ཁ་གྱའི་སངས་བཀྲ། 1972ལོར་སྐྱེས། 《 ཟླ་ཟེར》 དང《 སྦྲང་ཆར》 《 བོད་ཀྱི་རྩོམ་རིག་སྒྱུ་རྩལ》 《 གངས་ལྗོངས་རིག་གནས》སོགས་སུ་སྙན་ངག་དང་ལྷུག་རྩོམ། སྒྲུང་གཏམ། དཔྱད་རྩོམ། བསྒྱུར་རྩོམ་ཉིས་བརྒྱ་ལྷག་བཀོད། སྔ་ཕྱིར་སྐབས་གཉིས་པའི《 ཟླ་ཟེར》རྩོམ་རིག་བྱ་དགའ་དང་ཀན་སུའུ་ཞིང་ཆེན་སྐབས་ལྔ་བའི་གྲངས་ཉུང་མི་རིགས་རྩོམ་རིག་བྱ་དགའ། མཚོ་སྔོན་ཁྲིམས་ལུགས་ཚགས་པར་གྱི་བྱ་དགའ། གངས་རྒྱན་བུམ་པའི་རྩོམ་རིག་བྱ་དགའ་སོགས་ཐོབ། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་ལྷན་ཚོགས་དང་ཀན་སུའུ་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཁོངས་མི་དང་། ཀན་ལྷོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན། ད་ལྟ་གཙོས་གྲོང་ཁྱེར་སློབ་གསོ་ཅུས་སུ་སློབ་གསོའི་བྱ་བ་གཉེར་བཞིན་ཡོད།
འདི་ལྟར།
སྨྲ་འདོད་ཀྱི་མགྲིན་པ་ཚིག་གིས་བརྣངས་ཤིང་།
ཕྱིར་མིག་གི་མཐོང་ལམ་མཆི་མས་བསྒྲིབས་ཏེ།
ལག་ཟུང་གཡུགས་གཡུགས་ཙམ་ཡང་མེད་པར།
ཁྱེད་དང་ཁད་ཀྱིས་རྒྱང་དུ་བཀྱེད་པར་དགོངས་དག་ཞུ།
དོན་ངོ་མར།
ཁྱེད་དང་འཕྲད་པ་ནས
ཐོབ་ཤོར་ལ་བློ་ཁ་མ་ཕྱོགས་པར།
རྒྱལ་ཕམ་ལ་སྣང་དོགས་མ་ཤོར་བར།
བྱ་རྒོད་ཅིག་གིས་གནམ་འཕང་གཅོད་པ་བཞིན།
རྟ་མཆོག་ཅིག་གིས་སྤང་ཐང་དཀྱུ་བ་བཞིན།
རང་ལུས་དེ་ཤ་ཟད་རུས་ཟད་དུ་ཁྱེད་ལ་སྦྱར་ཞིང་།
རང་སེམས་དེ་ཕྱི་གསལ་ནང་གསལ་དུ་ཁྱེད་ལ་འཐིམ་སྟེ།
རེ་སྨོན་ཁྲི་ཕྲག་གི་སྒུལ་ཤུགས་སུ་བསྐུངས་ཏེ་མདུན་དུ་སྐྱོད་དུས།
ཕུགས་བསམ་གྲངས་མེད་ཀྱི་རྒྱབ་དཔུང་དུ་འགྲེང་སྟེ་ལམ་ལ་ཆས་དུས།
ང་ནི།
མུན་ནག་གི་གདོང་ལ་གཏད་པའི་འོད་ཀྱི་ཀ་བ་བཞིན།
རེ་སྙེག་གི་གོམ་ཁ་སྒྲུག་པའི་དུས་ཀྱི་ཕོ་ཉ་བཞིན།
འོད་སྣང་གི་ལམ་སྣེར་ཞུགས་པ་གཞར་ཡང་ལྷོད་མ་མྱོང་།
དུས་རབས་ཀྱི་རེ་སྐུལ་འབྲི་བ་གཏན་དུ་འཇགས་མ་མྱོང་།
མི་དམངས་ཀྱི་འདོད་བློ་འགུག་པའི་སྒྲ་དབྱངས་དེ་སུས་སྒྲོག
ཆོས་ཉིད་ཀྱི་བདེན་པ་བདར་བའི་ཀི་སྒྲ་དེ་སུས་བཏབ།
སྒེའུ་ཁུང་ཕྱེ་སྟེ་འོད་སྣང་མཐོང་འདོད་དེ་སུའང་ཡོད་ངེས།
སེམས་རྒྱ་གྲོལ་ཏེ་ཕྱི་ཡུལ་འགྲིམ་འདོད་ཅིག་ཀུན་ལ་མངའ་སྲིད།
དེ་བས།
ལས་སྐལ་གྱི་རྡོག་ཁྲེས་དེ།
ཚེ་སྲོག་གི་གདམ་ག་དེ།
དམིགས་འདུན་གྱི་ཕྲག་ཏུ་བླངས་པ་ནས།
