེར་གྱི་ཁ་ལ་ཉན་དགོས་རྒྱུ་རེད། ཟ་ཁང་ཞིག་གམ་ཚོང་ཁང་ཞིག་གི་ནང་ལས་ཀ་ཨེ་རྙེད་ལྟ”ཞེས་བཤད།
འཛོམས་སྐྱིད་སྒྲོལ་མས་དེ་ཐོས་རྗེས་དགོད་ཤོར་ཞིང་། གསེར་མཚོ་ལ་ཅུང་ཙམ་ནས་སླར་ཡོང་ཞེས་བཤད་རྗེས་སྒོར་བུད།
ནམ་མཁའ་སྔོ་ཞིང་གཡའ་དག རྒྱང་རིང་ན་སྤྲིན་དཀར་དུམ་བུ་འགའ་ཉི་མར་ལྡེ་བ་བཞིན་བག་བརྐྱངས། ཁྲི་གདུགས་ཀྱིས་འཇིག་རྟེན་ཁམས་ཀྱི་ཕ་དང་མ་བཞིན་དུ་སོར་མོ་རེག་ཚད་ལ་དྲོད་འཇམ་བསྩལ། འཛོམས་སྐྱིད་སྒྲོལ་མའི་གདོང་གི་ལྕི་པགས་བརྒྱུད། སྐེ་དང་སྐྲ་གསེང་གི་བུ་ག་རེ་རེས་དྲོད་འཇམ་དེ་ཚོར། མོའི་གདོང་ལ་ན་ཆུང་གི་བཀྲག་མདངས་རྒྱས། ཡིད་ངོར་གསེར་མདོག་གི་སྤུ་ཆུང་སྐྱེས་པའི་གཞོན་ནུ་ཞིག་གི་ངོ་གདོང་རེས་འཆར་རེས་ནུབ་བྱས།
མགྲོན་ཁང་སྒོ་ནས་གཞུང་ལམ་ཕྱོགས་སུ་བསྲིངས་པའི་ཨར་འདམ་གྱི་སྲང་ལམ་སྐྱ་བོ་དེ་བར་བར་རལ་ནས་རྐ་རྐོ་ཆུང་ཆུང་ལག་གཉིས་ཀྱི་ཁྱོར་བ་བཟེད་པ་ལྟ་བུ་མང་པོ་འདུག་པས། མོས་ལམ་གྱི་འགྲམ་དེད་ཅིང་རྐོ་དེ་དག་ལ་མཉམ་འཇོག་ཞོར་མདུན་དུ་བསྐྱོད། སྲང་གི་ཕར་འགྲམ་དུ་བྱིས་པ་འགས་གཟན་འཚོལ་བཞིན་པའི་མཆིལ་པ་ཞིག་ཨེ་ཟིན་ལྟ་ཡི་འདུག་ཅིང་། མཆིལ་པ་འཕུར་རྗེས། མུ་མཐུད་ཤོག་སྦག་ལ་མེ་རྟ་བསྒྲོན་ནས་རྩེ་ཞིང་འདུག ཁོ་ཚོས་བུ་མོ་ན་ཆུང་ཞིག་དེར་ཡོང་བཞིན་པ་མཐོང་བས། མྱུར་དུ་ཤོག་སྦག་ཅིག་ལ་མེ་རྟ་བསྒྲོན་ནས་འཛོམས་སྐྱིད་སྒྲོལ་མའི་ཕྱོགས་ལ་འཕངས། ཤོག་སྦག་དེ་ཁ་མ་གྲགས་པས་བྱིས་པ་ཚོས་རྒྱ་སྐད་ཀྱིས“ད་དུང་གཅིག་སྒྲོན་དང་། ད་དུང་གཅིག་སྒྲོན་དང”ཟེར་བྲེལ་རྔམས་ལངས།
འཛོམས་སྐྱིད་སྒྲོལ་མས་གོམ་སྟབས་ཇེ་མྱུར་ཏུ་བཏང་ནས་གཡོལ་བསམ་སྐབས། གར་སླེབས་མ་ཤེས་པའི་ཞི་ལ་དཀར་པོ་ཞིག་དེར་ལྷགས་པས། བྱིས་པ་ཚོ་དེའི་ཐོག་ལ་དོ་སྣང་ཤོར་ནས་མོ་རང་བསྐྱུར་ཏེ། ཀུ་ཅོ་ཆེན་པོས་ཞི་ལ་བདའ་འདེད་བྱས།
