གཅིག
དགོང་གའི་ཉི་མ་ནི་ཉིན་གཅིག་གི་ལས་དོན་ཐམས་ཅད་ཡོངས་སུ་ཚར་བ་ལྟར་དཀའ་སྣང་དང་ངལ་དུབ་ཆེན་པོས་ནུབ་རིའི་ཕག་ཏུ་ཡལ་སོང་། ཕག་མོ་སྐྱིད་ཀྱིས་ཀྱང་སྦྲ་ཁྱིམ་ཕྱི་ནང་གི་ལས་ཀ་ཡོད་ཚད་ཚགས་སུ་ཆུད་པ་བྱས་ཏེ་ཁྱིམ་དུ་སླེབས། ཡིན་ནའང་། གློ་རྡེག་ཏུ་ཡིད་ལ་ཅི་ཞག་དྲན་པ་ལྟར་སྦྲ་སྒོར་ཐོན་ཅིང་ཁོང་ཚང་དང་ཐག་མི་རིང་བའི་དེའུ་འབུར་ཆུང་ཆུང་དེའི་སྒང་ལ་བུད་དེ་རྒྱང་རིང་གི་གནམ་ས་འདྲེས་མཚམས་ལ་མིག་ཟུང་ཅེར་ནས་ཡུན་རིང་འགོར། འོན་ཀྱང་། རྒྱང་རིང་གི་གནམ་ས་གཉིས་ནི་རིམ་གྱིས་སྨག་ནག་གིས་ཡོངས་སུ་བཏུམས་ཏེ་ཅི་ཡང་མི་མཐོང་བར་གྱུར་ཅིང་། ཁྱིམ་མཚེས་གཡས་གཡོན་གྱི་སྦྲ་གུར་དག་ཀྱང་རབ་རིབ་དང་མག་མོག་ཙམ་ལས་མཐོང་ཐབས་བྲལ།
ད་རུང་ཕྱིར་མི་ལོག་དོན་ཅི་ཡིན་ནམ། ལམ་བར་ནས་དོན་རྐྱེན་ངན་པ་རེ་འབྱུང་སྲིད་དམ། དཀོན་མཆོག་གསུམ་གྱིས་ཐུགས་རྗེས་གཟིགས།
ཕག་མོ་སྐྱིད་ཀྱིས་ཡར་མར་ཀུན་ལ་སྟོང་འདང་བརྒྱབ་སྟེ་ཡུན་རིང་ལུས་པས། ད་ནི་ས་གཞི་འདིའི་རི་ལུང་ཐང་གསུམ་སྨག་ནག་གིས་ཁྱུར་མིད་དུ་བཏང་སྟེ་ཅི་ཡང་མི་མཐོང་བ་དང་། ཐ་ན་ཕྱིར་སྦྲ་ཁྱིམ་དུ་ལོག་སའི་ལམ་ཆུང་དེའང་རྩ་བ་ནས་རྙེད་ཐབས་མི་འདུག འོན་ཀྱང་། སྦྲ་ཁྱིམ་ནང་གི་གློག་འོད་མག་མོག་དང་མེ་འོད་གསལ་ལ་མི་གསལ་བ་དེར་དམིགས་པ་གཏད་དེ་མདུན་དུ་ཕྱིན་ན་ཅིས་ཀྱང་བདེ་འཚམ་ངང་ཁྱིམ་ལ་སླེབས་སྲིད།
ཕག་མོ་སྐྱིད་སེམས་ཁྲལ་དང་བཅས་ཏེ་ཕྱིར་སྦྲ་ཁྱིམ་དུ་ལོག
གཉིས།
ཕྱི་རོལ་དུ་རླུང་བུ་ལྡང་བྱུང་། ཤུ་སྒྲ་དང་བཅས་ཏེ་རླུང་བུ་ལྡང་བྱུང་།
ཕྱི་རོལ་དུ་རླུང་བུ་ཤེད་ཀྱིས་ལྡང་བས། ཕག་མོ་སྐྱིད་ཚང་གི་སྦྲ་ཁྱིམ་གྲུ་བཞི་ནི་རྒྱ་མཚོ་ཆེན་པོའི་རྦ་རླབས་བཞིན་ཕར་ཚུར་གཡོ་ཞིང་འགུལ།
