ལོ་མང་པོ་ཞིག་གི་རྗེས་སུ། ཀུན་བཟང་གིས་རང་གི་ཆུང་མ་དེ་དྲན་དུས་ཕྱི་དྲོ་འོད་ཀྱིས་བརྟས་པ་དེ་དྲན་སྲིད་ལ། ཕྱི་དྲོ་དེ་བརྒལ་རྗེས་ནམ་ཡང་སངས་ཐབས་མེད་པའི་སྨག་ནག་སྟུག་པོ་དེ་དྲན་སྲིད། ད་དུང་རང་གི་ཆུང་མས་བསྒྲགས་པའི་སྐྱོམ་འགུལ་ཅི་ཡང་ཐེབས་མ་ཐུབ་པའི་ཐ་ཚིག་དེ་དག་དྲན་སྲིད།
༼༢༽
རྒས་པོ་ཀུན་བཟང་གསོན་ངོགས་སུ་ཡོད་དུས་ང་དང་འབྲེལ་འདྲིས་མང་པོ་བྱུང་མྱོང་མེད། འོན་ཀྱང་། ཆུང་དུས་ཁོང་ཚང་གི་ལུག་མ་སྨད་གསུམ་རྟག་པར་ངེད་ཚང་གི་ལུག་དང་མཉམ་དུ་བསྲེས་ནས་ཡོད་པས། ང་ལུག་རྫིར་འགྲོ་དུས་དེ་དག་མཉམ་དུ་དེད་ཕྱིན་པ་དང་ལུག་ལྷས་ལ་བསྡུ་དུས་དེ་དག་ཁོང་ཚང་གི་སྒོ་རར་བསྡུ་རོགས་བྱ་གི་ཡོད་པས། རྒས་པོས་རྟག་པར་ང་ལ་བུ་རམ་ཁ་ཤས་རྔན་པར་སྟེར་བ་དང་མཉམ་དུ་མགོ་ལ་བྱིལ་བྱིལ་བྱ་བཞིན“འཛམ་གླིང་། ངའི་རྒས་མོའི་ལུས་ཡིན་པ་འཁྲུལ་མེད་རེད། བུ་ཁྱོད་མགྱོགས་པོར་ལོན་ལ། ངེད་ཚང་གི་རྒྱུད་པ་འཛིན་དགོས”ཞེས་ཟེར་བ་ཡིན་པས་ངས་ཀྱང་ཧ་གོ་བའི་ཚུལ་གྱིས་ཨ་ལན་ཞིག་སྟེར་ནས་ནང་ལ་ལོག་འགྲོ་བ་ཡིན། ཕྱིས་སུ། ང་རང་སློབ་གྲྭར་ཕྱིན་པས་རྒས་པོ་ཀུན་བཟང་དང་འབྲེལ་འདྲིས་བྱ་བའི་དུས་ཚོད་ནི་སྔར་བས་ཉུང་དུ་ཕྱིན་པས། ངས་རང་གི་ཚེ་སྲོག་ཁྲོད་དུ་དུད་རོགས་ཤིག་གི་རྟུལ་ཞུགས་འཛིན་པའི་རྒས་པོ་འདི་ཧ་ལམ་བརྗེད་ལ་ཉེ་བའི་ཚོད་དུ་བསླེབས། དེ་ནས་ཕྱིས་སུ། ང་རང་ལྷ་སར་མཐོ་འབྲིང་འགྲིམས་བཞིན་ཡོད་དུས་ཨ་ཕ་དང་ཁ་པར་འབྲེལ་ཐེངས་གཅིག་གི་ཁྲོད་ནས་རྒས་པོ་ཀུན་བཟང་མི་ཡུལ་དང་གྱེས་པའི་གཏམ་དེ་གོ་བྱུང་བས་ངས་ཀྱང་ཆེས་རྒྱུན་གཏན་གྱི་རྣམ་འགྱུར་ཞིག་གིས་ལན་སྟེར་བ་ཡིན། རྒས་པོ་ཀུན་བཟང་གི་འཆི་བ་ནི་ངའི་ངོས་ནས་བཤད་ན་ལོ་མ་ཞིག་ས་ལ་ཟགས་པའམ་ཐལ་རྡུལ་ཉག་ཕྲ་བ་ཞིག་ས་ཡི་གས་སྲུབས་གང་རུང་ཞིག་ལ་འཛུལ་བ་དང་ཁྱད་མེད་པར་གྲགས་འགུལ་ཅི་ཡང་མེད།“གང་ལྟར། རྒྱུ་ལུས་ནི་གཡར་བོ་ཞིག་ཡིན་པས་ན། མི་ཡུལ་དུ་སླེབས་པའི་སྐད་ཅིག་མ་དེར། རྒྱུས་ཡོད་རྒྱུས་མེད་འདྲ་བའི་མི་མང་པོ་ཞིག་རང་དང་རུབ་ནས་བཀྱེད་ཀྱིན་ཡོད་པས། ཁ་བྲལ་བ་ནི་ཆོས་ཉིད་རེད”བསམས།
གཞིས་ནིང་ལོའི་དབྱར་གནང་ལ་ང་རང་ཕ་ཡུལ་དུ་སྡོད་པའི་དུས་ཚོད་འབེལ་ཙམ་བྱུང་བས། ངས་རང་ཉིད་ཀྱི་བྱིས་དུས་ཀྱི་ཚོར་བ་ལུས་པའི་ཡུལ་འདི་རྒྱུས་ལོན་ཡག་པོ་ཞིག་བྱ་བའི་འཆར་གཞི་བཏིང་ཞིང་། ཕ་ཡུལ་གྱི་རི་ར་བ་ཁང་ཁྱིམ་ཡོད་ཚད་ལ་བསྐོར་བ་ལན་གསུམ་བརྒྱབ་པ་དང་རྒས་འཁོགས་ལོ་ལོན་དག་ལ་སྔར་སོང་གི་ལོ་རྒྱུས་ཞིབ་འདྲི་མང་ཙམ་བྱས་པས། རྒྱུས་མངའ་གཏིང་ཟབ་ཞིག་གམ་ཕ་ཡུལ་ལ་སྔར་དང་མི་འདྲ་བའི་ཚོར་བ་ཞིག་བསླེབས་སོང་།