མོ་རང་དལ་བུར་སྔོན་དུ་བསྐྱོད་ཞོར་མགོ་ཕྱིར་དཀྱོགས་ནས་ཞི་ལ་དཀར་པོ་དེ་ལ་བལྟས། མོས་བྱིས་པ་པྲ་ཚགས་དེ་དག་གི་ལག་ནས་ཞི་ལ་ཉམ་ཆུང་དེ་ཐར་ཐུབ་སོང་ན་ཨང་སྙམ། སྲང་དོག་མོ་དེར་མུ་མཐུད་དུ་འབྲོ་ས་འགོ་ས་ཅི་ཡང་མེད་པས། ཞི་ལ་གཡས་སུ་ཅུང་ཟད་བྲོས། གཡོན་དུ་ཅུང་ཟད་བྲོས། མཐར་བྱིས་པ་ཞིག་གིས་ཟིན་གྲབས་བྱེད་སྐབས་སྒལ་བ་ཉག་ཉག་བྱས། ལུས་པོ་ཇེ་དམའ་རུ་བཏང་ནས་བྱིས་པའི་རྐང་པ་གཉིས་ཀྱི་བར་ནས་ཤོར། དེ་ནས་འཛོམས་སྐྱིད་སྒྲོལ་མའི་གམ་བརྒྱུད་ལམ་ཆེན་གྱི་ཕྱོགས་སུ་བརྒྱུགས་ཤིང་སྐར་མདའ་བཞིན་མཐོང་ལམ་ནས་ཡལ།
གད་སྙིགས་ཀྱིས་ཁེངས་པའི་གྲོང་ཁྱེར་འདིར་བོད་མི་འདུ་ས་ཆེས་ཆེ་ཤོས་ནི་སྲང་སྣེ་འདི་ཡིན་པས། སྲང་ལམ་གྱི་གཡས་གཡོན་དུ་བོད་མིའི་ཟ་ཁང་དང་ཚོང་ཁང་། ཇ་ཁང་གིས་ཁེངས་ཤིང་། ཕྱོགས་སོ་སོ་ནས་འོངས་པའི་མི་རྣམས་ལ་ལ་ཚོང་རྫས་ཀྱི་གོང་གཏམ་པ་ལ་བྲེལ། ལ་ལ་ཟ་ཁང་གང་དུ་འགྲོ་མིན་བགྲོ། ལ་ལ་དེར་ཡོད་པའི་ཟིང་ཟིང་ལ་གཡེང་ནས་ཡར་ལྟ་མར་ལྟ་བྱས་ནས་སྡོད། དུས་ཚོད་ཟེར་བས་ཁོ་ཚོ་ལ་ཕོག་ཐུག་ཅུང་ཟད་ཀྱང་ཐེབས་གི་མེད།
ཁང་ཤར་དེའི་སྣེ་ཡི་ཚོང་ཁང་བརྒྱུད་སྐབས་རླུང་བུ་ཞིག་ཐོལ་གྱིས་གཡུགས་ནས་མོའི་སྐེ་དཀྲིས་སྲབ་མོ་དེ་ཁུར་སོང་། མོས་དེའི་རྗེས་བསྙེགས་ནས་བྱིན་པའི་ཚེ། སྐེ་དཀྲིས་དེ་ཏག་ཏག་ལམ་སྣེའི་ཕ་རོལ་གྱི་ལྷམ་འཕྱིད་མཁན་འགའ་ཡོད་པ་དེ་ཚོའི་གམ་དུ་ལྷུང་། ཁོ་ཚོ་དུས་རྟག་པར་རེ་རེའི་བར་ཐག་ལ་གོམ་པ་གསུམ་ཙམ་དང་གཤར་ཁ་གཅིག་བྱས་ནས་ལས་ཀ་བྱེད་ཀྱི་ཡོད་ལ། ཉིན་དེར་ལྷམ་འཕྱིད་མཁན་བཞི་དེ་ལྟར་དུ་འདུག
