གཅིག
བདེ་སྐྱིད་གཞིས་ཁུལ་དུ་ཁྱོད་ལ་འགྲོགས་བཟང་ཞིག་ཡོད། མོའི་ངོ་ཡི་ཡས་ལག་ཤིན་ཏུ་མཛེས་ནའང་མས་ལག་ནི་དེ་འདྲ་ཡག་རྒྱུ་མེད་དེ། དཀྱུས་རིང་སྨིན་མས་མར་བཀབ་ཅིང་རྫི་མ་རིང་མོ་ཡར་འཁྱིལ་བའི་འོག་ན། མིག་གི་རྒྱལ་མོ་ནག་རོག་གེའི་མཐའ་ཡི་དཀར་ཆ་འོད་དང་ལྡན་མོད། དེའི་ཡང་འོག་གི་གདོང་རྐོ་སྣ་ལེབ་གཉིས་ནི་མིག་ལ་ཤིན་ཏུ་མི་བདེ་ཞིང་། མ་ནེ་ཐུང་ཐུང་དང་འགྲམ་རུས་ཆེན་པོ་ཟུང་ནི་ལྷག་ཏུ་སུ་ཞིག་གིས་བསམ་གནག་ནས་སྦྱར་བ་དང་མཚུངས་པས། ཁྱོད་ཀྱིས་རྒྱུན་དུ་མོའི་འགྲམ་རུས་ལ་ལག་པས་བྱིལ་བྱིལ་བྱེད་ཞོར། དེ་གཉིས་གཞོགས་ནས་གདོང་རྐོའི་ནང་དང་སྣ་ལེབ་ཀྱི་སྟེང་། མ་ནེའི་རྩེ་ལ་གསབ་དགོས་ཚུལ་གྱི་ཀུ་རེ་རྩེད་མོད། མོ་ནི་རང་ཉིད་ཀྱི་སྐྱེས་གཟུགས་དང་སྒེག་ཉམས་ལ་ཡིད་ཚིམས་ཤིང་། ཁྱོད་ལ་ཡང་འགུག་ཤུགས་ཐུན་མོང་མ་ཡིན་པ་ཞིག་ལྡན་པར་མ་ཟད། ལུས་ཡོངས་ཀྱི་ཤ་སྐྱི་དཀར་ལ་འཇམ་པས། ལོ་དུ་མའི་རིང་ལ་ཁྱོད་ལ་བདེ་བ་དཔག་མེད་སྦྱིན་ཞིང་ད་བར་དུ་སུན་མ་མྱོང་ལ། ཚེ་གང་ཤོར་དོགས་ཀྱི་སེམས་ཁྲལ་ཆེ་བས་ནམ་ཡང་ཁོམ་སྐལ་བྱུང་ཚེ། མོ་ཚང་ལ་རྙང་སྐྱལ་ཆབ་གསང་དུ་རྒྱུག་རྒྱུག་བྱེད་བཞིན་ཡོད།
དེ་ལྟ་ནའང་། མོར་ཁྱོ་ག་ཡོད་པར་མ་ཟད་བྱིས་པའང་གཉིས་ཡོད་དེ། ཆེ་བ་ནི་བུ་མོ་ཞིག་དང་ཆུང་བ་ནི་བུ་ཞིག་ཡིན།
གཉིས།
ལས་ཚོགས་གྲོལ་མཚམས་སུ། ཆུང་མས་ཁ་པར་སླེབས་ནས་མོ་མ་ཁྱིམ་དུ་ཡོད་པས་དེ་གར་དགོང་ཚལ་འཐུང་དུ་ཡོང་མིན་དྲིས་པར། ཁྱོད་ཀྱིས་དགོང་ཚོགས་ལ་དགེ་རྒན་དང་སློབ་མ་ཚོ་སླེབས་ཡོད་མིན་ལ་ཞིབ་བཤེར་བྱེད་དུ་འགྲོ་དགོས་པས་མི་ཡོང་ཟེར་ཡང་། སྤྱོད་ཁང་དུ་བསྡད་ཅིང་ཕྱིར་གཞུང་སྒྲུབ་ཁང་དུ་ལོག་ཅིང་སྒེའུ་ཁུང་ཁར་འགྲེང་སྟེ་ཐ་མག་ཅིག་ལ་མེ་སྒྲོན་ནས་རྔམ་འཐེན་བྱེད་བཞིན། དགོང་ཚལ་ཅི་ཞིག་འཐུང་དགོས་པའི་སྐོར་ལ་བསམ་བློ་གཏོང་བཞིན་པའི་སྐབས་སུ། ཁྱོད་ཀྱི་སེམས་གློ་བུར་བློང་བློང་བོར་གྱུར་ནས་ཀླད་པའི་ནང་གི་ཡར་སྔོན་གྱི་སྣང་བརྙན་མཐའ་དག་ལ་གྲང་རླུང་གིས་འཇབ་རྒོལ་ཐེབས་པ་ལྟར་ཡལ་སོང་བས། ལུས་པོའང་ཡང་ཤོར་རེ་ཕྱིན་ཏེ་འཕུར་ལ་ཁད་བྱེད་དུས་གློ་བུར་དངངས་སྐྲག་ཅིག་གིས་ལྗིད་ཏིག་གེར་མནན་སོང་བས་ངུ་རྒྱུ་ཞིག་ཀྱང་ཞེ་ལ་བྱུང་། སྟབས་ལེགས་པ་ཞིག་ལ། ཡུན་རིང་མ་འགོར་བར་གཡུ་མཚོ་སྒྲོལ་མས་ཁ་པར་སླེབས་པས། ཁྱོད་ཀྱིས་མྱུར་དུ་ཐ་མག་གི་མེ་བསད་ཅིང་སྙིགས་སྣོད་དུ་འཕངས་རྗེས། གཞུང་སྒྲུབ་ཁང་གི་སྒོར་བུད་ཅིང་ཟྭ་དམ་པོར་བརྒྱབ་རྗེས་སློབ་གྲྭའི་སྒོ་ཆེན་གྱི་ཕྱོགས་སུ་བསྙེགས།