“རྩྭ་རའི་ཐང་གི་ཁང་རྙིང་དེའི་བདག་པོ་རྒས་པོ་དེ་མི་ཡུལ་དང་གྱེས་ནས་ལོ་མང་པོ་ཕྱིན་པས། གྲོང་བའི་མི་དག་གིས་ཧ་ལམ་བརྗེད་ལ་ཉེ་ཡོད་ས་རེད། འོན་ཀྱང་། ཁང་པ་རྙིང་པ་དེ་བདག་མེད་ཤུལ་དུ་ལུས་པ་སྙིང་རེ་རྗེ”ངས་ཉིན་ཞིག་མ་ཎི་ཁང་གི་སྒོ་མདུན་དུ་ཉི་མར་ལྡེ་ནས་ཡོད་པའི་རྒས་འཁོགས་དེ་དག་ལ་གཟས་ནས་དེ་ལྟར་བཤད་པས། རྒས་པོ་འབྲུག་རྒྱས་ཀྱིས་མ་ཎི་འདོན་མཚམས་བཞག་ནས། ང་ལ“བུ། འདུས་བྱས་ཐམས་ཅད་མི་རྟག་པ་ཟེར་བ་མ་ཡིན་ནམ། སྔོན་ཆད་རྒྱུ་འབྱོར་བ་ཀླུ་ལ་འགྲན་པའི་ཁྱིམ་ཚང་དེ་ད་ལྟའི་གནས་སུ་གྱར་བ་འདི་ཡང་མི་རྟག་པའི་ཆོས་ཉིད་ཡིན་པ་སྨོས་མི་དགོས། ཨོཾམཎིཔདྨེཧཱུྃ“ཟེར་བཞིན་གཉེར་མདུད་ཟབ་མོ་ཞིག་བརྒྱབ། དེ་ནས། མུ་མཐུད་དུ“འཆར་ཅན་ལ། བུ་གཅིག་པུ་དེས་ཁྱིམ་ཚང་གི་རྒྱུད་འཛིན་དགོས་པ་ཡིན་མོད། སྡུག་རྒྱུ། མ་དག་ལས། མནའ་མ་བསུས་ནས་རིང་པོར་མ་ཕྱིན་པར། མནའ་མ་ཡུལ་ལྷ་གཞི་བདག་དང་མ་འཕྲོད་པས་ཚེ་ལས་འདས་པ་རེད། ང་ཚོས་ཁོ་ལ་མནའ་མ་གསར་བ་ཞིག་ལེན་དགོས་ལུགས་དང་། ཁྱིམ་ཚང་གི་རྒྱུད་པའི་བསང་དུད་དྲོན་མོ་མ་ཆད་ཡུན་ནས་སྤེལ་དགོས་ལུགས་བཤད་ཀྱང་། མི་ཨུ་ཚུགས་ཅན་ཞིག་ཡིན་པས་ཁ་ལ་མ་ཉན”ཞེས་ཟེར་ནས་སླར་ཡང་གཉེར་མདུད་ཟབ་མོ་ཞིག་བརྒྱབ་ནས་མ་ཎི་བཟློ་མགོ་བརྩམས་སོང་བས། ངས་ཀྱང་འོ་བརྒྱལ་བཟོ་བ་དོགས་ནས་མུ་མཐུད་དུ་སྐད་ཆ་མ་དྲིས། དུས་དེ་ནས་བཟུང་། ཀུན་བཟང་ཟེར་བའི་རྒས་པོ་ལོ་ལོན་འདི་ངའི་བསམ་པའི་རྩིགས་ལྡེབས་ངོས་སུ་ཡུན་ནས་ཡུན་དུ་འཆར་ཡོང་། ཚོར་བ་དེ་ནི་སྨག་རུམ་སྟུག་པོ་ཞིག་ནས་མཆེད་ཡོང་བ་ཞིག་གམ། ཡུན་རིང་སེམས་ལ་བསྙལ་བའི་འོ་ཞོ་དང་འདྲ་བར་ད་ནི་སྐྱུར་དྲི་ཁག་བྱུང་བས་ངེས་པར་དུ་མཐིལ་གྱི་རྟིང་མ་རྟོགས་དགོས་བསམས་བྱུང་།
སྟོན་ཁར་ང་རང་གྲོང་ཁྱེར་པེ་ཅིང་དུ་སློབ་གྲྭར་ཕྱིན། ནང་སར་བསྡད་པའི་རིང་ཕ་ཡུལ་དྲན་པའི་འདུན་པ་ནི་འགོག་ཐབས་ཤིག་མེད་ལ། ཕ་ཡུལ་དང་འབྲེལ་བའི་གཏམ་རྒྱུད་མང་པོ་ཞིག་རྣ་བས་བླགས་ནས་ཉན་དགོས་བྱུང་བས། ངས་ཀྱང་སླར་ཡང་རྒས་པོ་ཀུན་བཟང་དང་འབྲེལ་བའི་གཏམ་རྒྱུད་མང་པོ་ཞིག་གོ་ཐོས་སུ་བྱུང་།“ཐེངས་ཤིག་རྒས་པོ་དེ་ཉལ་སར་ལྷུང་ནས་ཡོད་དུས། ང་རང་ཉེ་སར་ཁྲིད་ཕྱིན་ནས། ང་ལ་ཁྱོད་ཁོའི་རྒས་མོའི་ལུས་ཡིན་རབས་དང་། གོག་བགྲོད་ནུས་པའི་དུས་ནས་བཟུང་། ཁོང་ཚང་གི་ཅ་ལག་མང་པོ་ཞིག‘འདི་ངེད་ཚང་གི་རེད’ཟེར་གི་ཡོད་ལུགས་ང་ལ་བཤད་བྱུང་། མཐེ་བོང་གནམ་ལ་བསྒྲེངས་ནས། ཁྱོད་ཁོང་ཚང་གི་རྒྱུད་འཛིན་དུ་བཅུག་རོགས་ཟེར་གི་འདུག