འཚོ་བའི་སྙིང་བོར་སྒོམ་པ་ནས།
སེམས་པ་ལ་ཤེས་བཞིན་གྱི་ལྕགས་རི་བརྩིགས་ཏེ།
ཆགས་ཞེན་དང་བསླུ་བྲིད་ཀྱི་མངར་ཁ་ཟློག་ཅིང་།
རང་བློ་ལ་དཔྱོད་ཤེས་ཀྱི་ཁྲབ་རྨོག་གྱོན་ཏེ།
མུན་སྤྲུལ་དང་ཚུལ་འཆོས་ཀྱི་མཆེ་སྡེར་འགོག་དུས།
ང་ནི།
ལོ་ཟླའི་ཕྲེང་བ་ཐོད་ལ་བརྩེགས་ཤིང་།
དུས་ཀྱི་འགྱུར་བ་གདོང་གིས་བསུ་བའི།
དབྱངས་གསལ་གསེར་གྱི་མྱུ་གུ་སྐྱོར་བའི་སོ་ནམ་པ།
ཤེས་རིག་གཡུ་ཡི་གླིང་ག་སྲུང་བའི་མེལ་ཚེ་བ།
ཡང་ན།
རྨི་ལམ་ལ་ཚོན་མདོག་སྤྲོ་མཁན་དེའམ།
རྡོག་སྒྲ་ལ་འགྱུར་ཁུགས་སྩོལ་མཁན་དེའོ།
རེ་བཞག་གི་གུར་ཁུང་ཆུང་ཆུང་ཞིག་ཕྱེ་སྟེ།
ཁྱེད་ལ་དུངས་པའི་དབུ་ཁྱུད་བྲིས་པ་ནས།
བྱམས་བརྩེའི་ས་བོན་རྔུལ་ཁྲག་གིས་བསྙལ་བའི་གཡར་དམ་ཕུལ་ཞིང་།
རིག་པའི་གཤོག་ཟུང་དཔུང་སྟོབས་ཀྱིས་འདེགས་པའི་མནའ་ཚིག་བོར་ནས།
ནམ་ལངས་ཀྱི་དེ་ཕོ་ལྟ་བུའི་འབོད་སྐུལ་ཁྲོད་ནས།
རྟོགས་སད་ཀྱི་སྐྱ་རེངས་ཡང་དང་བསྐྱར་དུ་བསུས་ཤིང་།
ལྕགས་དབྱུག་ཁབ་ཏུ་བརྡར་བའི་གཏམ་རྒྱུད་ཁྲོད་ནས།
ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་སུ་འགྲོ་བའི་བདེན་པ་བསྙད།
ད་དུང་།
འོད་ལ་འཐིམ་པའི་བརྩེ་བ་དེ་སྒྲོག་གིན།
མུན་པར་འཐབ་པའི་སྤོབས་པ་དེ་སྐྱེད་ཀྱིན།
ལམ་ལ་ཆས་ཤིང་།
རྒྱང་དུ་བསྐྱོད་དུས།
དངོས་སམ་མངོན་དུ་གྱུར་པ་ནི།
གསོན་པོར་གནས་འཆའ་བའི་བཤུལ་རྗེས་དང་།
བདེན་པར་ཚེ་སྲིང་བའི་དན་རྟགས་སུ།
ཉོན་མོངས་ཀྱི་སྙིང་ག་རུ་སྨྱུག་རྩེ་བཙུགས་ཤིང་།
མིག་ཟུང་གི་སྐར་ཚོགས་ལ་འོད་སྣང་སྤྲོས་པ་དེ་ལས།
ང་ལ།
མཚར་སྣང་གི་མིག་སྒོ་གཅོད་བྱེད་ཀྱི།
འདོད་སེམས་ཀྱི་གཏིང་སར་ཉར་ཐུབ་པའི།
མི་རིགས་ལ་བསྟབས་པའི་གཏང་རག་ཅི།
གངས་ལྗོངས་ལ་ཕུལ་བའི་ལེགས་སྐྱེས་གང་།
མི་ཚེ་ཡི་རིན་ཐང་དང་ངོམ་སོ་རུ་བགྲང་ཆོག་པ་དེ་བས་ཀྱང་ངོ་།།
ང་ལ་ཅི་ཡང་མེད་ཨང་།
རྒྱུ་མཚན་དེའི་རྐྱེན་པས།
འདི་ལྟར་རྒྱང་ནས་རྒྱང་དུ་བཞུད་དུས།
ངའི་སྨྲ་བརྗོད་དེ་འདོད་རྔམ་གྱི་མེ་ལྕེ་ཡིན་ཡང་འབར་ཚར།
ངའི་གོམ་ཁ་དེ་ཆགས་ཞེན་གྱི་མཚོ་མོར་སྲིད་ཀྱང་གླུད་ཚར།
ད་ནི་ཡོད་ཚད་ཟད་ཀྱང་འཛད་ཚར་ན།
ང་ལ་ཞི་འཇགས་ཤིག་གནང་རོགས།
ཁོ་བོར་ལྷོད་གཡེང་ཞིག་སྩོལ་རོགས།
ང་རང་མངོན་ཆུང་གིས་ཆུ་མོ་བཞིན་འཁྱིལ་བར་འདོད།