ནམ་ཟླ་དགུན་ལ་སླེབས་པས། ཆུ་ཚོད་དྲུག་པ་ཡོལ་ཙམ་དུ་རྫོང་མཁར་ཡོངས་མུན་པས་གཡོགས་ཤིང་། ལམ་སྒྲོན་དང་སྒོ་བྱང་སྣ་ཚོགས་ཀྱི་གློག་འོད་ཀྱང་གསལ་ལམ་མེར་ལམ་འགྲོ་བ་དག་གི་གདོང་ལ་འཕྲོས་འདུག ཨ་ཞང་ཚང་ནི་རྫོང་མཁར་ཆུང་ཆུང་འདིའི་བྱང་ཁུལ་གྱི་རྫོང་སྤྱི་བདེ་ཅུས་ཀྱི་ར་སྐོར་རྙིང་བའི་ནང་དུ་ཡོད་ཅིང་། གཡུ་མཚོ་སྒྲོལ་མ་ཚང་ནི་ནུབ་མཐའི་བདེ་སྐྱིད་གཞིས་ཁུལ་དུ་ཡོད་ལ། རྫོང་མི་རིགས་སློབ་འབྲིང་ནས་གཡུ་མཚོ་སྒྲོལ་མ་ཚང་དུ་འགྲོ་ན། རང་ཁྱིམ་གྱི་གཞིས་ཁུལ་གྱི་སྒོ་ཆེན་བརྒྱུད་དགོས་ཡང་། ཨ་ཞང་ཚང་གི་ཕྱོགས་སུ་བཏུད་མི་དགོས་པས། ཁྱོད་ཀྱིས་རླངས་འཁོར་སྐོར་ནས་སོང་ན་མགྱོགས་ལ་ཉེན་ཁ་ཅི་ཡང་མེད་མོད། ཉིན་འགའི་སྔོན་ལ་བདེ་སྐྱིད་གཞིས་ཁུལ་ནས་ཁྱོད་ཚོའི་སློབ་གྲྭའི་གསར་དུ་སླེབས་པའི་ཚབ་ཁྲིད་དགེ་རྒན་བུ་མོ་ཞིག་ལ་ངོ་འཕྲད་ཅིང་ཁྱོད་ལ་འཚམས་འདྲི་བྱས་ཤིང་ཁྱིམ་དུ་མགྲོན་ལ་བོས་སོང་བས། ཁྱོད་ཀྱིས་རྐང་ཐང་དུ་འགྲོ་བ་ལས་བདེ་འཇགས་ཤིག་མི་འདུག་སྙམ།
དེ་ལྟ་་ནའང་། སློབ་གྲྭའི་སྒོ་ཆེན་ནས་སྟོད་དུ་གོམ་པ་ཉིས་བརྒྱ་ཙམ་ལ་སོང་མཚམས་སུ་གར་ཡོང་མི་ཤེས་པའི་ཚེགས་ཀ་ཞིག་ཁྱོད་ཀྱི་རྐང་མཐིལ་ཡར་སྙིང་ཁར་བརྒྱུགས་པས། ཁྱོད་ཀྱིས་སླར་ཡང་ཐ་མག་ཅིག་ལ་མེ་སྒྲོན་རྗེས་རྔམ་འཐེན་བྱེད་བཞིན་ལམ་འགྲམ་ནས་གླ་གཏོང་རླངས་འཁོར་ཞིག་བཀགས་ཏེ་བདེ་སྐྱིད་གཞིས་ཁུལ་དུ་སོང་ཞེས་བཤད་ཀྱང་། གླ་གཏོང་ཁ་ལོ་བས་ཁྱོད་རང་ངོས་ཟིན་ནས་འཚམས་འདྲི་བྱས་པས། ཁྱོད་ཀྱིས་མྱུར་དུ་མཁར་ནུབ་ཏུ་ཡོད་པའི་ཨ་ཞང་ཚང་གི་སྡོད་གནས་བཤད།
གཡུ་མཚོ་སྒྲོལ་མས་སླར་ཡང་ཁ་པར་ཞིག་སླེབས་ནའང་ཁྱོད་ཀྱིས་སྣེ་ལེན་མ་བྱས་པར་སྒྲ་གཟིམས་རྗེས་གླ་གཏོང་ཁ་ལོ་བར་ཁ་བརྡ་བྱས།
“ཁྱོད་ཀྱིས་ང་ལ་ངོ་ཤེས་སམ།”
“ངོ་ལོས་ཤེས་ཡ། ཁྱོད་ས་དཀར་ཀླེའི་མིན་ནམ། ངེད་ཚང་གི་ཕུ་བོ་ཁྱོད་གཉིས་སློབ་གྲོགས་མིན་ནམ།”ཁ་ལོ་བས་ཁྱོད་ཀྱི་གདོང་ལ་བལྟས་ནས་འཛུམ་ཞིག་བསྟན།
“ཨེ་རེད།”
ཁྱོད་ཀྱིས་ཀྱང་འཛུམ་ཞིག་བསྟན་རྗེས། ཁ་ལོ་བའི་གདོང་ལ་ཞིབ་ལྟ་ཞིག་བྱས་ཀྱང་ངོ་མི་ཤེས་པར་འདུག བལྟས་ཚོད་ཀྱིས་རང་ཉིད་ཀྱི་ན་མཉམ་ཞིག་ཡིན་པ་འདྲ་ཡང་། རང་ཉིད་ཀྱི་སློབ་གྲོགས་ཤིག་ལ་སྐྱེས་གཟུགས་འདྲ་བའི་རྟགས་ཤིག་མ་མཐོང་།
“ང་འཇིགས་བྱེད་ཀྱི་ནུ་བོ་ཡིན་ཡ། ཞོལ་མའི་འཇིགས་བྱེད་ཀྱི་ནུ་བོ་ཡིན། ཁྱོད་སྔོན་ཆད་ངེད་ཚང་ལ་ཡང་ཡོང་མྱོང་།”
“ཨེ་རེད།”
“ཐེངས་སྔོན་མར་དོན་དག་ཅིག་ཁྱོད་ལ་བཅོལ་གདམས་བྱེད་འདོད་ནས། ངེད་ཚང་གི་ཕུ་བོར་ཁ་པར་ཞིག་གཏོང་དུ་འཇུག་འདོད་ཀྱང... ...”
ཁ་ལོ་བས་གདོང་གི་འཛུམ་བསྡུས་ཏེ་མིག་གིས་མདུན་ལ་བལྟས་ནས་བཤད་པས། ཁྱོད་ཀྱིས་ཁ་ལོ་བ་དོགས་བདེ་གི་མེད་པ་ཚོར་བྱུང་།
“དོན་ཅི་ཞིག་རེད།”
“ཁྱོད་སློབ་གཙོར་བསྐོས་སོང་ཟེར་བ་བདེན་ནམ།”
“ཧ་ཧ།”
“ངེད་ཚང་གི་ཕུ་བོས་ཁྱོད་སློབ་གཙོ་གཞོན་པར་བསྐོས་འདུག་ཟེར།”
“གཞོན་པ་རེད། ང་ལ་དབང་ཆ་ཅང་ཡོད་ནི་མ་རེད།”
ཁྱོད་ཀྱིས་ཁུག་མ་ལས་སླར་ཡང་ཐ་མག་བླངས་ནས་འཐེན་རྩིས་བྱས་ཀྱང་། མདུན་གྱི་མ་ཎི་འཁོར་ལོ་དང་དེའི་མཐོངས་ན་སྣར་བའི་ཁ་བཏགས་སེར་པོ་དེ་མཐོང་བས་ཕྱིར་ཁུག་མའི་ནང་དུ་བཅུག
“ངའི་བུ་ད་ལོར་དམའ་འབྲིང་མཐར་ཕྱིན་ལ་ཁད་ཡོད། སློབ་སྦྱོང་ལ་བཟང་རྒྱུ་མེད་པས། སང་ལོར་མཐོ་འབྲིང་ལ་འཕར་ཐུབ་རྒྱུ་མ་རེད་འདོད་ནས... ...”