ཤི་ལ་ཁད་པའི་ཚེ་སྲོག་ཞིག་ལ་བློ་ཕངས་སུ་བཅུག་ན་ལས་ཀྱི་མཐའ་མ་ཡིན་པས། ངས་ཁོར་ཁས་བླངས་པ་ཡིན། འོན་ཀྱང་། དེ་ཚོ་ཚང་མ་རྨོངས་དད་ཡིན་པས་ཁྱོད་ཀྱིས་སེམས་ལ་མ་གཟུང་ཨ”ཨ་ཕས་ངའི་དོགས་འདྲིར་ཁ་གཏད་གཅོག་ཆེད་དུ་དེ་སྐད་བཤད་བྱུང་ལ། མཐུད་ལ“དེང་སང་ཆར་ཞོད་ཆེ་ཙམ་འདུག་པས། རྒས་པོ་ཀུན་བཟང་གི་ཁང་རྙིང་དེ་ཐོག་བརྡིབ་པའི་ཉེན་ཁ་འདུག”ཞེས་བཤད་བྱུང་། གང་ལྟར། ལོ་མང་པོ་ཕྱིན་པའི་དེ་རིང་། ངས་གཞི་ནས་དུད་རོགས་རྒས་པོ་དེར་དོ་སྣང་བྱ་འགོ་བརྩམས། ངར་ཐག་སྣེ་གཅིག་གིས་བཟུང་ནས་ཡོད་པའི་ཕ་ཡུལ་དང་ཕ་ཡུལ་གྱི་མི་སེར་དཀྱུས་མ་དེ་དག་དང་དེ་དག་གི་མི་ཚེ་ལ་དོ་སྣང་བྱ་འགོ་བརྩམས།
ཕྱིས་ཀྱི་ཕྱིས་སུ། ངས་དུས་ཡུན་ཤིན་ཏུ་རིང་བའི་རྨི་ལམ་ཞིག་རྨི་འགོ་བརྩམས། ཡིག་ཚོགས་མང་བར་དོགས་ནས། རྨི་ལམ་གྱི་འབྱུང་རིམ་ཆ་ཚང་གླེང་ལོངས་མེད་ཀྱང་། རོབ་ཙམ་ཞིག་བརྗོད་པ་བྱས་ནས། བྱས་པའི་དོན་ལ་ཆུད་མི་འཛའ་བ་ཞིག་ཡོང་བའི་རེ་བ་ཡོད།
“འཛམ་གླིང་། རྫུན་མིན། ངེད་གཉིས་མཉམ་དུ་འདུག་ཐུབ་སོང་ན། ངས་ཁྱོད་ལ་མི་ཚེ་གཅིག་ལྟ་སྐྱོང་བྱ་ཆོག”ཕོ་གཞོན་དེས་ང་ལ་དེ་ལྟར་བཤད་བྱུང་། རབ་རོབ་ཀྱི་སྣང་བརྙན་ཁྲོད་དེ་རུ་བླ་མ་རྩ་ཆེན་ཞིག་གིས་དབང་སྐུར་བཞིན་ཡོད་ལས་ཆེ། ང་དང་ཕ་མ་གཉིས་ཉིན་དེར་རིའི་སྐེད་ཀྱི་འགྲོ་ལམ་ལུག་གི་རྒྱུ་མ་འདྲ་བ་དེ་དེད་ནས་དགོན་པར་དབང་ཞུ་བར་ཕྱིན། དགོན་པར་བསླེབས་དུས་དད་ལྡན་མང་ཚོགས་རྣམས་སྔར་ནས་ཟང་ཟིང་ལང་ལོང་གིས་གྲལ་བསྟར་བསྒྲིགས་བཞིན་མཆིས་ལ། གདོང་ལ་དགའ་བའི་མཛུམ་མདངས་རྒྱས་ནས། བླ་མ་རྩ་ཆེན་དེས་དབང་བསྐུར་བར་རེ་བས་ཁེངས་ནས་འདུག ང་རང་ཨ་ཕའི་རྗེས་སུ་འབྲངས་ནས་མི་ཚོགས་མང་པོ་ཞིག་བརྒལ་ནས། དགོན་པའི་ཟུར་ན་ཡོད་པའི་ཁང་ཆུང་ཞིག་གི་ནང་དུ་འཛུལ། ཁང་ཆུང་ནང་དུ་ཐབ་ལ་མེ་བསྒོས་འདུག་པས། ལུས་ཡོངས་རྫོགས་དྲོད་ལམ་ལམ་དུ་བྱུང་། དེ་ནས། དགེ་ཚུལ་ཞིག་གིས་གདོང་ལ་འཛུམ་མདངས་འཕྱུང་བཞིན“ཨ་ཕ། ནང་ལ་སྡོད་དང་། ངས་རྩམ་ཐུག་བསྐོལ་བཞག་ཡོད། མགྱོགས་པོར་ཁོལ་བ་འདུག ཨ་ཅེ་དབྱངས་ཅན་ཡང་བསླེབས་འདུག དབང་བསྐུར་བར་ད་དུང་དུས་ཚོད་ཏོག་ཙམ་འདུག་པས། ལྷོད་ལྷོད་ངང་རྩམ་ཐུག་གང་འཐུང་དང་། འོ། ཨ་མ་བསླེབས་མེད་དམ།”“མ་རྒན་མོ་ཏོག་ཙམ་ནས་སླེབས་པ་ཡོད”ཨ་ཕས་ལན་སྟབས་བདེ་པོ་ཞིག་བཏབ། དེ་ལྟར་ང་རང་གཉིད་ལས་སད། བསམ་མནོ་བཞི་གསུམ་བཅུ་གཉིས་བཏང་ཡང་རྨི་ལམ་ནང་གི་ཨ་ཕ་དང་ཨ་མ་མིང་པོ་དགེ་ཚུལ་བཅས་ཀྱི་ཚུགས་ཀ་ཙམ་ཡང་བརྗོད་རྒྱུ་མི་འདུག དེ་བས། ཁ་ནས་འཛམ་གླིང་འཛམ་གླིང་ཟེར་མནའ་སྐྱེལ་མཁན་གྱི་ཕོ་གཞོན་དེའི་བཟོ་ལྟ་ནི་དེ་བས་ཀྱང་སྨྲ་བརྗོད་ལས་འདས། རྨི་ལམ་དེ་ཡ་མཚར་པོ་ཞིག་རེད། མ་མཐར་ཡང་། དུས་ཚོད་ལ་ནོར་འཛོལ་བྱུང་འདུག ངས་ང་རང་ཕ་མ་དང་མཉམ་དུ་དགོན་པར་དབང་ཞུ་བར་ཡོང་བའི་གོ་རིམ་ལས། ཕོ་གཞོན་དེ་དང་ཇི་ལྟར་འཕྲད་པའི་གོ་རིམ་བརྗོད་རྒྱུ་མི་འདུག འོན་ཀྱང་། ཐག་ཆོད་པ་ཞིག་ལ། རྨི་ལམ་དུ་ང་ནི་མོ་གཞོན་ཞིག་རེད་འདུག མིང་ལ་དབྱངས་ཅན་ཟེར་བའི་མོ་གཞོན་ཞིག་རེད་འདུག