རྒྱ་ཞྭ་རྙིང་སོང་མགོར་གོན་པའི་ལྷམ་འཕྱིད་མཁན་ཞིག་གིས་དུ་བ་འཐེན་ཞོར་ཡར་མར་ལ་བལྟས་བསྡད། ཁོས་སྐེ་དཀྲིས་སྲབ་མོ་ཞིག་རླུང་གིས་ཁུར་ནས་གཡས་ཀྱི་འཕྱིད་རོགས་དེའི་གམ་དུ་ལྷུང་བ་མཐོང་མོད། ལྟ་ཙམ་བྱས་རྗེས་ཁ་ཡ་མ་བྱས་པར་བསྡད། དེ་ནས་ཁོས་ཚུར་ཡོང་བཞིན་པའི་འཛོམས་སྐྱིད་སྒྲོལ་མ་མཐོང་བ་དང་། སར་ཁུར་ཡོང་བའི་སྐེ་དཀྲིས་དེ་ནི་འཛོམས་སྐྱིད་སྒྲོལ་མའི་ཡིན་པ་ཤེས་རྗེས། མྱུར་དུ“ཝ་ཡེ། དེ་ཡར་ལ་ལོངས་ལ་ང་ལ་བྱིན་དང་། ང་ལ་བྱིན་དང”ཞེས་ལུས་ལ་ཤུགས་རྒྱས། ཁོའི་གཡོན་དུ་ཁོམ་ནས་ཡོད་པའི་འཕྱིད་རོགས་གཞན་ཞིག་གིས་ཀྱང་དེའི་མུར་ཤེས་ནས“ང་ལ་གཡུག་དང་ང་ལ་གཡུག་དང”ཟེར། གཡོན་མཐའི་ལྷམ་འཕྱིད་མཁན་དེས་ཁོའི་འགྲམ་ནས་བླངས་ཏེ་ཁོའི་གཡས་ཀྱི་དང་པོ་ལ་བྱིན། དེས་འཛོམས་སྐྱིད་སྒྲོལ་མ་ལ་སྟེར་ཁུལ་ཞིག་བྱས་རྗེས་རྩེད་མཚར་དང་བཅས་གཡས་ཀྱི་མི་དེ་ལ་གཡུགས། ཁོ་ཚོས་ཧབ་ཆ་བྱེད་ཞོར་གཅིག་གིས་གཅིག་ལ་གཡུགས། བྱིས་པ་ཚོའི་དཀྱིལ་དུ་རྩེད་ཆས་གསར་བ་ཞིག་བཞག་པ་ལྟར།
འཛོམས་སྐྱིད་སྒྲོལ་མ་ལྷམ་འཕྱིད་མཁན་གཅིག་གི་གམ་ནས་གཅིག་གི་གམ་ལ་བརྒྱུགས་ཏེ་སྐེ་དཀྲིས་ལེན་རྩིས་བྱས་མོད་ལེན་མ་ཐུབ། དེ་ནས་གཡས་མཐར་ཙོག་པའི་དར་མ་གཡོན་ལག་གི་གུང་མཛུབ་དང་དཀྱིལ་མཛུབ་ཀྱི་བར་ལ་ཐ་མག་བཟུང་ཡོད་པ་དེ་དགོད་ཞོར་དུ། ཇ་དྲེགས་ཆགས་པའི་ཤེལ་གྱི་ཇ་ཕོར་ཞིག་གི་ངོས་ལྟ་བུའི་མདུན་སོ་སེར་ནག་དེ་བསྟན་ནས“རིན་མི་དགོས་པར་ང་ཁྱོད་ཀྱི་སྟེང་ལ་ཐེངས་གཅིག་ཞོན་དུ་འཇུག་ན། ངས་དེ་འཕྲལ་ཁོ་ཚོའི་ལག་ནས་བླངས་ཏེ་ཁྱོད་ལ་སྟེར”ཞེས་གཡས་ལག་གིས་དེ་བཞིན་གྱི་ཕྱག་རྒྱ་སྟོན་ཞོར་དཔའ་བའི་ཉམས་དང་བཅས་གམ་ན་ཞུ་བ་བྱེད་བཞིན་པའི་འཛོམས་སྐྱིད་སྒྲོལ་མ་ལ་བཤད། སྐབས་དེར་ལམ་འགྲམ་གྱི་མི་མང་པོས་ཁོ་ཚོར་བལྟས་འདུག་པས། འཛོམས་སྐྱིད་སྒྲོལ་མ་ངོ་ཚ་ནས་སྐེ་དཀྲིས་བསྐྱུར་ཏེ་བརྒྱུགས། མོ་ཕར་ཅུང་ཟད་སོང་ནས་ཕྱིར་བལྟས་པར། ལྷམ་འཕྱིད་མཁན་རྒྱ་ཞྭ་གྱོན་པ་དེས་མོ་སླར་ངེས་པར་ཡོང་བསམ་པ་དང་ཅི་ཞིག་དྲན་པ་ལྟར། མོའི་མཐོང་ལམ་ནས་རང་གི་ལུས་རྩལ་རྐང་སྣམ་ནག་པོ་དེའི་ཁ་ཕྱེས་ཏེ་སྐེ་དཀྲིས་ཁོའི་འདོམས་ནང་ལ་བཅུག དེ་ནས་མོ་ལ་འདིར་ཡོད། ལེན་དུ་ཤོག་ཅེས་པའི་དོན་གྱིས་ལག་བརྡ་བྱས།
འཛོམས་སྐྱིད་སྒྲོལ་མས་དེ་མཐོང་བའི་མོད་སྐེ་དཀྲིས་སླར་ལེན་པའི་རེ་བ་དོར་ནས་མུ་མཐུད་མདུན་དུ་ཆས། ལམ་འགྲམ་གྱི་བོད་ཟས་ཟ་ཁང་གི་སྒོར་སྦྱིན་བདག་མས་ཇ་ལྷག་གི་ཤོག་སྣོད་འགའ་བཟུང་ཏེ་སྒོར་བུད་ཅིང་ནང་དུ་འཛུལ་བཞིན་པའི་སློང་མོ་བ་རྒན་མོ་དེར་“རྫོབ་ཏོ་འདི་ཚོར་སུན་པ་ལ། མི་འདུག དེ་རིང་འགྲུལ་བ་མི་འདུག”ཅེས་སྐད་ཅོར་བརྒྱབ་ཅིང་ཕྱིར་དེད། སྦྱིན་བདག་མ་མཐོང་རྗེས་འཛོམས་སྐྱིད་སྒྲོལ་མས་གཡོལ་བསམ་མོད། ཉེ་འཁྲིས་སུ་སླེབས་ཟིན་པས། གཡོལ་སྟབས་མ་བདེ་བར་མུ་མཐུད་སོང་། སྦྱིན་བདག་མས་ལམ་འགྲམ་ན་འགྲོ་བཞིན་པའི་འཛོམས་སྐྱིད་སྒྲོལ་མ་མཐོང་བས་ཇ་ལྷག་གི་ཤོག་སྣོད་དེ་མོའི་ཕྱོགས་སུ་བསམ་བཞིན་ཤར་སེ་འཕངས།
ཤོག་སྣོད་དེ་འཛོམས་སྐྱིད་སྒྲོལ་མའི་མདུན་ཏག་ཏག་ཏུ་འཐོར་ཞིང་ནང་དུ་ལྷག་པའི་ཇ་འཛོམས་སྐྱིད་སྒྲོལ་མའི་ལྷམ་མགོར་ཕོ། འཛོམས་སྐྱིད་སྒྲོལ་མས་སྦྱིན་བདག་མར་མངོན་ཆུང་གིས་ལྟ་ཙམ་ལས་མ་བྱས་པར་མགོ་བོ་དུད་དེ་མྱུར་བར་སྔོན་དུ་ཕྱིན། སྤྲང་པོ་དེ་སྦྱིན་བདག་མའི་ཉེ་འགྲམ་དུ་ཡོད་མོད། སྦྱིན་བདག་མས་འཛོམས་སྐྱིད་སྒྲོལ་མའི་རྗེས་སུ་བལྟས་ཏེ། སྐད་མཐོན་པོས“ཝེ། མོའི་སར་རྒྱུགས་དང་། དངུལ་མང་པོ་ཏ་གན་ལ་ཡོད་པ་རེད།” ཅེས་བཤད།