“ཁྱོད་ཚང་གི་ཕུ་བོ་དགེ་རྒན་ཆེན་མོར་གྱུར་ནས་ཟི་ལིང་དུ་གཞི་སྡོད་བྱས་རྗེས། ང་ཚོའི་འབྲེལ་གཏུག་བྱེད་མཚམས་ཀྱང་ཆད་སོང་། ཡ་ཡ། ངས་ཁོར་ཁ་པར་བཏང་ནས་བཤད། ཁོས་ངའི་སྐད་འཕྲིན་བསུབས་ཟིན་པ་འདྲ་ཡང་། ཁོའི་ཁ་པར་ཨང་གྲངས་ང་ལ་ཡོད་ཁ་ཞིག་ཡིན།”
“ཨ། ཁྱོད་ཀྱིས་གཏོང་མི་དགོས། ངས་ཅུང་ཙམ་གྱིས་ཁོར་ཁྱོད་ལ་ཁ་པར་གཏོང་དུ་འཇུག ཁོར་ཁྱོད་ཀྱི་ཁ་པར་ཨང་གྲངས་ཡོད་ཟེར།”
ཁ་ལོ་བས་ཀྱང་ཁྱོད་ཀྱི་སྐད་ཆར་འཁང་ར་འདྲེས་འདུག་པ་ཚོར་བས། མྱུར་དུ་མདུན་གྱི་ཁ་པར་ལ་རེག་ཙམ་བྱས།
“ཡ་ཡ། འགྲིག་འདུག ངས་ཀྱང་ཁོ་ང་ཚོའི་སློབ་གྲྭའི་ནང་ལ་འཆད་ཁྲིད་ཅིག་བྱེད་དུ་ཡོང་ཐུབ་ན་བསམས་ཡོད། ད་འགྲིག་སོང་།”
“ཡང་མིན་ན་ངས་ཁོར་ཁ་པར་བཏང་ནས་ཁྱོད་ལ་བཤད་དུ་འཇུག་ཨ།”
ཨ་ཞང་ཚང་གི་སྒོ་ཁར་འབྱོར་མཚམས་སུ། ཁ་ལོ་བས་རླངས་འཁོར་གྱི་ཁ་བགགས་ནས་མྱུར་མོར་མདུན་གྱི་ཁ་པར་བླངས་ཏེ་ཨང་གྲངས་བཙལ་བྱུང་མོད། ཁྱོད་ཀྱིས་སྒོ་ཕྱེ་ནས་ཕྱི་རོལ་དུ་བུད།
“ང་ཐོན་དང་། ཕྱི་རོལ་ནས་འཁྱགས་ཀྱང་འཁྱགས་ཀི ཁྱོད་ཀྱི་ཚོང་ལ་དལ་འགོར་ཡང་བྱེད་མི་རུང་། ཁོར་ང་ལ་ཁ་པར་གཏོང་དུ་ཆུགས། ཨ།”
“ཡ་ཡ། རྗེས་ཕྱོགས་ཡར་མར་ལ་འགྲོ་ན་ང་ལ་ཁ་པར་ཐོངས་དང་། ང་ལེན་དུ་ཡོང་། ངའི་ཁ་པར་ཨང་གྲངས... ...”
ཁ་ལོ་བས་རླངས་འཁོར་གྱི་སྒེའུ་ཁུང་ལས་མགོ་བོ་ཕྱི་རུ་བསྲིངས་ཤིང་སྒོ་འབྱེད་ལ་ཁད་ཀྱིས་དེ་ལྟར་བཤད་པས། ཁྱོད་ཀྱང་ཁ་ཕྱིར་འཁོར་ནས་བདེ་མོའི་ལག་བརྡ་ཞིག་བསྟན།
“ཡ་ཡ། མི་དགོས། ང་ལ་རླངས་འཁོར་ཡོད། དེ་རིང་མ་སྐོར།”
ཁ་ལོ་བས་ཕྱེད་ཙམ་ཕྱེ་བའི་རླངས་འཁོར་གྱི་སྒོ་ཡང་མ་གཏན་པར། ཁྱོད་ཀྱི་རྗེས་སུ་བལྟས་འདུག་ནའང་། ཁྱོད་ཀྱི་སྐད་ཆ་དེ་གསལ་བོ་ཞིག་གོ་མེད་པ་ཁོ་ཐག་ཡིན་ཏེ། ཕྱི་རོལ་ནས་ཙག་རླུང་ཅུང་ཟད་རྒོད་པར་མ་ཟད། ཁྱོད་ཀྱིས་སྐད་ཆ་ཐུང་ངུ་དེ་བཤད་པའི་གོ་རིམ་ཁྲོད་དུ་སེམས་སུ་རང་ཉིད་ཀྱིས་རྒྱུས་མེད་ཅིག་ལ་རང་ཉིད་རླངས་འཁོར་ཡོད་མེད་བཤད་དགོས་དོན་ཡོད་དམ་སྙམ་ཏེ་ཡ་ཆུང་དུ་གནོང་ཞིག་སྐྱེས་པས། སྐད་མགོ་ཡང་རང་ཤུགས་ཀྱིས་ཇེ་དམར་ཕྱིན།
གསུམ།
ཨ་ཞང་ཚང་དུ་འབྱོར་དུས། ཁོ་ཚང་གི་བཟའ་མི་གང་བོས་མེ་ཁོག་ཅིག་བསྐོལ་ནས་དལ་ཅག་གེར་དགོང་ཚལ་འཐུང་གི་འདུག དམར་ཁ་ཚ་དང་ཤ་ཡི་དྲི་མས་ཁྱོད་ལ་གློ་བུར་ཟས་ཀྱི་ཡི་ག་འཕེལ་བར་བྱས་ཏེ་ཐོག་ལྭ་ཕུད་ནས་འབོལ་ཁྲིའི་སྟེང་ལ་གཡུགས་རྗེས། མྱུར་དུ་ཟ་ཁང་དུ་ཕྱིན་ཞིང་ཟས་ཅོག་མཐའ་ཡི་རྐུབ་སྟེགས་ཤིག་གི་སྟེང་དུ་བསྡད་དེ་ཆུང་མའི་གདོང་ལ་བལྟས་ནས་བསྡད་ནའང་། ཆུང་མས་ཁྱོད་ལ་བལྟ་ཙམ་བྱས་རྗེས་ཁ་ཡ་བྱས་མ་སོང་། ཁྱོད་ཀྱིས་ཆུང་མས་རང་ཉིད་ལ་ཐུར་མ་ཞིག་གམ་དཀར་ཡོལ་དང་ཐུར་མ་ཆ་ཚང་ཞིག་ཁྱེར་ཡོང་བར་རེ་བ་ཡིན་མོད། ཆུང་མས་སྣང་མེད་དུ་བསྐྱུར་སོང་། ཨ་ཞང་གིས་ཁྱོད་ཀྱི་རྣམ་འགྱུར་མཐོང་སོང་བ་འདྲ་སྟེ། རང་ཉིད་ཀྱི་མདུན་དུ་ཡོད་པའི་གཞུང་ཐུར་བླངས་ནས་ཁྱོད་ལ་བྱིན་རྗེས། རང་གི་ཆུང་མ་དང་བུ་མོ་གཉིས་ལ་“སོང་ནས་མག་པར་དཀར་ཡོལ་ཞིག་ཁྱེར་ཡོང་ན་མི་ཆོག་གམ”ཞེས་བཤད་པར། ཨ་ནེ་ཡར་ལངས་རྩིས་བྱས་ཀྱང་ཁྱོད་ཀྱིས་དེ་མ་ཐག་རང་ཉིད་སོང་ན་ཆོག་ཚུལ་བཤད་པས། ཨ་ནེ་ཕྱིར་ཙོག་ཅིང་ཁྱོད་ཀྱིས་རང་ཉིས་ཀྱི་ཆུང་མའི་གདོང་ལ་སླར་ཡང་གཟབ་ནན་གྱིས་གཅིག་བལྟས་རྗེས། མདུན་དུ་ཙོང་ཕྲུག་བླུགས་ཡོད་པའི་དཀར་ཡོལ་དེ་བླངས་ནས་ཟ་མགོ་བརྩམས།
“ཁྱོད་ཀྱིས་དེའི་ནང་ལ་ཟོས་ནས། ང་ཚོར་ཙོང་མི་དགོས་སམ།”
ཆུང་མས་མྱུར་དུ་ཁྱོད་ལ་ཕྱོགས་ནས་སྐད་བརྒྱབ་བྱུང་། མོའི་སྐད་མགོ་མཐོ་རྒྱུ་མེད་ནའང་གདོང་གི་ཞེ་སྡང་གིས། ཁྱོད་ཀྱི་ངོ་གདོང་ཡང་སྔར་ལས་ནག་རོག་གེར་བཏང་།
“ང་ཚོར་ཙོང་དགོས་ན་གཙབས་ན་ཆོག་ནི་རེད། མག་པ། ཁྱོད་ལ་ཙོང་ལས་མི་དགོས་པ་མིན་ནམ། དེའི་ནང་དུ་ཟོ་དང་འགྲིག་ནས་བསྡད་འདུག
“... ...”