ཉིན་ཞིག་གི་ཕྱི་དྲོར་སློབ་ཚན་མེད་པས། ང་རང་རོགས་པ་ཁ་ཤས་ཤིག་དང་མཉམ་དུ་ཨ་རིའི་ཚན་འཕྲུལ་གློག་བརྙན《རྨི་ལམ་བརྐུ་བའི་བར་སྟོང》 (盗梦空间) ཟེར་བ་ཞིག་བལྟ་རུ་ཕྱིན་པ་ཡིན། བྲེད་ཤ་སློང་བའི་གློག་བརྙན་དེ་བལྟས་རྗེས་ངས་རྨི་ལམ་དང་དངོས་ཡོད་ལ་བསམ་ཚུལ་ལམ་ལྟ་སྟངས་གསར་པ་ཞིག་བྱུང་། རྨི་ལམ་ཡོད་དོ་ཅོག་དངོས་ཡོད་འཚོ་བའི་གྲིབ་གཟུགས་ལྟ་བུ་ཞིག་ཡིན་ལ། དངོས་ཡོད་འཚོ་བ་ནི་རྨི་ལམ་ཡོད་ཚད་ཀྱི་གཟུགས་དང་ཕུང་པོ་ཞིག་ཡིན། དེ་ལྟར་བརྩིས་ན། རྨི་ལམ་དང་དངོས་ཡོད་གཉིས་ལ་གཟུགས་དང་གྲིབ་མ་འདྲ་བར་མ་བྲལ་མཉམ་དུ་གནས་ཡོད་པས། རྨི་ལམ་རྨིས་པ་ནི་དངོས་ཡོད་འཚོ་བའི་ལྡོག་འཕྲོ་ཞིག་ཡིན་ལ། དངོས་ཡོད་འཚོ་བ་ནི་རྨི་ལམ་རྒྱང་ལ་བསྲིངས་བྱེད་ཀྱི་ཉི་འོད་ལྟ་བུ་ཞིག་རེད་བསམས་བྱུང་། དེ་ལྟར་བསམས་ནས། སྡོམ་ཚིག་ཞིག་རྒྱག་དགོས་བསམས་རུང་། ངས་རང་གིས་ཉེ་ཆར་རྨི་བཞིན་པའི་རྨི་ལམ་དེ་ཡིད་ལ་འཁོར་བྱུང་།
རྨི་ལམ་ནང་གི་ཕ་མ་དང་མིང་པོ་ཕོ་གཞོན་བཅས་ངའི་དངོས་ཡོད་འཚོ་བ་དང་འབྲེལ་བ་སྤུ་ཙམ་ཡང་མི་འདུག རྨི་ལམ་ནི་དངོས་ཡོད་ཀྱི་ལྡོག་འཕྲོ་ཞིག་ཡིན་ཙ་ན། ངའི་རྨི་ལམ་དེ་གཟུགས་མེད་པའི་ལྡོག་འཕྲོ་ཞིག་ཡིན་པ་འདུག མ་མཐར་ཡང་། མཐར་གཏུགས་སའི་དངོས་ཡོད་འཚོ་བ་ཞིག་ཡེ་ནས་མི་འདུག དེ་ལྟར། དོགས་སློང་རབ་དང་རིམ་པ་བྱུང་ཡང་ལན་ཞིག་མ་བརྙེད་པས་ང་རང་སྔ་པོ་ནས་ཉལ་བ་ཡིན།
དགོན་པའི་བསང་དུད་ཁྲོད་དུ། ཕོ་གཞོན་ཞིག་གིས་ང་ལ་གཟས་ནས།“བུ་མོ་དབྱངས་ཅན། ད་གིན། ངས་ཨ་མར་ཁྱོད་ཀྱི་ཨ་མ་ལ་གཉེན་སློང་རོགས་ཞུས་ཡོད། འཛམ་གླིང་། ངེད་གཉིས་མཉམ་དུ་འདུག་ཐུབ་སོང་ན། ངས་ཁྱོད་མི་ཚེ་གཅིག་གི་རིང་ལ་ལྟ་སྐྱོང་བྱ་ཆོག འཛམ་གླིང་། མིས་མི་བཟའ་མནའ། ཁྱིས་མི་བཟའ་ལྕགས”ང་སླར་ཡང་གཉིད་ལས་སད་བྱུང་། ཉལ་ཁང་གཅིག་པའི་སློབ་གྲོགས་ཚོ་ནི་སྔར་བཞིན་རྨི་ལམ་གྱི་ཞིང་དུ་མྱུལ་བཞིན་འདུག་ལ། རེ་འགར་ཡང་སྔུར་བ་ཡང་མོ་རེ་འཐེན་པ་བྱེད། སྒེའུ་ཁུང་ལས་འཕྲོ་ཡོང་བའི་བཅོ་ལྔའི་ཟླ་འོད་དེས་ཉལ་ཁང་ཧྲིལ་པོ་དཀར་སང་ངེར་བཏང་འདུག་པས། ངས་རང་དབང་མེད་པར་གྱེས་ནས་རིང་པོར་ཕྱིན་པའི་ཕ་ཡུལ་དྲོན་མོ་དེ་དྲན་ལྷང་ངེ་བ་ཞིག་བྱུང་།
རྨི་ལམ་མ་རྨིས་པར་ཉི་མ་མང་པོ་ཕྱིན་སོང་ལ། ཕ་ཡུལ་དང་འབྲེལ་བའི་གཏམ་ཡང་གོ་རྒྱུ་མེད་པར་ཉི་མ་མང་པོ་ལུས་སོང་། ཉིན་འདི་དག་གི་རིང་། ཡིག་རྒྱུགས་བཏང་བར་བྲེལ་དགོས་པས། མགོ་སྤུ་མེས་འཚིག་སོང་རུང་ཕུ་འདེབས་ལོང་ཞིག་མི་འདུག་པས། དོན་དག་མང་པོ་ཞིག་ཀྱང་ཆུ་ཡི་ལྦུ་བ་བཞིན་དུ་སྐད་ཅིག་ཉིད་ལ་ཡང་བསམ་པའི་རྒྱ་ཡན་ལ་ཤོང་ཐབས་བྲལ།