མོས་གོམ་སྟབས་ཇེ་མྱུར་ལ་བཏང་ནས་སྔོན་ལ་ཆས། ལམ་འགྲམ་དུ་རྐང་གསུམ་འཁོར་ལོ་རྒྱབ་སྒམ་ནང་དང་། འཁོར་ལོའི་འགྲམ་དུ་རི་མོ་མང་པོ་བཤམས་ནས་འཚོང་གིན་པ་ཞིག་འདུག་པས། མོ་འགྲོ་ཞོར་ལ་ལྟ་ཙམ་བྱས། ཏག་ཏག་མོ་རང་རྐང་གསུམ་འཁོར་ལོ་དེའི་མཐའ་ལས་ཕར་འདའ་སྐབས། མིག་ལམ་དུ་ཤིན་ཏུ་རྒྱུས་ཆེ་བའི་གཟུགས་བརྙན་ཞིག་མཐོང་། ཕྲུག་ལྭ་ཁམ་ནག་གྱོན་པའི་བུ་མོ་ཞིག་རྩྭ་ལྗང་གིས་བཀླུབས་པའི་རི་ངོས་སུ་ཡར་དགའ་སྤྲོའི་ངང་ཡོང་གི་འདུག་ཅིང་། མོའི་རྒྱབ་ཕྱོགས་གཤམ་གྱི་སྤང་ཐང་དུ་རས་གུར་དཀར་པོ་ངོས་སུ་པ་ཏྲ་ཅན་དང་། རྒྱང་གི་བར་སྣང་གཡས་ཕྱོགས་སུ་སྤྲིན་དཀར་པོ་ཡུགས་གཅིག་མཚོ་ངོས་སུ་རླངས་པ་འཐུལ་བ་བཞིན་བསྲིངས་འདུག ད་ལྟ་རི་མོ་དེ་ལ་ཚོན་ཡོངས་སུ་བཏང་བས་གསར་པ་ལྟ་བུ་ཞིག་ཏུ་སྣང་ནའང་། མོས་རི་མོའི་སྟེང་གི་བུ་མོ་དེ་ནི་མོ་རང་ཡིན་པ་རྟོགས། དེའི་མུར་མྱུར་དུ་འཚོང་མཁན་སུ་ཡིན་ལ་བལྟས་པར། རྐང་གསུམ་འཁོར་ལོ་དེའི་ཁ་ལོ་བའི་འདུག་སྟེགས་སྟེང་རྒྱ་ཞྭ་ནག་པོ་འདབ་ར་ཅན་གྱོན་མཁན་ཞིག་གིས་ཁ་པར་ངོས་སུ་ཅེར་འདུག་པ་མཐོང་། མོས་དེ་མ་ཐག་སྔོན་ཆད་ཀྱི་རི་མོ་བ་ཡིན་པ་ཤེས། རི་མོ་བས་ཁ་པར་ངོས་སུ་བལྟས་འདུག་པས་དེར་བུ་མོ་ཞིག་གིས་ཁོ་ལ་བལྟས་ཡོད་པ་མ་ཚོར། མོ་རང་སྔར་གྱི་ངོ་ཤེས་ཤིག་ལ་ཕྲད་པས་དགའ་བ་རྒྱས་ནས། “ཕུ་བོ”ཞེས་ངག་ནས་ཐལ།
ཁོས་མགོ་ཡར་དགྱེས། ཁོས་སྔོན་ཆད་ཀྱི་ཞྭ་གྱོན་འདུག་མོད། མིག་ཤེལ་ནག་པོ་དེ་གྱོན་མི་འདུག་པས་ད་ནི་གདོང་གསལ་བོར་མཐོང་། ཁོའི་མིག་ཆུང་ལ་མིག་སྐྱི་སྲབ། མིག་གཡས་པའི་སྨིན་མའི་འོག་ཏག་ཏག་ལ་སྨེ་བ་ནག་པོ་བྱིས་པའི་མཛུབ་རྩེ་ཙམ་ཡོད་ལ། དེས་མིག་གི་རྡེབ་འབྱེད་ལ་གནོད་ལོས་ཡོང་བསམ་པ་ཞིག་འདུག སྒྲོལ་མ་མཐོང་རྗེས་ཁོས་ཀྱང་འཕྲལ་མར་ངོས་ཟིན།