ཤ་ཟོ་དང་། ཤ་འདི་ངས་ཁ་སང་ང་རྩེ་ཁོག་ནས་ཉོ་རུ་བཅུག་ནས་སྐུར་ཡོང་བ་རེད། འབྲོག་ཤ་ངོ་མ་རེད། ཁྱོད་ཤ་ལ་དགའ་བ་མིན་ནམ།
“ཡ་ཡ།”
“ངས་ཆང་དགའ་ཞིག་ཀྱང་ཉོས་ཡོད། ཅུང་ཙམ་གྱིས་འུ་གཉིས་ཀྱིས་འཐུང་ཡ། བྱུང་ཡིན་ན་སྐམ་ཤ་བཙོས་ནས་ཆང་འཐུང་ན་བཟང་ཡང... ...”
“ཁྱོད་ལ་ཡོང་ཁོམ་མེད། དགོང་ཚོགས་ལ་ཞིབ་བཤེར་བྱེད་དུ་འགྲོ་དགོས་ཟེར་བ་མིན་ནམ།”
ཆུང་མས་མོའི་ཨ་ཕའི་ཚིག་མཚམས་བཅད་ནས་མུ་མཐུད་དུ་འཁང་ར་བྱས།
“ཨ་ཞང་། དེ་དགོང་འཐུང་ཉན་རྒྱུ་མ་རེད། དགོང་ཚལ་འཐུང་རྗེས་ང་ཕྱིར་སློབ་གྲྭའི་ནང་དུ་ལོག་དགོས།”
ཡིན་ནའང་ཁྱོད་ཀྱིས་མོར་ཁ་ཡ་མ་བྱས་པར་ཨ་ཞང་ལ་བལྟས་ནས་འཛུམ་ཞིག་བསྟན། ཏག་ཏག་སྐབས་དེར། འབོལ་ཁྲིའི་སྟེང་དུ་གཡུགས་པའི་སྟོད་ལྭའི་ཁུག་མའི་ནང་ནས་ཁ་པར་སླེབས་པའི་དབྱངས་རྟ་གྲགས་བྱུང་བས། ཁྱོད་ཀྱིས་དེ་མ་ཐག་གཡུ་མཚོ་སྒྲོལ་མ་ཡིད་ལ་འཁོར་བྱུང་། གླ་གཏོང་རླངས་འཁོར་ལས་ཁ་བརྡ་མགོ་འཁོར་སོང་བས། མོར་རང་ཉིད་མི་ཡོང་ཞེས་བཤད་རྒྱུའང་བརྗེད་སོང་། ཁྱོད་མྱུར་དུ་ཡར་ལངས་ནས་འགྲུལ་ཁང་དུ་ཕྱིན་ཞིང་སྟོད་ལྭ་ཁུག་མའི་ཁ་པར་བླངས་པར་དངོས་གནས་གཡུ་མཚོ་སྒྲོལ་མ་ཡིན་འདུག
ཁ་པར་སྣེ་ལེན་བྱས་པར། གཡུ་མཚོ་སྒྲོལ་མས་སྐད་དམའ་མོས་རྐང་ཐང་ལ་ཡོང་གི་ཡོད་པ་མིན་ནམ་ཞེས་དྲིས་སོང་།
“ང་ཁྱིམ་ན་ཡོད། དགོང་ཚལ་འཐུང་གི་ཡོད། དོན་དག་ཡོད་ན་ཕྱིར་སློབ་གྲྭའི་ནང་དུ་ལོག་རྗེས་བཤད།”
ཁྱོད་ཀྱིས་སྣང་དོགས་ཅི་ཡང་མེད་པར་དེ་ལྟར་བཤད་ཅིང་། སྐད་གདངས་ལ་ཡང་རྒྱུན་ལྡན་མིན་པའི་རྟགས་ཅི་ཡང་མི་འདུག
“ཡ་ཡ།”
གཡུ་མཚོ་སྒྲོལ་མས་སྐད་དམའ་མོས་ལན་སྤྲད་རྗེས་མྱུར་དུ་ཁ་པར་གཏན་སོང་།
“ཅི་རེད། རེམ་པོར་འགྲོ་དགོས་པ་མིན་ནམ།”
ཁྱོད་ཀྱིས་ཁ་པར་བཟུང་ནས་ཕྱིར་ཇ་ཁང་དུ་ལོག་སྟེ་འདུག་སྟེགས་སུ་བསྡད་ཅིང་ཁ་པར་ཅོག་ཙེའི་སྟེང་དུ་བཞག་པ་ན། ཆུང་མ་དང་ཨ་ནེ་གཉིས་ཀྱིས་སྣང་དོགས་ཅི་ཡང་མི་བྱས་པར། ཟ་འཐུང་གི་ནང་ལ་མགོ་འཁོར་ནས་མ་ལོན་པར་ཡོད་ནའང་། ཨ་ཞང་གིས་ཁྱོད་ལ་གནས་ཚུལ་དྲིས་ཤིང་གཟབ་ནན་གྱིས་གདོང་ལ་བལྟས་ནས་བསྡད།
“མ་རེད། ཟ་མ་ཟོས་རྗེས་སོང་ན་ཆོག”
“ཡ་ཡ།”
“མག་པ། ལོ་འགའི་སྔོན་ལ་ཁྱོད་བཟའ་ཟླ་གཉིས་ཀྱིས་ལུག་གསོ་རྩིས་བྱེད་བཞིན་ཡོད་ཟེར་བ་དེ་ཅི་བྱས་སོང་།”
བར་སྐབས་ཤིག་ལ། བཟའ་མི་གང་བོ་དལ་ཅག་གེར་ཟ་འཐུང་གི་ནང་ལ་མགོ་འཁོར་ནས་བསྡད་ཡོད་དུས་ཨ་ནེས་གློ་བུར་སྐད་མཐོན་པོས་དེ་ལྟར་དྲིས་པས་ཁྱོད་མོའི་གདོང་ལ་ཅེར།
“དཔྱིད་ཀར་ཐོན་ན། ཁོ་ཚང་གི་ནུ་བོ་བཟའ་ཟླ་གཉིས་ཀ་ལུག་གསོ་རུ་འགྲོ་རྒྱུ་ཐག་གཅོད་བྱས་ཡོད། ལོ་འདི་གཉིས་ལ་ཁོའི་ལས་གནས་གཏན་འཁེལ་བྱེད་མ་ཐུབ་པས་དལ་འགོར་བྱས་སོང་བ་མིན་ནམ།
“ད་ལྟ་ལས་གནས་བདེ་ལ་བབས་ཡོད་པ་མིན་ནམ།”