“དངུལ་རྫོགས་དུས་གཞི་ནས་ཁྱིམ་ལ་འབྲེལ་བ་བྱ་རྒྱུ་ཤེས་སོང་ངམ། ཁ་པར་མ་བརྒྱབ་པར་ཟླ་བ་གཅིག་ཕྱིན་འདུག ངས་ཕར་རྒྱག་བསམ་རུང་ཉིན་ལ་སློབ་ཚན་འཚོགས་པར་དོགས་ནས་བརྒྱབ་མེད། མཚན་ལ་ངལ་གསོས་ཟིན་པ་རེད་བསམས་ནས་འབྲེལ་བ་བྱས་མེད། ནང་མི་སེམས་ཁྲལ་བྱེད་རྒྱུ་རེད་མི་བསམ་པ་ཡ་མཚན་རེད”ཨ་ཕས་ཁ་པར་གྱི་ཕར་ཕྱོགས་ནས་ལེ་བདའ་དང་བཅས་ང་ལ་དེ་སྐད་བཤད་བྱུང་།“ཨ་ཕ། ཡིག་ཚད་ཀྱི་བྲེལ་བས་དུས་ཚོད་མོད་པོ་མི་འདུག མ་གཞི་ཁྱེད་ཚོ་བདེ་མོ་ཐང་མོ་ཨེ་ཡིན” “ཚང་མ་བདེ་མོ་ཐང་མོ་ཡིན། འོན་ཀྱང་། དེ་རིང་ཁས་ཉིན་ཆར་ཞོད་ཆེ་བས་ཀུན་བཟང་གི་ཁང་པ་བརྡིབས་འདུག སྡེ་དཔོན་གྱིས་བདག་མེད་ཤུལ་དུ་ལུས་པའི་ཁང་པ་འདི་འདྲ་ཞིག་ཉར་ནས་བསྡད་པ་ལས་ཀྲོང་ཙེ་ཅིས(装载机)བཤིགས་ནས་ཁང་པ་དེ་བསྙིལ་ནས་གྲོང་ཚོར་བུ་བཅོལ་ཁང་ཞིག་དགོས་པས་དེར་བརྒྱབ་ན་ཡག་པོ་ཡོད་ལུགས་ཟེར་གི་འདུག་ལ། གྲོང་མི་མང་ཆེ་བར་མོས་མཐུན་འདུག”“འོ་རེད། དེ་ཡག་པོ་རེད། གྲོང་ཚོའི་ཕྲུ་གུ་དག་གི་ཚོགས་དང་བསོད་ནམས་རེད། དེ་མིན་གནས་ཚུལ་གསར་པ་འདྲ་འདུག་གམ”“ད་ལོ་ཆར་ཞོད་ཆེ་བས་། ཀུན་བཟང་གི་ཁང་པ་ཙམ་མ་ཟད། འབྲོག་སྡེའི་ནོར་ལྷས་མང་པོ་ཞིག་ཆུས་ཁུར་སོང་། ཤང་སྲིད་གཞུང་གིས་འགོ་ཁྲིད་དག་བསླེབས་ནས་ཡག་ཤོས་བྱུང་ན་རུ་སྡེ་རི་མཐོ་ས་ཞིག་ལ་སྤོར་དགོས་རེད་ཟེར་གི་འདུག ད་ནི། ལས་ཀ་མང་པོ་ཡོང་གི་འདུག”“འོ་ཡ་ཡ”ངས་ཡུད་ཙམ་ཞིག་ལ་ལན་འདེབས་མ་ཤེས་པར་ལུས། བྱེས་ལ་གྱར་བ་ནས་བཟུང་། ང་དང་ཕ་ཡུལ་དབར་གྱི་འབྲེལ་བ་ནི། ཅུང་ཟད་ཁྱད་མཚར་པོ་ཞིག་ལ་གྱུར་འདུག ཕ་ཡུལ་གྱི་ཡོད་ཚད་ལ་རྣ་བ་བླགས་དགོས་བྱུང་རུང་། ཕ་ཡུལ་གྱི་ཡོད་ཚད་མིག་གིས་ཟིན་མ་ཐུབ། ཕ་ཡུལ། ཐ་སྙད་དེ་ང་རང་རུ་སྡེ་དེ་ནས་རྒྱང་དུ་བཀྱེད་འགོ་བརྩམས་པ་ནས་བཟུང་། ཕལ་ཆེར་རྒྱུས་མེད་འདྲ་བོ་ཞིག་ལ་འགྱུར་འགོ་ཚུགས། མ་མཐར་ཡང་། ངས་ཕ་ཡུལ་གྱི་སྟོན་ཁ་མ་མཐོང་བར་ལོ་ངོ་བཅུ་གཉིས་ཕྱིན་འདུག
“འཛམ་གླིང་། ངས་ཁྱོད་ལ་བཤད་ཡ། ངེད་གཉིས་ཀྱི་གཉེན་སྟོན་དེ་ཁྱིམ་ཚང་གཉིས་ཀར་མོས་མཐུན་འདུག ད་ཁྱོད་ངའི་ནག་མོ་རེད། ཧ་ཧ”ཟེར་བ་དང་མཉམ་དུ་ང་མར་འཐེན་བྱུང་ལ། ངའི་སྐེད་རགས་ནས་བཀྲོལ་བཞིན་དུ“རྒྱུ་ལོངས་སྤྱོད་ཡོད་ཚད་ང་ལ་དབང་བ་ཡིན་ལ་ཁྱོད་ལ་ཡང་དབང་ཡིན། ཧ་ཧ"ཟེར། ངས་ཤུགས་ཀྱིས་ཁོ་ཕར་འབུད་རྒྱག་བཏང་ཞོར་དུ། “ཁྱོད་ཀྱིས་ང་ལ་ཁྲེལ་མེད་བྱ་མི་འོས། ང་ཁྱོད་ཀྱི་མནའ་མར་ཡོང་མི་སྲིད། ང་དེ་རིང་འདི་རུ་ཡོང་བ་ཡང་ཁྱོད་ལ་ཐ་ཚིག་སྒྲོག་དུ་ཡོང་བ་ཡིན། རྒྱུ་ནོར་ཡོད་པ་ཙམ་གྱིས་གང་བྱས་ཡིན་བསམས་བྱུང་ངམ། ཕེའེ། ལྟས་ངན་ངོ་ཚ་རྒྱུ་མེད་ལེ། ཁྱོད་ཕར་ལ་རྒྱུགས”ཟེར་བ་དང་མཉམ་དུ་རང་དབང་མེད་པར་མིག་ཆུ་ཡང་མཁུར་མགོ་ནས་ཟགས་བྱུང་། ཕོ་གཞོན་དེས་ང་ངུས་པ་མཐོང་ནས།“དམན་ཆུང་བུ་མོའི་མིག་ཆུ་གྲོག་མའི་སྲོག་ཀྱང་མི་འོས། ཕེའེ། ཨུ་ཚུགས་བྱས་པས་ཅི་ཕན། གང་ལྟར། ངས་ཁྱོད་མནའ་མ་ལེན་རྒྱུ་ཡིན། འཛམ་གླིང”ཟེར་བཞིན་རྒྱུགས་ཕྱིན་སོང་། ང་སྔར་བཞིན་ཧར་སད་བྱས་བྱུང་། མིག་གིས་སྔས་འོག་གི་ཁ་པར་འཆར་ངོས་ལ་ལྟ་དུས། ནམ་གུང་ཆུ་ཚོད་བཞི་པ་རེད། མལ་ལས་ལངས་པར་ད་དུང་ཆུ་ཚོད་གཉིས་ལྷག་འདུག འོན་ཀྱང་། ཕར་ཚུར་འགྲེ་ལྡོག་དང་ཨ་ལོག་རྒྱག་པ་ལས་གཉིད་འགྲོ་བའི་ལྟས་ཅི་ཡང་མི་འདུག་པར་འ་ཆད་འུ་ཐུག་སྟེ་ཙོག་ནས་བསྡད་པ་ཡིན། ངས་ཆ་མེད་རྒྱུས་མེད་ཀྱི་རྨི་ལམ་དེ་དག་ལ་མནོ་བསམ་མང་པོ་བྱ་དགོས་ཐུག་བྱུང་།
“དབྱངས་ཅན་ཟེར་བ་ཡང་སྙིང་སུ་ཡིན་ནམ། ངའི་རྨི་ལམ་ནང་དུ་འཛུལ་དགོས་དོན་ཅི། སྡེ་བའི་ནང་གི་རྒས་པོ་འབྲུག་རྒྱས་ཀྱིས་དེ་སྔོན་ང་ལ་མི་ལོ་སུམ་ཅུའི་ཡས་མས་སུ་གཉིད་དང་འཆར་ཡན་དུ་སྐྱེ་བ་སྔོན་མའི་རྣམ་སྨིན་ནམ་བག་ཆགས་འཁོར་སྲིད། དེ་འདྲ་བྱུང་ཚེ། དེ་ནི་ཁྱོད་ཀྱིས་ལན་ཆགས་ཀྱི་བུ་ལོན་མ་སོད་པས་རེད། དེ་བརྟེན། སྐྱེ་བ་འདི་རུ་ངེས་པར་དུ་བཅའ་བ་རིམ་གྲོ་མང་ཙམ་བྱས་ནས་ཕྱི་མའི་འཕྲང་རིམ་ལྷོངས་ཀྱིས་བགྲོད་པར་བརྩོན་ལེན་བྱ་དགོས་བཤད་མྱོང་། ད་བྱས་ན། དབྱངས་ཅན་ནི་ངའི་སྐྱེ་བ་སྔོན་མའི་ལུས་དེ་ཡིན་ནམ། ངས་ལན་ཆགས་ཀྱི་བུ་ལོན་གང་ཞིག་སོད་མེད་དམ།” 《 རྨི་ལམ་བརྐུ་བའི་བར་སྟོང》ཟེར་བའི་གློག་བརྙན་དེའི་ནང་དུ་མི་སྣ་དང་པོ་ཏོ་མོ་ཁི་པོ་ཡིས་རྨི་ལམ་གསར་འཛུགས་བྱ་སྐབས་རྟག་པར་ཁོའི་ཆུང་མས་གཏོར་བརླག་གཏོང་གི་འདུག དོན་དམ་དུ། ཁོའི་ཆུང་མ་འཇིག་རྟེན་དཀར་ངོགས་ནས་བྲལ་ཟིན། འོན་ཀྱང་། རྨི་ལམ་ནང་དུ་ཆུང་མའི་གཟུགས་བརྙན་འཆར་དོན་ནི་ཁོའི་བག་ལ་ཞ་བའི་བློའི(潜意识)ནང་དུ་ཆུང་མ་དྲན་ཀྱི་ཡོད་པས་རེད། དེ་ལྟ་རིགས་འདེད་ཞིག་བྱས་ན། ངའི་བག་ལ་ཞ་བའི་བློའི་ནང་དུ་སྐྱེ་བ་སྔོན་མའི་དབྱངས་ཅན་དང་མོའི་མེ་ཚེའི་བརྒྱུད་རིམ་གསལ་ལ་མ་གསལ་བ་ཞིག་ལུས་ཡོད་པས་ངས་ཀྱང་རང་གི་རྨི་ལམ་དུ་དབྱངས་ཅན་རྨིས་པ་ཡིན་ལས་ཆེ། དེ་ལྟར་རིགས་འདེད་བྱས་པས་ངའི་བློང་བློང་བོར་གྱུར་བའི་སེམས་པ་འདི་ཕལ་ཆེར་ལྷོད་ལ་བབས་ཐུབ་ངེས། ངས་དབྱངས་ཅན་ནི་རང་གི་སྐྱེ་བ་སྔོན་མའི་ལུས་ཡིན་པ་རིགས་འདེད་བྱས།“དེ་སྔོན་ང་ཚོའི་སྡེ་བར་དབྱངས་ཅན་ཟེར་བའི་བུ་མོ་ཞིག་བྱུང་མྱོང་ཡོད་དམ། འོ། ཕོ་གཞོན་དེའི་ཕྱི་ཚུལ་ནི་ང་ལ་གསལ་ཆ་ཅི་ཡང་མི་འདུག་མོད། ཁོས་ལྟག་པར་ཁ་ནས་འཛམ་གླིང་འཛམ་གླིང་ཟེར་བ་མ་ཡིན་ནམ”དེ་འདྲ་བསམས་དུས་ངའི་བློ་ངོར་རྒས་པོ་ཀུན་བཟང་འཆར་བྱུང་ལ་ངའི་མི་ཚེ་དང་ཕལ་ཆེར་སྣོལ་གནས་མེད་པའི་རྒས་པོ་དེའི་ཁ་ནས“འཛམ་གླིང་། ངའི་རྒས་མོའི་ལུས་ཡིན་པ་འཁྲུལ་མེད་རེད། བུ་ཁྱོད་མགྱོགས་པོར་ལོན་ལ་ངེད་ཚང་གི་རྒྱུད་པ་འཛིན་དགོས”ཟེར་བའི་སྣང་བརྙན་དེ་དག་འཆར་བྱུང་། དུས་དེ་དང་མཉམ་དུ་ཉལ་ཁང་གི་གློག་སྤར་བྱུང་བས་ངས་ཉི་མ་ཞིག་གི་དབུ་ཁྱུད་འབྲི་བའི་མགོ་བརྩམས་པ་ཡིན།