སྒྲོལ་མས“ཕུ་བོ། ཁྱོད་ཀྱིས་འདིར་ཅི་བྱེད་ཀྱི་ཡོད། རི་མོ་འཚོང་གི་ཡོད་དམ”དྲིས།
ཁོའི་གདོང་མདོག་དམར་བོར་གྱུར་ཅིང་། སྒྲོལ་མས་དེང་རབས་ཀྱི་སྤྱི་ལྭ་གྱོན་ཡོད་པས་ཡིན་ནམ་གང་ལྟར་ཁ་གདངས་ཤིང་ངག་མི་ཁྲོལ་བར་སྒྲོལ་མར་ཡུད་ཙམ་བལྟས་བསྡད་རྗེས“ང་འདིར། ཁྱོད། འདི་ནས”ཟེར་བ་དང་། མི་ཞིག་འཚོལ་བ་ལྟར་སྒྲོལ་མའི་གཡས་གཡོན་དང་རྒྱབ་ཕྱོགས་ལ་མྱུར་དུ་མིག་བཤེར་ཞིག་བྱས་རྗེས“ཁྱོད། འདི། གང་ནས་འདི་ལ་ཡོང་བ་ཡིན། ག་དུས། ད... ...” ཞེས་དྲིས།
ཁོའི་ཏ་གེ་ཏིག་གེར་བཤད་པ་དེ་ལ་སྒྲོལ་མ་ཅུང་ཡ་མཚར་བ་དང་དགོད་རྒྱུ་ཡོང་ནས་ལན་འདེབས་བསམ་སྐབས། ཁོས་ཅི་ཞིག་མཐོང་བ་ལྟར་མྱུར་དུ་ཅ་ལག་ལ་སྡུད་གསོག་རྒྱག་མགོ་བརྩམས། སྒྲོལ་མས་ཁོའི་ལྟ་ཕྱོགས་ལ་བལྟས་པར་བདེ་སྲུང་གཉིས་གོམ་པ་ཉིས་བརྒྱ་ཙམ་གྱི་མཚམས་ན་ཡོང་གིན་འདུག་ཅིང་། མིག་གིས་འབུར་ཚུགས་སུ་རི་མོ་བར་ལྟ་བཞིན་པར་བལྟས་ཚེ། ཐེངས་མང་པོར་ཁོ་ཚོ་ཐུག་འཕྲད་བྱས་མྱོང་ཡོད་ལས་ཆེ། ཁོ་ཚོས་མི་འགྲོ་སའི་སྲང་ལམ་དུ་ཐང་ཁྲོམ་བཤམས་མཁན་དག་དུས་རྒྱུན་འདེད་ཀྱིན་ཡོད་པས། རི་མོ་བས་བྱང་ཆ་ཆེ་བའི་ངང་རི་མོ་དག་མྱུར་དུ་རྐང་གསུམ་འཁོར་ལོར་བཅུག་ཅིང་ཁ་བྲལ། བདེ་སྲུང་དང་ཉེན་རྟོག་པའི་རིགས་ལ་མོ་རང་ཡང་གཡོལ་ན་ལེགས་རྐྱེན། མོ་ཡང་མྱུར་དུ་མདུན་ཕྱོགས་སུ་ཆས།
མོ་རང་ཕྱི་ལ་འོངས་ཐེངས་ཉུང་ནའང་། འོངས་ཐེངས་རེར་ལམ་འགྲམ་གྱི་སྡོང་རྒན་དེར་རྒྱབ་བསྙེས་པའི་སློང་མོ་བ་རྒད་པོ་དེ་མཐོང་ཐུབ་ལ། རྒད་པོས་རྟག་པར་མི་རྣམས་ལ་ལྷད་མེད་ཀྱི་འཛུམ་གྱིས་བལྟ་ཞིང་། ལག་གི་སྒྲ་སྙན་དཀྲོལ་ནས་དབྱངས་རྟ་མཚུངས་པའི་རྡུང་ལེན་རེ་གཉིས་ལེན། དེས་མོ་ལ་ཨ་ཕ་དྲན་དུ་འཇུག་གི་ཡོད། མོའི་ཨ་ཕ་ཡང་རྡུང་ལེན་ལ་ཤིན་ཏུ་དགའ། ཁོ་ཚང་དབུལ་བོ་ཡིན་ནའང་། གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེའི་སྒྲ་ཐག་ཧ་ལམ་ཆ་ཚང་བར་ཡོད་ལ་ཁོས་ཨ་མ་ལ་སྔ་ཕྱིར་སྒྲ་གཏོང་ཆས་ཀྱང་ཆེན་པོ་གཉིས་ཉོ་མྱོང་ཡོད། ཁོ་ཚོས་རྟག་པར་དེ་ལས་རྡུང་ལེན་དང་། སྒྲུང་བ་སྐལ་བཟང་གྲགས་པས་བཤད་པའི《གེ་སར་རྒྱལ་པོའི་སྒྲུང》དང་། 《 བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》དང《གཟུགས་ཀྱི་ཉི་མ》ལ་སོགས་པར་ཉན་མྱོང་། ཨ་ཕ་དྲན་ཏུ་འཇུག་མཁན་འདི་ལ་འཕྲད་སྐབས་རེར་ཁོའི་མདུན་གྱི་དངུལ་འཇོག་སྣོད་དུ་མོས་དངུལ་སྒོར་སིལ་མ་རེ་འཕེན་གྱི་ཡོད། ཉིན་དེར་མོས་དངུལ་སིལ་མ་ཅི་ཡང་མ་རྙེད་པས་ཤོག་སྒོར་བཅུ་ཤོག་ཅིག་འཕངས། སྐབས་དེར་མི་གཉིས་ཀྱིས་མོའི་ལྟག་རྒྱབ་ཏུ“ལྟོས་དང་། འདི་ཚོ་སྐོར་གཅིག་ཡིན་པ་ཐག་གིས་ཆོད”ཟེར།
ཅིག་ཤོས་དེས“གྲོང་ཁྱེར་ནང་གི་མགོ་གཡོག་མགོ་སྐོར། ཕཱེ”ཟེར།
འཛོམས་སྐྱིད་སྒྲོལ་མ་མུ་མཐུད་དུ་མདུན་ལ་བསྐྱོད། སྐྱོ་བའི་སྨུག་སྤྲིན་མཐུག་པོ་ཞིག་བྲང་ཁོག་ཏུ་འཐིབས་ཤིང་། ཅུང་ཙམ་ནས་སྨུག་སྤྲིན་དེ་དྲོད་རླབས་ཤིག་གིས་དེད་དེ་གདོང་ཁྲུམས་སུ་ལྷགས་པས་དར་ཅིག་ལ་བཟི་འགྲོ་བ་ལྟ་བུའི་སྐྱུར་ཤས་ཁྱབ། སྐྱུར་ཤ་དེ་ཡང་ཕྱོགས་གཅིག་ཏུ་འདུས་ནས་མིག་ཀོང་དུ་འཁྱིལ།
དེ་དུས་མདུན་ཕྱོགས་དངུལ་ཁང་དུ་སྐྱེས་པ་ཞིག་གིས་དགའ་འབོད་ལྟ་བུའི་ངག་གིས“སཱན་པཱ་ཅེ་ཁེ་ལོ”(གསུམ་བརྒྱད་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུ)ཞེས་ཟེར་གྱི་འདུག་པ་ཐོས་ལ། དེ་དང་འབྲེལ་སྐྱེས་མ་རེ་འགས“ཞེ་ཞེ་ལིན་ཏའོ། ཞེ་ཞེ་ལིན་ཏའོ”(མགོ་བ་ལགས། ཐུགས་རྗེ་ཆེ)ཞེས་ཟེར་བཞིན་པ་དང་ཐལ་མོ་རྡེབ་པའི་སྒྲ་ཡང་ཐོས།