“ངས་བྲག་དཀར་འདབས་ཀྱི་ཁོ་ཚོའི་སྔོན་ཆད་ཀྱི་ཁ་རང་ཡོད་སར་སོང་ན་བཟང་གི་འདོད་ཀྱང་། ཁོས་རྫ་མགོ་སྡོད་ཁང་ཡང་མེད། ཁང་བ་ཆུང་ཆུང་ཞིག་ཕིབས་ན་ཆོག་ཀྱང་གློག་མེད་པས། དེར་ལྟོས་ན་རི་མའི་སྡེ་རྙིང་གི་ཤུལ་དུ་སོང་ནས་གསོ་ཟེར།”
ཆུང་མས་མྱུར་དུ་ལན་བཏབ་ཅིང་། ཁྱོད་ཀྱི་གདོང་ལ་བལྟས་ནས་འཁང་རའི་ཉམས་ཤིག་བསྟན།
“དེས་ན་ལུག་ཉོས་སམ།”
“གླེན་བཤད་མ་རྒྱག དགུན་ཁར་ལུག་ཉོས་ནས་གང་ལ་འཇུག་དགོས། མག་པའི་འཆར་གཞི་དཔྱིད་ཀར་སོང་ནས་ཉོས་རྗེས་གསོ་རྒྱུ་དེ་ཡིན་ནམ།”
ཨ་ཞང་གིས་མྱུར་དུ་ཨ་ནེར་ལྡོག་འདྲི་ཞིག་བྱས་པས། མོའི་གདོང་ལ་ཡང་མ་དགའ་བའི་ཉམས་ཤིག་ཤར།
“འོ་ལོས། ང་ཚོའི་སྡེ་རྙིང་དེའི་རྩྭ་ས་ཡང་རྫ་མགོར་མི་དོ་ཡང་མི་བཟང་རྒྱུ་མེད། ཁྱིམ་ཁ་གསུམ་བཞི་ཞིག་གིས་ལུག་བརྒྱ་ཤོག་ཡས་མས་རེ་གསོ་བཞིན་འདུག ཡིན་ནའང་། ངས་བལྟས་ན་ལུག་ལས་བ་གླང་གསོས་ན་བཟང་ཁ་ཞིག་རེད།”
“ལུག་གསོས་ན་མི་བཟང་ངམ། བ་གླང་གསོས་ན་ཉམས་མྱོང་ཡང་མེད་པས། གཞན་གྱིས་བཤད་ན་བ་གླང་གསོ་རྒྱུ་དེ་ཤིན་ཏུ་དཀའ་ཟེར། ངས་ཀྱང་རྩད་གཅོད་ཅིག་བྱས་པ་ཡིན།”
“འོ་ལོས།”
ཆུང་མས་ཨ་ཞང་ཁ་མ་གྲགས་སྔོན་ལ་དེ་ལྟར་བཤད་ཅིང་ཨ་ཞང་གིས་བདེན་པིའ་བརྡ་རུ་མགོ་ལྕོག་ལྡེམ་ལྡེམ་བྱས་པས་ཁྱོད་ཀྱིས་མྱུར་དུ་དོན་དག་དེ་གླེང་མཚམས་བཞག་ན་བསམས།
“ཨ་ཞང་། དོན་དག་དེ་དཔྱིད་ཀར་ཐོན་ན་བཤད་ཨེ། ཁྱོད་ཚོས་ཀྱང་ད་དུང་འདང་ཞིག་རྒྱོབ། དཔྱིད་ཀར་ཐོན་ན་ཅི་གསོས་ཀྱང་ཆོག གཙོ་བོ་ཡོང་འབབ་བཟང་དགོས།”
“མག་པ། ཁྱོད་ཚང་གི་ཨ་ཞང་ངེད་གཉིས་ཀྱིས་ཀྱང་ལུག་འགའ་ཉོས་ཏེ་ཁྱོད་ཚང་ལ་བཅོལ་ནས་འཚོ་རུ་འཇུག་འདོད་ཡོད་ཀྱང་། ཁྱོད་ཚང་གི་ནུ་བོས་གསོ་རྒྱུ་ཡིན་ནམ། ཞོར་གཅིག་རེད་ཨང་། ལུག་ལྔ་བཅུ་ཙམ་ལས་ཁུགས་རྒྱུ་མ་རེད། བ་གླང་ཉོས་ནའང་ཆོག”
“ཨ་མ། དེ་ལོས་ཆོག་ཡ། དེར་ཁྱོད་ཀྱིས་སེམས་ཁུར་བྱེད་མི་དགོས། ངེད་གཉིས་ཀྱིས་ཁོའི་ནུ་བོར་མནའ་མ་བླངས་ན། ལུག་འགའ་གསོ་རོགས་བྱེད་ལོས་ཐུབ་ཡ།”
དོན་དག་ཡོད་ཚད་མ་བུ་གཉིས་ཀྱིས་ཐག་གཅོད་བྱས་སོང་བས། ཁྱོད་ཀྱིས་མུ་མཐུད་དུ་མགོ་བསྒུར་ནས་མེ་ཁོག་ཟོས། ཡུན་རིང་ཞིག་ལ་མེ་ཁོག་ཟ་མ་ཐུབ་པས་ཁྱོད་ཀྱིས་རྒྱག་ཆད་པ་ཞིག་ཟོས། ལྷག་པར་དུ་ཨ་ཞང་གིས་རྩེ་ཁོག་ནས་ཉོས་པའི་སྐམས་ཤ་དེར་བྲོ་བ་ཁྱད་པར་ཞིག་ལྡན་པས། ཁྱོད་ཀྱིས་ལོབས་ཕྱོགས་ལྟར་ཟ་མའི་རྗེས་ལ་ཁུ་ནག་ལྕགས་གོར་གང་འཐུངས་ཤིང་། ལམ་ལ་ཆས་ཁར་རིལ་དཀར་ཞིག་འཐུངས་ནས་མཚན་མོར་རང་ཉིད་ཀྱི་ཁོག་པ་མི་བཤལ་བའི་སྨོན་ལམ་བཏབ།
ཨ་ཞང་ཚང་དུ་ཨ་ཞང་རྒན་རྒོན་གཉིས་དང་རང་ཉིད་ཀྱི་ཆུང་མ་ལས། བྱིས་པ་ཚོ་སློབ་གྲྭར་བཅའ་སྡོད་བྱས་ཏེ་ཁྱིམ་དུ་མེད་པས། དགོང་ཚལ་དེ་ནམ་རྒྱུན་ལས་ལྷོད་ལྷོད་ངང་ཟ་ཐུབ་སོང་།
བྱིས་པ་ཚོ་ཡོད་ཚེ། ཁྱོད་ཀྱིས་དེ་དག་ལ་སྒྲིག་ལམ་བཅའ་ཞོར་གཡོགས་ཀྱང་བྱེད་དགོས། ལྷག་པར་དུ་མེ་ཁོག་ཟ་དུས་དམར་ཚ་ལ་སེམས་ཆུང་བྱེད་དགོས་པས་སྐྱིད་པོ་ཞིག་ཡོང་དཀའ། ཆུ་ཚོད་བདུན་པ་ཡོལ་མཚམས་སུ། ཁྱོད་ཀྱིས་དགོང་ཚོགས་ཀྱི་དུས་ལ་ཐོན་པར་ཁ་གཡར་ནས་ལམ་ལ་ཆས་རྩིས་བྱས་པར། ཆུང་མ་ཡར་ལངས་ཏེ་ཟས་ཅོག་སྟེང་གི་སྣོད་ཀ་ཅར་བདག་བྱེད་མགོ་བརྩམས་བྱུང་།