༼༣༽
དུས་ཚོད་ཟེར་བའི་གཟུགས་མེད་ཀྱི་གཏུམ་ལྡན་དེས་ང་རང་ཚོ་སྡོད་ལོངས་ཁོམ་ལོངས་མེད་པར་དགུན་གྱི་ནམ་ཟླར་བསྐྱལ། དེ་ནི“འདུས་བྱས་ཐམས་ཅད་མི་རྟག་པའོ”ཟེར་བའི་གཟུགས་མེད་ཀྱི་གནས་ལུགས་དེ་གཟུགས་ཅན་དུ་སྤྲུལ་བའི་སྣང་བརྙན་གསོན་པོ་ཞིག་ཡིན་ཏེ། འཇིག་རྟེན་ཆགས་པའི་ཐ་མ་འཇིག་པ་དང་དབུགས་ཅན་གསོན་པའི་ཐ་མ་ཤི་བའི་གནས་ལུགས་དག་རང་བྱུང་ཁམས་ཀྱི་འགྱུར་བ་ལས་ངང་ངམ་ཤུགས་ཀྱིས་རྟོགས་ནུས།
ད་ལོ་བརྩིས་ན། རྒས་པོ་ཀུན་བཟང་འཇིག་རྟེན་དང་ཁ་བྲལ་ནས་ལོ་ཡི་འཁོར་མོ་བཅུ་འདས་ཟིན། ལོ་ངོ་བཅུ་པོ་འདིའི་ནང་མི་རྟག་པའི་རྔ་བོ་གངས་ལྗོངས་ས་མཐོར་ཆགས་པའི་རི་གྲོང་འདི་རུ་ཡང་ཡང་བརྡུངས་ཤིང་། སྒག་ཟྭ་ལྟ་བུ་ཞིག་གིས་འགོག་མ་ནུས་པའི་ལས་ཀྱི་མཐུ་དང་ནུས་པས་ས་གཞི་འདི་དང་འདིའི་ཐོག་ཏུ་ཆགས་པའི་མི་རྣམས་ཀྱི་གདོང་པ་སྔར་ནས་བསྒྱུར་ཟིན། ཁང་པ་བརྡིབས་པའི་དོན་རྐྱེན་འདི་བྱུང་མེད་ན། མི་རྣམས་ཀྱིས་རྒས་པོ་ཀུན་བཟང་ཧ་ལམ་བརྗེད་ལ་ཡོད་ལས་ཆེ། ཉི་མཚན་རྒྱུན་མ་ཆད་པའི་ཆར་བས་ཁང་རྙིང་འདི་ཐོག་བརྡབས་པས་ན། ད་གཟོད། གཞི་ནས་བརྡུངས་བའི་སྒོ་གླེགས་ཤིག་དང་འདྲ་བར་མི་རྣམས་ཀྱི་བསམ་པའི་ལྡེབས་རིས་ངོས་སུ་རྒས་པོ་ཀུན་བཟང་འཆར་ཡོང་ཞིང་ཁ་ནས་ཡང་ནས་ཡང་དུ་མི་རྟག་པའོ་ཞེས་པའི་ཚིག་དེ་ཐོན་སྲིད།
ས་སྲོད་ཀྱི་ཕ་ཡུལ་དུ་ཁ་བ་སིམ་སིམ་ཞིག་བབས། རྩྭ་རའི་ཐང་དུ་ཆགས་པའི་རྒས་པོ་ཀུན་བཟང་གི་དིབས་ཟིན་པའི་ཁང་པ་དེ་ཁ་བའི་ཁྲོད་དུ་ཁེར་རྐྱང་གི་ཚུགས་ཀ་ཞིག་མངོན་ཡོང་། གྲོང་ཚོའི་ལམ་གྱི་སུམ་མདོར་ཕོ་སར་ཁ་ཤས་ཤིག་འདུས་ཤིང་། དུས་དང་དུས་སུ་དེ་དག་གི་དགོད་སྒྲ་རླུང་གིས་ཁྱེར་ནས་ངའི་རྣ་བའི་བུ་གར་འཚང་ཡོང་། “དོ་དགོང་ཏོག་ཙམ་མི་བདེ་བས། ང་སྔོན་ལ་ཉལ་དགོས”ངས་ཁྱིམ་མི་རྣམས་ལ་དེ་ལྟར་བཤད་ནས་རང་གི་ཁང་མིག་དུ་འཛུལ།
“ཨ་མའི་བུ་མོ། སེམས་པ་སྐྱོ་སྐྱོ་མ་བྱེད། མ་བུ་མོ་འགྲོ་ས་གནས་རེད། དེ་ནི་བཟློག་ཏུ་མེད་པའི་ལས་རེད། ཡང་སྒོས་སུ་ཁྱོད་འགྲོ་ས་རྒྱུ་འབྱོར་བ་ཀླུ་ལ་འགྲན་པའི་ཁྱིམ་ཞིག་ཡིན་པས། རང་ཙམ་མ་ཡིན་པར་ངེད་རྒན་འཁོགས་གཉིས་ལ་ཡང་ཕན་ཡོད། ད་ནི། སེམས་པ་མ་སྐྱོ”“ཨ་མ། ང་ཁོང་ཚང་གི་མནའ་མར་ཕྱིན་ན་འཆི་བ་བརྒྱ་ལས་སྡུག་པ་འདུག