ཕྱི་རོལ་དུ་རླུང་བུ་ཤེད་ཀྱིས་ལྡང་བས། ཕག་མོ་སྐྱིད་ཚང་གི་སྦྲ་མཐའ་རླུང་གིས་བཀྱགས་ཤིང་རླུང་བུ་ནང་དུ་ལྡང་བྱུང་བས། ཁྱིམ་ཕུགས་ཀྱི་མཆོད་སྟེགས་སུ་བསྒྲོན་པའི་མར་མེ་རྐང་གཅིག་དེའང་གཟིམ་པར་བྱས།
ལྟས་ངན་པ། ཅི་འདྲའི་རླུང་འཚུབ་ཆེན་པོ་ཞིག
“རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ། ། འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་ཏུ་གསོལ། །”ཕག་མོ་སྐྱིད་ཀྱི་སེམས་པ་བློང་བློང་བོར་གྱུར་ཅིང་ཅི་ཡིན་འདི་ཡིན་མེད་པར་ཁ་དོན་བཟློ་མགོ་བརྩམས།
ཡུན་རིང་མ་འགོར་བར། རླུང་འཚུབ་རྒོད་པོ་དེ་རིམ་གྱིས་འཇགས་སོང་ཡང་། གློ་བུར་དུ་ཆར་བ་ཤག་ཤག་ཏུ་བབ་པས། ཕག་མོ་སྐྱིད་ལ་སྔར་ལས་དངངས་འཚབ་ཅིག་སྐྱེས་ཤིང་། སྒོ་རྩར་ཕྱིན་ཏེ་སྦྲ་སྒོའི་གསེང་ནས་ཕྱི་རོལ་དུ་མིག་ཟུང་བགྲད་ཀྱང་ཆར་བའི་ཤག་སྒྲ་ཇེ་ཆེར་སོང་བ་ལས་ཅི་ཡང་མཐོང་མི་ཐུབ།
“བླ་མ་ལ་སྐྱབས་སུ་མཆིའོ། ། སངས་རྒྱས་ལ་སྐྱབས་སུ་མཆིའོ། ། ཆོས་ལ་སྐྱབས་སོ་མཆིའོ། ། དགེ་འདུན་ལ་སྐྱབས་སུ་མཆིའོ། །”ཕག་མོ་སྐྱིད་ཀྱིས་སྐྱབས་འགྲོ་ཟློ་བཞིན་ད་ཅི་རླུང་འཚུབ་ཀྱིས་གཟིམ་པར་བྱས་པའི་མར་མེ་དེར་སླར་ཡང་མེ་བསྒྲོན་དགོས་སྙམ་སྟེ་མཆོད་སྟེགས་ཀྱི་འགྲམ་དུ་ཕྱིན་མོད། འོན་ཀྱང་། འབར་ཞུན་སྒམ་ཆུང་དུ་མེ་ཐུར་རྐང་གཅིག་ཀྱང་མི་འདུག་པས། མོས་ཤིང་ཐུར་ཕྲ་མ་ཞིག་ལ་ཐབ་ཁུང་ནས་མེ་བསྒོས་ཏེ་བསྒྲོན་ན་ཆོག་སྙམ་ཡང་། ཏག་ཏག་སྐབས་དེར་ཐིགས་ཆུ་ཐིགས་པ་འགའ་མཆོད་རྐོང་དུ་ཟགས་ཏེ་སྡོང་རྐང་ཡང་རློན་པར་གྱུར་བས། ཕག་མོ་སྐྱིད་ནི་བློ་ཐབས་ཡོངས་སུ་ཟད་སོང་།
ཆར་པའང་རིམ་གྱིས་འཇགས་སོང་།
རླུང་དང་ཆར་པ་ཐོལ་གྱིས་བྱུང་ཞིང་རིམ་གྱིས་འཇགས་པར་གྱུར་བའི་སྣང་ཚུལ་འདིས། ཕག་མོ་སྐྱིད་ལ་དོན་རྐྱེན་ཅི་ཞིག་མི་འབྱུང་ངམ་སྙམ་པའི་རྣམ་རྟོག་ངན་པ་སྐྱེས་པས། མོས་ལག་ཟུང་ཐལ་མོ་སྦྱར་ཏེ“བླ་མ་དཀོན་མཆོག་གསུམ་གྱིས་ཐུགས་རྗེས་གཟིགས། རྐྱེན་ངན་པའི་བར་ཆད་ཐམས་ཅད་བཟློག་པར་གྱུར་ཅིག”ཅེས་གསོལ་བ་ཕུར་ཚུགས་སུ་བཏབ།
གསུམ།
“ཕྱི་རོལ་གྱི་ཆར་བ་འཇགས་པས། ད་ནི་ཅིས་ཀྱང་མགྱོགས་མྱུར་ངང་སླེབས་ཡོང་ངེས་རེད།”ཕག་མོ་སྐྱིད་ཀྱིས་དེ་ལྟར་རང་ཉིད་ལ་སེམས་གསོ་བྱེད་ཞོར་ནུབ་འཚལ་སྐོལ་བར་གྲ་སྒྲིག་བྱས།
ཕག་མོ་སྐྱིད་ཀྱིས་ཟོག་ཤ་མང་ཙམ་གཏུབ་སྟེ་ཐུག་པ་ཞིམ་ཐག་ཆོད་པ་ཞིག་བསྐོལ་ཅིང་། སེམས་ལ“དོ་དགོང་། ཕྱི་རོལ་གྱི་གནམ་གཤིས་ཤིན་ཏུ་སྡུག་པས། བསོད་ནམས་སྐྱབས་ཧ་ཅང་འཁྱག་ཡོད་ངེས། དེ་བས་ཚ་དྲོད་དྲོད་ཀྱི་ཐུག་པ་ལས་དགའ་ཞིག་ཡོད་མི་སྲིད”སྙམ་བཞིན་རེ་སྒུག་དང་བཅས་ཏེ་ལས་བྲེལ་བྱས།
བསོད་ནམས་སྐྱབས་ནི་བུ་ཆུང་རྫོང་ཐོག་ཏུ་སློབ་གྲྭར་སྐྱེལ་བར་ཕྱིན་པ་ཡིན་ལ། དེ་རིང་ནི་ཕྱིར་ལོག་པའི་ཉིན་མོར་ཁེལ་ཡོད། ཕག་མོ་སྐྱིད་ཀྱིས་ཡང་དང་བསྐྱར་ཏུ་མཛུབ་མོ་དང་མཛུབ་མོ་བགྲངས་ནས་ཐེངས་འགར་བརྩིས་པས། དེ་རིང་ཕྱིར་ལོག་པའི་ཉིན་མོ་ཡིན་པ་རྩ་བ་ནས་ནོར་མི་སྲིད།
ཐབ་ཐོག་གི་ཐུག་པ་ལྷོག་ལྷོག་ཏུ་གདུས་ནས་ཡུན་རིང་འགོར་ཡང། བསོད་ནམས་སྐྱབས་ཀྱི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མ་བྱུང་བས། ཕག་མོ་སྐྱིད་ལའང་ཟས་ཀྱི་ཡི་ག་འགག་པར་གྱུར་ཅིང་། སྔར་བཞིན་ཕྱི་རོལ་དུ་རྣ་བ་བླགས་ནས་བསོད་ནམས་སྐྱབས་ཀྱི་ལོག་ཕེབས་ལ་རེ་ཞིང་སྒུག
གཅིག་བྱས་ན། དེ་རིང་ཕྱིར་མ་ལོག་པ་ཡིན་ནའང་ཐང་།
འོན་ཀྱང་། ཕར་འགྲོ་ཁར‘དེ་རིང་ཐོན་ཐག་ཆོད་ཡིན’ཞེས་བཤད་པ་མིན་ནམ།
ཅུང་ཙམ་སྒུག་དང་། མགྱོགས་མྱུར་སླེབས་ཡོང་ངེས་རེད།