“ཁྱོད་དེ་དགོང་འདི་ནས་འདུག་རྒྱུ་ཡིན་ནམ།”
ཁྱོད་ཀྱིས་མེ་ཁོག་གི་སླ་ང་ཅོག་ཙེའི་སྟེང་ནས་བླངས་ཏེ་ཐབ་སྟེགས་སྟེང་ལ་འཇོག་རོགས་བྱས་རྗེས་དཀར་ཡོལ་བཀྲུ་བཞིན་པའི་ཆུང་མའི་ཕྲག་པར་འཇུས་ནས་སྐད་དམའ་མོས་དེ་ལྟར་དྲིས།
“ཁྱོད་ཀྱང་དགོང་ཚོགས་གྲོལ་ན་འདིར་ཤོག་ཡ། ངས་ཅུང་ཙམ་གྱིས་ཨ་མར་ཁྲུས་ཤིག་ཀྱང་བྱེད་དགོས། མོའི་སྐྲ་གཟའ་འཁོར་གཅིག་ལ་བཀྲུས་མེད། ཟ་འཕྲུག་ལངས་ནས་མི་བཟོད་ཀི་ཟེར།”
ཆུང་མས་དཀར་ཡོལ་བཀྲུ་བ་ལས་ཁྱོད་ལ་བལྟ་ཙམ་ཡང་མ་བྱས་པས། ཁྱོད་ཀྱིས་ཀྱང་མོའི་ཕྲག་པར་བཞག་པའི་ལག་པ་ཕྱིར་བླངས་ནས་ལམ་ལ་ཆས་རྩིས་བྱས།
“ཡ་ཡ། ང་ལ་སློབ་གྲྭའི་ནང་ན་དོན་དག་མང་། དགོང་མོར་ཅུང་ཙམ་འཕྱི་འགྲོ་བ་འདྲ། འཕྱི་སོང་ན་མི་ཡོང་རྩིས་བྱ།
“དེས་ན་ཁྱོད་ཀྱིས་ལྟོས།”
“ཡ་ཡ། ང་ཐད་ཀར་ཡུལ་ལ་འགྲོ། ཁྱོད་ཀྱིས་ཨ་ནེར་རོགས་བྱོས།”
ཁྱོད་ཀྱི་སྐད་ཆ་དེ་ཁེར་ལབ་ལྟ་བུ་ཞིག་ཏུ་གྱུར་བས། ཆུང་མས་སྐད་ཆའི་མཇུག་གསལ་བོར་ཐོས་མེད་པ་ཁོ་ཐག་ཡིན་ནའང་ཁྱོད་ཀྱིས་ཁ་ཡ་མ་བྱས།
ཨ་ཞང་ཚང་གི་ཁང་རྩེག་ཆུང་ཆུང་ཉིས་ཐོག་ཅན་དེའི་སྒོར་བུད་ཅིང་། ཉིས་ཐོག་གི་རྡོ་སྐས་ལས་སེམས་ཆུང་ངང་མར་བབས་དུས། ཁྱོད་ཀྱིས་རང་ཉིད་ཀྱི་ལུས་ན་མེ་ཁོག་གི་དྲི་མ་ཁ་བོ་ཞིག་མཆེད་ཀྱིན་པ་ཚོར། མཚན་མོའི་མུན་པ་སྟུག་པོ་དང་ར་སྐོར་ནང་གི་གློག་འོད་ཟ་ཟི་དེ་གཉིས་ཡོངས་སུ་འདྲེས་ནས་སྒོ་ཆེན་ཕྱོགས་སུ་འཐེན་པའི་ལམ་ཆུང་དེ་སྐྱ་ཐལ་ལེར་བཏང་འདུག ཁྱོད་ཀྱིས་ཁུག་མ་ལས་ཁ་པར་བླངས་ཤིང་གློག་ཕྱེས་ནས་ལམ་ནང་དུ་བགར་རྗེས་ཕྱིར་མིག་ཙམ་ཡང་མ་བལྟས་པར་སྒོར་བུད་ཅིང་། ཤིང་སྒོ་ཆེན་མོ་དེ་ཁྲོག་གེར་གཏན་རྗེས་ཁ་པར་གྱི་གློག་གཟིམས་ཤིང་གཡུ་མཚོ་སྒྲོལ་མར་ཁ་པར་བཏང་།
བཞི།
གཡུ་མཚོ་སྒྲོལ་མས་ཁྱིམ་ན་ཆུ་མོག་བསྐོལ་ནས་ཁྱོད་ལ་སྒུག་འདུག མོའི་བུ་མོ་བཅའ་སྡོད་སློབ་གྲྭར་ཡོད་པས་ཡུལ་ལ་ལོག་མེད་ཅིང་། བྱིས་བསྙོར་ཁང་དུ་འགྲོ་བཞིན་པའི་བུས་ཁྱོད་ནང་དུ་སླེབས་པ་མཐོང་བ་དང་། དགའ་འབོད་བྱེད་བཞིན་ཚུར་བརྒྱུགས་ཡོང་།
“ཨ་མ། ཨ་ཁུ་སླེབས་བྱུང་།”
“ཁྱོད་གཉིས་ཀྱིས་དགོང་ཚལ་འཐུང་ན་མི་ཆོག་གམ། ངས་ཁྱིམ་ནས་འཐུང་ཟིན། བྱིས་པ་ལྟོགས་སུ་བཅུག་ནས་ཅི་བྱེད།”
“ཨ་ཁུ། ཁྱོད་ཀྱིས་དམར་ཁ་ཚའི་མེ་ཁོག་ཟོས་པ་ཡིན་ནམ། ཨ་མ་ངེད་གཉིས་ཀྱང་ཟ་རུ་ཁྲིད་ན་མི་ཆོག་གམ།”
ཁྱོད་ཀྱིས་ལམ་བར་ནས་ཞོར་ཟས་འགྱིག་ཁུག་གང་ཉོས་ཡོད་པ་དེ་ལས། ཁྲོག་ལེབ་ཅིག་དང་ཝ་ཧ་ཧ་ཞིག་བླངས་ནས་གཡུ་མཚོ་སྒྲོལ་མའི་བུའི་ལག་ཏུ་བཞག་ཅིང་མགོར་བྱིལ་བྱིལ་ཅིག་བྱས་རྗེས། འགྱིག་ཁུག་དེ་ཁོའི་སྔུན་ལ་བུད་པའི་གཡུ་མཚོ་སྒྲོལ་མར་སྟེར་བཞིན་དེ་ལྟར་བཤད་པ་ན། མོས་འགྱིག་ཁུག་བླངས་ནས་ཁོའི་སྟོད་ལྭ་ཕུད་རོགས་བྱས་ཤིང་། སྒོའི་ནང་རོལ་གྱི་གོས་སྒྲོམ་སྟེང་ལ་བཀལ་བ་ལས་ཅི་ཡང་བཤད་མ་སོང་།