དེ་ལས་ང་འཆི་རྒྱུ”“ཨ་མའི་བུ་མོ། ད་དེ་འདྲ་མ་ཟེར། བག་མ་བསུ་བའི་རྟ་ཁྱུ་བསླེབས་ཟིན། ད་སོང་། ཁ་ཕྱིར་ལ་འཁོར་མི་ཉན།”བསིལ་རླུང་ཞིག་བདག་གི་གོམ་པའི་འདེགས་འཇོག་དང་བསྟུན་ནས་མདོ་དབུས་མཐོ་སྒང་གི་ལུང་པ་འདི་རུ་ལྡང་ཡོང་། གཡུ་ཡི་ཕྲེང་བ་བརྒྱུས་པའི་སྐྲ་ཡི་ལན་བུ་འོད་ཁྱུག་སེར་ཡོད་ཀྱང་། བདག་གི་མགོ་བོ་འགྱོག་པའི་ནུས་པ་ཉམས། ང་ལ་ཐད་ཀར་གྱི་ཚོར་བ་ཞིག་འདུག་སྟེ། ད་ཐེངས་ཕ་ཡུལ་ཕ་མ་དང་བྲལ་བ་འདིའི་བར་ཐག་ནི་མི་ཚེ་གཅིག་གིས་ཆོད་འདུག ཕ་ཡུལ་ཟེར་བའི་རླབས་ཆེ་བའི་སྐྱེད་མ་འདིས་ངའི་ལུས་ཕུང་སྐྱེས་ཤིང་བསྐྱེད་ཀྱང་། མཐའ་མཇུག་ལ་བདག་གི་ལུས་ཕུང་ཉག་ཕྲ་བ་འདི་ཤོང་སའི་ས་ཞིག་མ་རྙེད། གྱེས་བྲལ་འདི་ཡི་མིང་ལ་མི་ཚོས“མ་བུ་མོ་འགྲོ་ས་གནས་རེད”ཟེར་བཞིན་སྡོམ་ཚིག་འཇོག་པར་བྱེད། གང་ལྟར། ཕྱི་དྲོ་དེར་ང་རང་ཁོང་ཚང་ལ་བསླེབས། ངས་ཁོའི་གདོང་ལ་འཛུམ་མདངས་ཀྱིས་འཕྱུངས་ཤིང་། ངག་ནས“འཛམ་གླིང་། བུ་མོ་གསེར་འདྲ་བ་འདི། ཧ་ཧ་ཧ" ཟེར་བཞིན་པ་ཐོས་ཤིང་། སེམས་ནས་ཁོང་དགོད་ཅིག་ཀྱང་ཤོར་སོང་།
ཁ་བ་སིམ་སིམ་འབབ་བཞིན་པའི་ས་སྲོད་དེར། ང་རང་སྡུག་གིས་མ་བཟོད་པར་གྲོང་ཚོའི་སྟོད་ཕྱོགས་སུ་འཐེན་ནས་ཡོད་པའི་ལམ་ཕྲན་དེ་དེད་ནས་ཕྱིན། ལམ་དེའི་སྣེ་མོ་ནི་གཉན་ལུང་མདོ་ཟེར་བའི་གཡང་གཟར་ཞིག་ལ་ཐུག་ཡོད།
ཕྱི་ཉིན་གྱི་སྐྱ་རེངས་མ་ཤར་གོང་ཀུན་བཟང་གིས་ངའི་བེམ་རོ་གཉན་ལུང་མདོ་ནས་པང་ལ་བཏབ་ནས་ཁྱེར་ཡོང་ཞིང་ནང་ལ་བསླེབས་དུས།“དོན་དེ་ཕྱི་ལ་གྱར་མི་རུང་། མོ་ཡུལ་ལྷ་གཞི་བདག་དང་མ་འཕྲོད་པས་ཚེ་ལས་འདས་པ་རེད་ཟེར་དགོས”ཟེར་བཞིན་མིག་ཆུ་མཁུར་མགོ་ནས་ཟགས་སོང་།
༼༤༽
ལོ་མང་པོ་ཕྱིན་པའི་ཉིན་དེར། ང་རང་ཕ་ཡུལ་གྱི་ས་སྒང་དུ་ཐོ་ཡོ་སེར་འགྲེང་ནས་བསྡད། དཔྱིད་ཀྱི་བསིལ་རླུང་གྲོང་ཚོའི་ཤར་ཕྱོགས་ནས་ལྡང་ཡོང་ཞིང་བུ་བཅོལ་ཁང་གི་ཕྲུ་གུ་དག་གི་དགོད་སྒྲ་དང་བསྡོངས་ནས་རི་གྲོང་གི་ཕུ་མདར་ཁྱབ། ཡུད་ཙམ་ནས་ཕྲུ་གུ་ཞིག་གིས་ལག་ལ་ཅ་ལག་ཅིག་ཁྱེར་ནས་དགེ་རྒན་བུ་མོ་དེའི་འཁྲིས་སུ་རྒྱུགས་ཕྱིན་ནས“རྒན་ལགས། འདི་ཅི་རེད”ཅེས་དྲིས། དགེ་རྒན་དེས“ག་ནས་བརྙེད་བྱུང་། འདི་གཡུ་རེད"ཟེར་བཞིན་གྲོང་ཚོའི་མ་ཎི་ཁང་གི་ཕྱོགས་སུ་རྒྱུགས་ཕྱིན། ཡུད་ཙམ་ནས་མི་མང་པོ་ཞིག་དེ་རུ་འཚོགས་འདུག་པས་ང་ཡང་མཚར་སྣང་དང་བཅས་ཏེ་དེ་རུ་ཕྱིན་པས། རྒས་པོ་འབྲུག་རྒྱས་ཀྱིས་རྣམ་ཀུན་དང་འདྲ་བར་གཉེར་མདུད་ཟབ་མོ་ཞིག་བརྒྱབ་པའི་མོད་ལ་ངག་ནས“ཨོཾམཎིཔདྨེཧཱུྃ། དབྱངས་ཅན་གྱི་གཡུ”ཞེས་ཚིག་ཐག་ཆོད་པོས་བཤད། དུས་དེར། ང་ནི་མི་ཚོགས་དང་གྱེས་ཏེ། དམིགས་ཡུལ་ངེས་པ་མེད་པར་གྲོང་ཚོའི་ཤར་ཕྱོགས་སུ་རྒྱུགས་ཕྱིན། སྐབས་དེ་དུས། མིག་ཆུ་རྡོག་གཅིག་བདག་གི་མཁུར་མགོ་ནས་ཟགས་ཡོང་ཞིང་བསིལ་རླུང་གིས་བདག་གི་རྒྱབ་ཕྱོགས་སུ་ཁུར་ཕྱིན།
ལོ་དེར། རྒས་པོ་ཀུན་བཟང་དང་འབྲེལ་བའི་གཏམ་སླར་ཡང་རི་གྲོང་འདི་རུ་ཁྱབ་ནས་བྱུང་།