མཚན་གུང་གི་ཆུ་ཚོད་བཅུ་གཉིས་པར་སླེབས་ལ་ཉེ་དུས། ཕག་མོ་སྐྱིད་ཚང་གི་ཉི་གློག་དེའང་གཉིད་ཀྱིས་དུབ་པ་ལྟར་མག་མོག་ཏུ་གྱུར་སོང་བས། ད་ནི་ཕག་མོ་སྐྱིད་ཀྱང་མི་ཉལ་ཐབས་མེད་བྱུང་།
བཞི།
ཕག་མོ་སྐྱིད་མལ་སའི་ནང་ཀན་རྐྱལ་དུ་ལོག་ནས་མིག་ཟུང་ཤེད་ཀྱིས་བཙུམས་ཀྱང་། ཁོ་མོའི་དྲན་པའི་རྩིག་ལྡེབས་ཀྱི་ངོས་སུ་བསོད་ནམས་སྐྱབས་ཀྱི་སྣང་བརྙན་འབའ་ཞིག་ཤར་ཏེ་རྩ་བ་ནས་གཉིད་མ་ཁུག
ལམ་བར་ནས་དོན་རྐྱེན་རེ་བྱུང་བ་ཡིན་ནམ།
ག་ཤེད་ཅིག་ནས་ལྷུང་སོང་བ་ཡིན་ནམ།
ཅི་ཡང་ཡིན་མི་སྲིད་། སང་ཉིན་བདེ་འཚམ་ངང་ཐོན་ཡོང་ངེས།
ཕག་མོ་སྐྱིད་ཀྱི་སྣང་ངོར་སླར་ཡང་བཀྲ་མི་ཤིས་པའི་དོན་དག་འདྲ་མིན་ཤར་བ་དང་དེ་ལས་ཀྱང་འཇིགས་སྐྲག་དང་དངངས་འཚབ་སྣ་ཚོགས་སྐྱེས་ཀྱང་། ལྷ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས་ཞོར་ཡང་བསྐྱར་རང་ཉིད་ལ་སེམས་གསོ་ལྟ་བུའི་ཁེར་བཤད་རེ་བྱས་ཏེ་འདུག་པ་ལས་བློ་ཐབས་ཅི་ཡང་མེད་པས། སྔར་བཞིན་གཉིད་ཀྱི་བདེ་བ་ལ་རོལ་ཐབས་མ་བྱུང་།
བར་སྐབས་ཤིག་ལ། ཕག་མོ་སྐྱིད་ཀྱི་དྲན་ངོགས་སུ་ཁོ་མོ་དང་བསོད་ནམས་སྐྱབས་གཉིས་ཆེས་ཐོག་མར་ཐུག་འཕྲད་བྱུང་ཚུལ་དེ་གློག་བརྙན་ཇི་བཞིན་གསལ་པོར་ཤར་བྱུང་སྟེ། ཉིན་དེར། ལུང་པ་འདིའི་ཕུ་མདའ་གཉིས་ཀྱི་སྡེ་མི་ཐམས་ཅད་ལུང་མདོའི་ཆོས་ཚོགས་ཐང་དུ་འཛོམས་ཏེ། ཨ་ལགས་རིན་པོ་ཆེས་ཉིན་བརྒྱད་རིང་གི་ཆོས་ཚོགས་ཀྱི་འགོ་བརྩམས་པ་རེད། ཉིན་གུང་གི་ངལ་གསོའི་སྐབས་སུ། ཕག་མོ་སྐྱིད་དང་མོའི་གྲོགས་མོ་གཉིས་ཆོས་ཚོགས་ར་བའི་སྒོར་བུད་ཅིང་ཆུའི་ཕ་རོལ་དུ་ཡོད་པའི་ཚོང་ཁང་གི་ཕྱོགས་སུ་ཅི་ཞིག་ཉོ་བར་འགྲོ་སྐབས། བསོད་ནམས་སྐྱབས་སོགས་ཕོ་གསར་འགའ་ཡང་ཁོང་གཉིས་ཀྱི་རྗེས་བཞིན་འབྲངས་ཏེ་སྒོར་ཐོན་པས། ཁོ་ཚོ་ལྷན་ཅིག་ཚོང་ཁང་དུ་ཕྱིན་ནས་ཙག་ཙིག་ཉོ་བ་དང་ཁ་བརྡ་བཤད་པ་སོགས་བརྒྱུད་ནས་ཕན་ཚུན་ངོ་ཤེས་སུ་ཆགས་པ་དང་། ཁྱད་པར་དུ་བསོད་ནམས་སྐྱབས་ཀྱི་གནག་ཅིང་རིང་བའི་སྐྲ་ལོ་དང་འཛུམ་མདངས་ཤིག་གེར་ངོམ་པའི་ཞལ་རས། ཅི་ཞིག་བཤད་མི་ཡོང་ངམ་སྙམ་བྱེད་ཀྱི་མིག་ཟུང་། ཡི་གར་འོང་བའི་སྐད་ཆ་བཤད་སྟངས་སོགས་ཀྱིས་ཕག་མོ་སྐྱིད་ཀྱི་ཡིད་སེམས་རབ་ཏུ་བསླུས་པས། ཁོ་མོའི་སེམས་སུ་མ་འོངས་པའི་རང་གི་མི་ཚེའི་སྐྱ་ཡ་ནི་བསོད་ནམས་སྐྱབས་ལྟ་བུའི་སྐྱེས་པ་ཞིག་ཡིན་ན་ཅི་མ་རུང་སྙམ།
དེ་ལྟར། ཕག་མོ་སྐྱིད་ཀྱིས་བསོད་ནམས་སྐྱབས་ཐོག་མར་ངོ་ཤེས་པ་ནས་ད་ལྟའི་བར་གྱི་སྐྱིད་ལ་སྡུག་པའི་ལོ་ཟླ་རིང་མོར་ཕྱིར་དྲན་ཐེངས་གཅིག་བྱས།
ལྔ།
ཕག་མོ་སྐྱིད་ཕྱིར་དྲན་གྱི་ཀློང་དུ་ཞུགས་ཏེ་ནམ་གུང་གི་ཆུ་ཚོད་གསུམ་པ་ཙམ་ལ་སླེབས་པ་ན་གཞི་ནས་གཉིད་ཟ་ཟི་ཞིག་བབས། གཉིད་དུ་ཡུར་བ་དང་མཉམ་དུ་ད་ཅིའི་ཕྱིར་དྲན་ཁྲོད་ཀྱི་བསོད་ནམས་སྐྱབས་ཀྱི་ངོ་གདོང་དང་སྣང་བརྙན་མཐའ་དག་རྨི་ལམ་དུ་གསོན་ཉམས་ལྡན་པའི་ངང་ནས་འཁོར་བྱུང་།
ཕག་མོ་སྐྱིད་རྨི་ལམ་གྱི་ཞིང་ཁམས་སུ་ཕྱིན་ནས་དུས་ཡུན་རིང་པོ་ཞིག་འགོར་མེད། བར་སྐབས་ཤིག་ལ་ཁོང་ཚང་དང་ཐག་མི་རིང་བའི་ས་ནས་འཕྲུལ་རྟ་འགའ་ཚུར་ཡོང་བའི་སྒྲ་གྲག་པ་དང་། ཡུད་ཙམ་གྱི་རྗེས་སུ་སྐྱེས་པ་འགའ་ཁོང་ཚང་གི་སྒོ་ཁ་ནས་བབས་བྱུང་། སྐབས་དེར་ཕག་མོ་སྐྱིད་ཀྱང་གཉིད་ལས་ཡོངས་སུ་སད་པས་ཅི་ཞིག་ཡིན་ནམ་སྙམ་བཞིན་འཇིགས་དངངས་དང་བཅས་ཏེ་ཡར་ལངས་གྲབས་བྱེད་དུས། སྐྱེས་པ་ཞིག་སྦྲ་ཁྱིམ་ནང་དུ་འཛུལ་ཡོང་སྟེ“ཕག་མོ་སྐྱིད། ཕག་མོ་སྐྱིད། མགྱོགས་མྱུར་ཡར་ལོངས་དང་། མ་འགྲིག་ཐལ”ཞེས་བཤད་བྱུང་།
སྐད་ཅིག་མ་དེར། ཕག་མོ་སྐྱིད་ལ་གནམ་ལྕགས་ཐོག་གིས་བརྒྱབ་པ་ལྟར་ཁ་མལ་དེ་ནས་དྲན་མེད་དུ་བརྒྱལ་སོང་། །