ཁྱོད་ཀྱིས་ལྷམ་ཕུད་ཅིང་གཡུ་མཚོ་སྒྲོལ་མས་ཁྱེར་ཡོང་བའི་འདྲུད་ལྷམ་གོན་ཞིང་འབོལ་ཁྲིའི་སྟེང་ལ་ལྟིག་སེ་ཙོག་རྗེས། མོའི་བུ་པང་དུ་བཟུང་སྟེ་ཁ་བརྩེས་པས་ཁང་བའི་ནང་དེ་མ་ཐག་དགོད་སྒྲས་ཁེངས་སོང་།
གཡུ་མཚོ་སྒྲོལ་མས་མྱུར་དུ་ཇ་ཁང་ནས་ཐུར་མ་དང་དཀར་ཡོལ། དམར་ཁ་ཚ་དང་སྐྱུར་ཁུ་ཁྱེར་ཡོང་ནས་ཁྱོད་ཀྱི་མདུན་ལ་དཀར་ཡོལ་ཞིག་བཞག་ཅིང་ཐུར་མ་བྱིན་ཞིང་། མདུན་ཅོག་སྟེང་དུ་སྔོན་ནས་བཞག་པའི་ཆུ་མོག་སྡེར་མའི་སྟེང་དུ་བཀབ་པའི་ཁ་གཅོད་དེ་བླངས་རྗེས། མོའི་བུ་ཚུར་བོས་བྱུང་།
“གཅེས་ཁོ། ཁྱོད་ཨ་ཁུའི་སྟེང་ལ་འབྱར་ནས་མ་འདུག ཨ་ཁུས་ཉིན་གང་བོར་ལས་ཀ་ལས་ནས་ཆད་ཡོད་ནི་རེད།”
“སྐྱོན་མེད་ཀི ཁྱོད་མ་བུ་གཉིས་ཀྱིས་སྔོན་ལ་འཐུང་དགོས་ནི་རེད་ཡ།”
གཡུ་མཚོ་སྒྲོལ་མས་མོའི་བུ་ཆུང་བ་ཕར་ལེན་རྩིས་བྱས་མོད། ཁྱོད་ཀྱིས་ལེན་དུ་མ་བཅུག་པར་མུ་མཐུད་དུ་ཁ་བརྩེས།
“ངས་ཁྱོད་ཡོང་གི་ཡོད་བསམས་ནས་ཆུ་མོག་བསྐོལ་ཟིན། སྐོལ་རྒྱུ་སྔ་སོང་། ད་ཅུང་ཙམ་འཁྱགས་ནས་འབྱར་ཡང་ཡོད་ན་ཐང་།”
“ཡ་ཡ། ངས་འཐུང་ཟིན།”
སྐད་ཆ་ངག་སྒོར་ཐོན་མ་ཐག་ཁྱོད་ཀྱིས་མ་འགྲིག་རྟོགས་པས། སྐད་མགོ་ཡང་རང་ཤུགས་ཀྱིས་ཇེ་དམར་ཕྱིན་སོང་། ཡིན་ནའང་གཡུ་མཚོ་སྒྲོལ་མ་འཛུམ་ཙམ་བྱས་པ་ལས་ཡིན་མིན་གྱི་སྐད་ཆ་ཅི་ཡང་མ་བཤད།
“ཁྱོད་ཀྱིས་འབྱར་མེད་པ་དག་བསལ་ནས་ཟོ་དང་། ང་སོང་ནས་ཁྱོད་ལ་ཁུ་བ་ཞིག་བཅུས་ནས་ཡོང་། ཁུ་བ་ངས་སླར་ཡང་བསྲོས་ཟིན། ཁོལ་མ་ཡིན། ཆུ་མོག་བསྲོས་ན་ཞིམ་རྒྱུ་མ་རེད་འདོད་ནས་མ་བསྲོས།”
“ཡ་ཡ། ཆུ་མོག་གི་ཁུ་བ་དཀར་ཡོལ་གང་བཅུས་དང་། འུ་སུ་ཞིག་ཀྱང་ཡོད་ན་ཁ་ལ་ཉུང་ཉུང་ཞིག་བཏབ་ནས་ཁྱེར་ཤོག་དང་།”
ཁྱོད་ཀྱིས་ཨ་ཞང་ཚང་ནས་མེ་ཁོག་རྒྱག་ཆད་པ་ཞིག་ཟོས་ཟིན་མོད། གཡུ་མཚོ་སྒྲོལ་མས་མོའི་བུ་ཕར་ཁྱེར་ཞིང་མེ་ཁོག་བྱང་སླ་ཟེར་ནས་ཡང་ཡང་ནན་བྱས་པས། ཁྱོད་ཀྱིས་ཀྱང་ཆུ་མོག་ལྔ་དྲུག་ཅིག་ཟོས་ཤིང་ཆུ་མོག་གི་ཁུ་བ་དཀར་ཡོལ་གཉིས་འཐུང་བ་ན། ཕོ་བ་སྦས་ནས་མ་གཞི་ནས་ཆེ་བའི་གསུས་པ་དེ་སྦྲུམ་མ་འདྲ་ཞིག་ཏུ་གྱུར་སོང་། ཁྱོད་ཀྱིས་ཚིལ་ལེན་ཡར་འཐེན་ནས་གསུས་པའི་སྟེང་ལ་ཐལ་ལྕག་གིས་ཡང་མོར་ལན་འགར་གཞུས་པ་ན། གཡུ་མཚོ་སྒྲོལ་མས་མཐོང་སྟེ་ལག་པས་ཁ་བཅད་ནས་དགོད་སྒྲ་ལྷུག་ལྷུག་ཕྱུངས་ཤིང་། མོའི་བུ་ཚུར་བརྒྱུགས་ཡོང་ནས་ཁྱོད་ཀྱི་གསུས་རྗེན་སྟེང་ལ་ཐལ་ལྕག་ཅིག་གཞུས་རྗེས་དགོད་སྒྲ་ལྷང་ལྷང་འབྱིན་བཞིན་ཕར་བྲོས་སོང་།
“ཁྱོད་ཕྱིར་སློབ་གྲྭའི་ནང་དུ་ལོག་དགོས་སམ།”
གཡུ་མཚོ་སྒྲོལ་མས་འཁྱགས་སྒམ་ལས་ཁུ་ནག་ལྕགས་གོར་ཞིག་དང་ཝུ་ཆང་ལྕགས་གོར་གཉིས་ཁྱེར་ཡོང་ནས་ཁྱོད་ཀྱི་མདུན་ལ་བཞག་རྗེས། མདུན་ཅོག་སྟེང་གི་སྣོད་ཀ་ཅར་བདག་བྱེད་མགོ་བརྩམས།
“ཁ་པར་མ་སླེབས་ན་མི་དགོས། སང་ཉིན་དགོང་མོར་ལས་རེས་ཡིན།”
“དེས་ན་ཝུ་ཆང་དེ་འཐུང་དང་། ཟས་བྱང་སླ།”
གཡུ་མཚོ་སྒྲོལ་མས་གཙང་ཤོག་ཅིག་གིས་ལག་པ་ཕྱི་ནང་གཉིས་ཀ་གཙང་མར་ཕྱིས་རྗེས་ཝུ་ཆང་ཞིག་གི་ཁ་ཕྱེས་ཏེ་ཁྱོད་ལ་གཏད་རྗེས། ཅོག་ཙེའི་སྟེང་གི་སྣོད་ཀ་ཅ་དག་ཇ་ཁང་དུ་ཁྱེར་ཞིང་། ལག་པ་གཙང་མར་བཀྲུས་ཤི་ཕྱིས་རྗེས་ཕྱིར་ལོག་སྟེ་ཁྱོད་གམ་དུ་བསྡད་ཅིང་འབྱར་ནས་ལག་མཐིལ་གྱིས་ཁྱོད་ཀྱི་གསུས་པར་ཕུར་ཕུར་བྱས།
ཕལ་ཆེར་ཆུ་ཚོད་གཅིག་ཙམ་འགོར་སོང་། གསུས་པ་ཇེ་བདེར་ཕྱིན་པས་ཁྱོད་གཉིད་ལྕོག་ཅིག་བརྒྱབ་བྱུང་། གཡུ་མཚོ་སྒྲོལ་མའི་བུས་ཨ་མའི་མངགས་བཀོད་ལྟར་ཉི་ཁྱམས་ནང་ན་ཝ་ཧ་ཧ་འཐུང་ཞོར། ཁ་པར་ལས་འགུལ་རིས་ཤིག་ལ་བལྟས་ནས་བསྡད་འདུག
“ཁྱོད་ནམ་ཞིག་ལ་ཕྱིར་ལོག་དགོས།”
“ཁྱོད་ཀྱིས་ང་བདའ་ན་འདོད་དམ།”
“བདའ་དགོས་སམ། ཁྱོད་ལ་འདི་ནས་འདུག་པའི་དཔའ་ཞིག་ཡོད་དམ།”
གཡུ་མཚོ་སྒྲོལ་མས་ཁྱོད་ཀྱི་འགྲམ་པར་འོ་ཞིག་བྱས་པས། ཁྱོད་ཀྱིས་མོ་ཚུར་འཐེན་ནས་རང་ཉིད་ཀྱི་པང་ལ་ཁ་སྤྲོད་ཀྱིས་ཙོག་ཏུ་བཅུག་པར། མོའི་བུ་ཆུང་བས་ཁོ་གཉིས་ཀྱི་ཕྱོགས་སུ་བལྟས་ཙམ་བྱས་ནའང་། ཁྱོད་ཀྱིས་སྣང་དོགས་མ་བྱས་ལ་གཡུ་མཚོ་སྒྲོལ་མས་བལྟ་ཙམ་ཡང་མ་བྱས།
“ཁོག་པ་ཇེ་བདེར་འགྲོ་བཞིན་ཡོད་དམ།”
“དོ་ནུབ་ཁྱོད་ཀྱིས་བདའ་ནའང་ང་འདི་ཞག་འདུག་བྱེད་རྒྱུ་ཡིན།”
“ཁྱོད་ལ་དེའི་དཔའ་ཡོད་དམ། ཁྱོད་ཚང་གི་ཨ་སྟག་ལྷ་མོས་ཡང་ཁྱོད་ལ... ...”
གཡུ་མཚོ་སྒྲོལ་མས་ཁོའི་མཆུ་སྒྲོས་ལ་འོ་ཞིག་བྱས་ཤིང་སོ་འབྲད་ཅིག་བྱས་རྗེས། དམ་དུ་བསྡམས་ནས་བསྡད།
“ངས་བལྟས་ན་ཁྱོད་སྐྲག་གི་ཡོད་ཁ་ཞིག་རེད། ཁྱོད་ཚང་གི་སེང་ཆེན་ནོར་བུ་དགྲ་འདུལ་གྱིས་ཉལ་ཁར་ཁྱོད་ལ་སྐད་འཕྲིན་བརྙན་སྦྲེལ་བྱས་ནས་ཁ་བརྡ་བྱེད་དགོས་པ་མིན་ནམ།”
“ཁྱོད་ངོ་མ་འདུག་ཉན་ནམ།”
“ཅི་རེད། ངོ་མ་འདུག་མི་ཉན་ནམ།”
“མ་རེད། དེས་ན་ང་སོང་ནས་ཞི་ལི་རེམ་མ་གཉིད་དུ་འཇུག ཁྱོད་ཀྱི་ལུས་ན་མེ་ཁོག་གི་དྲི་མས་ཁྱབ་འདུག ཁྲུས་ཤིག་བྱོས་དང་། ངས་གློག་བརྒྱབ་ཡོད།”
གཡུ་མཚོ་སྒྲོལ་མ་ཡར་ལངས་རྩིས་བྱས་ཀྱང་། ཁྱོད་ཀྱིས་མོ་དམ་པོར་བསྡམས་ནས་ཉི་ཁྱམས་ཀྱི་ཕྱོགས་སུ་བལྟས་པ་ན། མོའི་བུ་གཉིད་ལ་ཤོར་འདུག་པ་མཐོང་། ཁྱོད་ཀྱིས་མིག་བརྡ་ཞིག་བསྟན་པ་ན། གཡུ་མཚོ་སྒྲོལ་མས་ཀྱང་ཕར་འཁོར་ནས་མགོ་བོ་ཀྲོག་ཀྲོག་གིས་ཞིབ་ལྟ་ཞིག་བྱས་ཤིང་མཐོང་བའི་བརྡ་ལ་འཛུམ་ཞིག་བསྟན་རྗེས། ཁྱོད་དམ་དུ་བསྡམས།
ཁྱོད་ཀྱིས་གཡུ་མཚོ་སྒྲོལ་མར“བུ་ཆུང་བསྙལ་རྗེས་དགའ་བདེར་རོལ”ཟེར་འདོད་པ་ཡིན་མོད། མོས་རང་ཉིད་ཀྱི་མཆུ་སྒྲོས་ལ་སོ་བཏབ་ཅིང་ཁ་ནང་ལ་ལྕེ་བཏང་བར་མ་ཟད། ལུས་ཇེ་གྲིམ་ལ་སོང་ཞིང་དབུགས་ཀྱི་རྒྱུ་བ་ཡང་ཇེ་རྩུབ་ལ་སོང་བས། ཁྱོད་ཀྱིས་ཀྱང་མོའི་བུ་ལ་ཁ་ཡ་མ་བྱས་པར། མོ་པང་དུ་བཟུང་ནས་མལ་སའི་ནང་དུ་ཕྱིན་ཏོ།།
2022ལོའི་ཟླ11པའི་ཚེས30ལ།